Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Saturday, July 24, 2010

རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད།

ཀླུ་སྨྱོན།

སྲོང་བཙན་སྒམ་པོའི་མནའ་མ་རྒྱ་མོ་རེད། །
ཁྲི་སྲོང་ལྡེའུ་བཙན་ཨ་མ་རྒྱ་མོ་རེད། །
རྒྱལ་ལོ་དོན་གྲུབ་དགའ་མ་རྒྱ་མོ་རེད། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

དང་པོར་བོད་འདི་རྒྱ་ཡི་ཁྱིམ་མཚེས་རེད། །
བར་དུ་བོད་འདི་རྒྱ་ཡི་ཁ་ཟས་རེད། །
ད་ལྟ་བོད་འདི་རྒྱ་ཡི་ཟུངས་ཁྲག་རེད། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

བླ་མར་ཧྥ་ཝང་ཆེ་བསྟོད་རྒྱ་མིས་ཕུལ། །
དཔོན་པོར་ཏ་ཝང་གོ་ས་རྒྱ་མིས་སྤྲད། །
འབངས་མིར་རྡ་ཡང་ཆར་པ་རྒྱ་མིས་ཕབས། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

སྤྱི་ཚོགས་རྙིང་བའི་མུན་པ་རྒྱ་མིས་བསལ། །
བྲན་གཡོག་ལམ་ལུགས་རྩ་མེད་རྒྱ་མིས་བཟོས། །
བཀས་བཀོད་རྒྱུན་འཛིན་མཇུག་མ་རྒྱ་མིས་བྲེགས། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

སྐུ་དྲག་རྒྱང་འཕུད་གཏོང་མཁན་རྒྱ་མི་རེད། །
ཚེ་གཡོག་དཔོན་དུ་བསྐོ་མཁན་རྒྱ་མི་རེད། །
བུ་ལོན་ཐོ་ཡིག་སྲེག་མཁན་རྒྱ་མི་རེད། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

སློབ་གྲྭ་མེད་སར་སློབ་གྲྭ་རྒྱ་མིས་བརྒྱབ། །
ལམ་ཁ་མེད་སར་ལམ་ཁ་རྒྱ་མིས་བཟོས། །
ཁ་པར་མེད་སར་ཁ་པར་རྒྱ་མིས་འཐེན། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

རྒྱ་སེམས་བོད་ཀྱི་ཆོས་ལ་ཇེ་དད་རེད། །
བོད་བླ་རྒྱ་མིའི་ཡུལ་དུ་ཇེ་མང་རེད། །
རྒྱ་བོད་ཟ་ཁང་ནང་ནས་ཇེ་མཐུན་རེད། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

ཨ་ཅེ་རྒྱ་མོའི་རྣམ་པ་ཇེ་མཛེས་རེད། །
བོད་པའི་གསར་བུའི་འདོད་ཆགས་ཇེ་ཆེ་རེད། །
བྱིས་པའི་ཁ་ནས་བོད་སྐད་ཇེ་ཉུང་རེད། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

རྒྱ་མིའི་དཔལ་འབྱོར་ལོ་རེར་ཇེ་ཕྱུག་རེད། །
བོད་པའི་འགྲོ་སྒོ་ལོ་རེར་ཇེ་ཆེ་རེད། །
རྟགས་དང་རྟེན་འབྲེལ་ལོ་རེར་ཇེ་འགྲིགས་རེད། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

ལྷ་སར་རང་བཙན་རྩོད་མཁན་ཁྲིམས་འགལ་རེད། །
རྡ་སར་རང་བཙན་རྗོད་མཁན་སྒྲིག་འགལ་རེད། །
བར་མ་བར་ནས་རང་བཙན་རུལ་བ་རེད། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

ཞྭ་དམར་ཞྭ་ནག་ཟེར་ཡང་རྒྱ་ཞྭ་རེད། །
མོ་མོ་ཆོ་མེན་ཟེར་ཡང་རྒྱ་ཟས་རེད། །
རྒྱ་འདི་དེང་སང་འཛམ་གླིང་སྐྲག་ས་རེད། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

ལུས་ཀྱི་གྱོན་ཆས་ཡོད་ཚད་རྒྱ་ཡིས་བཟོས། །
ལག་གི་ཁ་པར་ཡོད་ཚད་རྒྱ་ཡིས་བཟོས། །
ནང་གི་ཁྱིམ་ཆས་ཡོད་ཚད་རྒྱ་ཡིས་བཟོས། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

རྒྱ་ཡི་ཆབ་སྲིད་ཁ་བྲལ་ངོ་རྒོལ་རེད། །
བོད་ཀྱི་ལང་ཕྱོགས་རང་གཞན་གཉིས་ཕན་རེད། །
གཉིས་ཀའི་དམིགས་ཡུལ་ཕལ་ཆེར་གཅིག་པ་རེད། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

རྒྱ་བོད་མཐུན་སྒྲིལ་རྒྱ་མིའི་སྲིད་བྱུས་རེད། །
རྒྱ་བོད་མཉམ་གནས་རྒྱལ་བའི་དགོངས་གཞི་རེད། །
རྒྱ་བོད་སྤུན་ཟླ་གཉིས་ཀའི་རེ་འདུན་རེད། །
རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་བྱེད། །

ཚིག་བཅད་འདི་དག་ནི་རྒྱ་ བོད་མཉམ་གནས་ལམ་དབུ་མར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཙམ་ཞིག་ཡིན་པས། ཐུགས་ཟུར་སྤྱན་ཟུར་ལ་ཕོག་པ་རེ་ཡོད་ན་བཙན་བྱོལ་སྒྲིག་འཛུག་གི་ལམ་དབུ་མའི་ སྲིད་བྱུས་ལ་མུ་མཐུད་དེ་སློབ་སྦྱོང་བྱོས།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com