Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Sunday, November 20, 2011

༄༅། །ཐ་སྙད་གསར་པ།

ཅོ་རི་ཉི་མ། སུད་སི།
བོད་ཁ་བ་ཅན་གྱི་སྐད་ཡིག་གི་སྐོར་ལ་ང་རང་བོད་སྐད་ཡག་པོ་མི་ཤེས་པའི་བོད་མི་དཀྱུས་མ་ཞིག་གིས་ངོས་ནས་དོན་ཅུང་ཟད་ཞུ་སྙིང་སྤྲོ་བ་ནི། ས་ཡི་གོ་ལ་འདིའི་སྟེང་དུ་རྒྱལ་ཁབ་མི་འདྲ་རེ་རེས་དངོས་པོ་གསར་པར་མི་འདྲ་བ་རེ་རེ་བཟོ་བསྐྲུན་བྱས་ནས། དངོས་པོ་གསར་པ་མི་འདྲ་རེ་ལ་མིང་ཚིག་གི་ཐ་སྙད་གསར་པ་མི་འདྲ་བ་རེ་ཐོག་མ་བརྡ་སྦྱར་ནས་མིའི་སྤྱི་ཚོགས་ནང་དུ་རླུང་འཕྲིན་དང་བརྙན་འཕྲིན་ཁག་ནས་དངོས་པོ་འདིའི་མིང་ལ་འདི་ཟེར་ཞེས་ཁྱབ་བསྒྲག་བྱེད་པ་དང༌། དེ་འདྲ་བའི་མིང་ཚིག་གི་ཐ་སྙད་དེ་དངོས་མིང་ཡིན་པ་དང༌། རྒྱུ་མཚན་ནི། ང་རང་ཚོ་ཁ་བ་རི་པའི་བསྟན་བཅོས་མཚན་ཉིད་རིག་པའི་གཞུང་ལས། སྐྱེ་བོའི་བརྗོད་པ་ལྕེ་རྐན་ལས་བྱུང་བའི་སྐད་ཀྱི་གདངས། ཡི་གེའི་མཚན་ཉིད། མིང༌། ཚིག་དང༌། ཡི་གེ་གསུམ་དོན་གཅིག། མིང་ལ་དབྱེ་ན། དངོས་མིང་དང་བཏགས་མིང་གཉིས། དོན་དེ་ལ་འདོད་རྒྱལ་མཁན་པོས་ཐོག་མ་བརྡ་སྦྱར་ཞིང་སྦྱར་བ་སྟར་དོན་དེ་འཁྲུལ་མེད་དུ་གོ་བ་བྱེད་པའི་ཉན་བྱ། དངོས་མིང་གི་མཚན་ཉིད། དོན་དེ་ལ་འདོད་རྒྱལ་མཁན་པོས་ཐོག་མ་བརྡ་སྦྱར་མ་ཡིན་པ་ཕྱིས་བརྡ་སྦྱར་བའི་ཉན་བྱ། བཏགས་མིང་གི་མཚན་ཉིད།དཔེར་ན། CAMPTERཀམ་པུ་ཌར་ཞེས་པ་དངོས་མིང་དང་རྗེས་སུ་བརྡ་སྦྱར་བའི་གློག་ཀླད་དང་རིག་པའི་གཏེར་མཛོད་ཞེས་པ་ནི་བཏགས་མིང་རེད། དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་མཁས་པ་ཁག་ཅིག་གིས་བོད་ཡིག་འདང་གི་མི་འདུག་ཟེར་བའི་རྒྱུ་མཚན་ནི། འཛམ་གླིང་འདིའི་སྟེང་དུ་གསར་ཐོན་ཅ་ལག་མི་འདྲ་བ་དུ་མ་དང༌། ཆབ་སྲིད་ཀྱི་ཚོགས་པ་མི་འདྲ་བ་རེ་ལ་རྩ་ཁྲིམས་ཀྱི་འགྲོ་ལུགས་མི་འདྲ་བ་རེ་དང༌། དཔལ་འབྱོར་གྱི་ཡར་རྒྱས་མི་འདྲ་བ་རེ་ལ་ཚན་རིག་གི་ལག་རྩལ་མི་འདྲ་བ་རེ་དང༌། ཚན་རིག་གི་ལག་རྩལ་མི་འདྲ་བ་རེ་ལ་རྡུལ་ཕྲན་གྱི་འཕྲུལ་འཁོར་མི་འདྲ་བ་རེ་ཡོད་པ་རྣམས་ལ་ཐུན་མོང་མ་ཡིན་པའི་བོད་སྐད་ཀྱི་ཐོག་ནས་མིང་ཚིག་གི་ཐ་སྙད་མི་འདུག་སྙམ་པ་རེད། དཔེར་ན། ཀམ་པུ་ཌར་ལ་ཀམ་པུ་ཌར་ཞེས་བརྗོད་པ་དེ་རྒྱལ་ཁབ་ཞན་གྱི་སྐད་ཡིག་དུ་འདོད་པ་དང༌། ཀམ་པུ་ཌར་ལ་གློག་ཀླད་ཞེས་བརྗོད་པ་དེ་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་དུ་འདོད་དོ།། དེ་འདྲ་འདོད་པའི་མཁས་དབང་རྣམས་ལ་ཞུ་རྒྱུ། CAMPUTERཀམ་པུ་ཌར་ཞེས་བྲིས་པ་དང་བརྗོད་པ་དེ་བོད་སྐད་དུ་མི་འདོད་ན། ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཁྲོན་ལ་ཝ་ཤིང་ཁྲོན་ཞེས་བྲི་བའམ་བརྗོད་པ་དེ་བོད་སྐད་དུ་ཨེ་འདོད། མི་འདོད་ན། བོད་ཀྱི་རྒྱལ་ས་ལྷ་ས་ལ་LHASAཞེས་བྲི་བ་དང་བརྗོད་པ་དེ་དབྱིན་སྐད་དུ་ཨེ་འདོད། མི་འདོད་ན།དབྱིན་སྐད་ཐོག་ནས་ཇི་ལྟར་བྲི་དགོས་ཇི་ལྟར་བརྗོད་དགོས། འདོད་ན། ཀམ་པུ་ཌར་ཞེས་པ་ཡང་བོད་སྐད་དུ་འདོད་པར་ཐལ། གཅིག་མཚུངས་ཡིན་པའི་ཕྱིར། ཧཧཧཧཧཧ་ ཀམ་པུ་ཌར་ལ་གློག་ཀླད་ཞེས་མིང་བཏགས་པ་དེ་ནི་མིང་ལྷག་རེད། དཔེར་ན། དང་པོ་བུ་ཞིག་སྐྱེ་དུས་བླ་མའི་དྲུང་དུ་རིག་འཛིན་ཞེས་པ་མཚན་གསོལ། གཉིས་པ་རྐང་པ་ཆག་དུས་རིག་འཛིན་རྐང་འཁྱོག་ཞེས་པའི་མིང་ལྷག་བཏགས། རིག་འཛིན་ཞེས་པ་ནི་དངོས་མིང་རེད་ལ། རྐང་འཁྱོག་ཞེས་པ་ནི་མིང་ལྷག་ཡིན་པ་ཚང་མས་མཁྱེན་གསལ་ལྟར། དེ་དང་དེ་འདྲ་བའི་འཛམ་གླིང་འདིའི་སྟེང་དུ་གྲངས་ལས་འདས་པའི་གསར་ཐོན་གྱི་དངོས་པོ་ཐམས་ཅད་ལ་མིང་ལྷག་རེ་བཏགས་ནས། དེ་ནི་ང་རང་ཚོའི་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་གི་ཡིག་སྲོལ་དུ་འདོད་པ་ཡིན་ན། བོད་མི་རིགས་ཀྱི་སྟེང་དུ་རྨོངས་པའི་མུན་ནག་འཁྲིགས་པ་དང༌། བོད་ཀྱི་སྐད་ཡིག་སྣུམ་ཟད་མར་མེ་བཞིན་དུ་འགྱུར་འགྲོ་བའི་ཉེན་ཁ་ཡོད་པར་སྣང༌། རྒྱུ་མཚན་ནི། དཔེར་ན། ཀམ་པུ་ཌར་ཞེས་བོད་མི་ཞིག་གི་ཁ་ནས་བརྗོད་དུས་འཛམ་གླིང་འདིའི་སྟེང་དུ་མི་མང་དུང་ཕྱུར་མང་པོས་ཧ་གོ་ཐུབ་པ་དང་གློག་ཀླད་ཞེས་འབོད་པ་ཡིན་ན་མི་བརྒྱ་ཕྲག་ཁ་ཤས་མ་གཏོགས་གོ་མི་ཐོབ་པ་ནི་ང་རང་ཚོས་མིག་མཐོང་ལག་གསལ་རེད། སྐད་ཡིག་གི་ཡོན་ཏན་གཙོ་བོ་ནི་འགྲོ་བ་མི་དང་མིའི་བར་ལ་གོ་བརྡ་ཕྲད་ཐུབ་པ་དེ་རེད། ང་རང་ཚོའི་སྐད་ཡིག་འདིའི་ཐོག་ནས་མི་རིགས་མང་པོ་ཞིག་དང་རྒྱལ་ཁབ་མང་པོ་ཞིག་ལ་གོ་བརྡ་འཕྲོད་ཐུབ་པའི་ཐག་ཐུང་དུ་བཏོང་ཐུབ་པ་ཡིན་ན། དཔེར་ན། ནང་པ་སངས་རྒྱས་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ཉིན་རེ་མི་ཚེའི་ནང་བེད་སྤྱོད་བྱེད་ནས་མཐར་ཐུག་གི་བདེ་བ་ཐོབ་ཐུབ་པའི་རིག་གནས་དེ་མི་རིགས་གཞན་ཞིག་དང་རྒྱལ་ཁབ་གཞན་ཞིག་གི་རྩ་བ་ནས་སློབ་སྦྱོང་བྱེད་དགོས་པ་མེད་ན་ཡང༌། ཆབ་སྲིད་ཀྱི་རྩ་ཁྲིམས་དང༌། དཔལ་འབྱོར་གྱི་ལམ་ལུགས། ཚན་རིག་གི་ལག་རྩལ། བཟོ་ལས། ཞིང་ལས། འབྲོག་ལས་ལ་སོགས་པ་མཐར་ན་རྩྭ་བཀྲག་བཟོ་སྟངས་ཡང་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རྩ་ནས་རིག་གནས་དེ་ཚོ་སློབ་སྦྱོང་བྱེད་པ་ལ་མགྱོགས་ཚད་མྱུར་དུ་ཕྱིན་པ་རེད། དེ་ལྟར་མ་ཡིན་པ་བྱ་དངོས་གསར་པ་རེ་ལ་མིང་ལྷག་གསར་པ་རེ་བཏགས་ནས་མི་རིགས་གཞན་ཞིག་ལ་གོ་བརྡ་འཕྲོད་ནས་ཡོན་ཏན་སྦྱོང་རྒྱུ་ཕར་བཞག་ང་རང་ཚོ་ནང་ཁུལ་ཡང་རིག་གནས་དེ་ཚོའི་སྐོར་བཤད་དུས་གོ་བརྡ་མ་འཕྲོད་ནས་བོད་ཡིག་གི་འདང་གི་མི་འདུག་ཟེར་ནས་མགོ་བོ་སྒུར་སྡོད་པ་དེ་ནི། བོད་མི་རིགས་ཀྱི་སྟེང་དུ་འཁྲིགས་པའི་རྨོངས་པའི་མུན་ནག་རེད། གཉིས་པ། བོད་ཀྱི་སྐད་ཡིག་དེ་སྣུམ་ཟད་མར་མེ་བཞིན་དུ་འགྱུར་འགྲོ་བ་སྣང་བའི་རྒྱུ་མཚན་ནི། ཐ་སྙད་གསར་པ་བཟོ་བའི་མཁས་དབང་ཚོས་བྱ་དངོས་གསར་པ་རེ་ལ་མིང་ལྷག་གསར་པའི་ཐ་སྙད་རེ་བཏགས་ནས་ཚིག་མཛོད་ཆེ་ཐག་ཆོད་ཅིག་བཟོས་པ་ཡིན་ན་ཡང་བོད་རྒྱ་ཆེའི་མི་དམངས་ཀྱིས་གསར་དུ་སྦྱོང་དགོས་པ་ལས་སྔར་ནས་ཤེས་པའི་ཐ་སྙད་ནི་གཅིག་ཀྱང་མེད། དེ་འདྲ་བའི་མིང་ཚིག་གི་ཐ་སྙད་རྣམས་ཁས་བརྗོད་ཐུབ་པ་དང་ལག་པས་བྲི་ཤེས་པ་དོན་གོ་ཐུབ་པ་སློབ་སྦྱོང་བྱེད་དགོས་པའི་བྱེད་པ་པོ་ནི། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་རྣམ་པ་མ་གཏོགས་གཞན་སུ་ཡང་མེད། བོད་ཁ་བ་ཅན་ལ་གནས་པའི་བོད་རིགས་སྤུན་ཟླའི་ནང་ནས་སུ་དང་སུ་ཡིས་མིང་ཚིག་གི་ཐ་སྙད་གསར་པར་སློབ་སྦྱོང་བྱེད་འདོད་དོ་ཞེས་ཞིབ་ཅིང་ཕྲ་བའི་བསམ་བློ་བཏོང་དུས། མཐོ་རིམ་མི་དྲག་ཁག་གིས་སྦྱོང་ངོ་ཞེ་ན། དེ་ནི་མ་ཡིན་སྟེ། དབང་ཤེད་ཆེ་བའི་དཔོན་ངན་ཟ་རྔམ་ཅན་གྱི་གཅེས་ཕྲུག་དང་འབྱོར་པ་ཆེ་བའི་ཚོང་དཔོན་རྒྱུ་རྔམ་ཅན་གྱི་སྙིང་ཕྲུག་ཡོན་ཏན་ཆེ་བའི་དགེ་རྒན་རྒྱ་སྐད་ཅན་བུ་ཕྲུག་རྣམས་ཀྱིས་ནི། ཉིན་རེའི་འཚོ་བའི་ནང་དུ་ཡང་རྒྱ་སྐད་བེད་སྤྱོད་བྱེད་ནས་མི་ཚེ་སྐྱེལ་བ་མ་གཏོགས་རང་གི་དྲིན་ཅན་ཨ་མའི་སྐད་ཡིག་ལ་འབད་བརྩོན་དང་སྦྱོང་བརྡར་བྱེད་པ་ནི། ཉིན་མོ་ཡི་སྐར་མ་དང་རི་བོང་རྭ་ནང་བཞིན་རེད། འོ་ན་ད་སུ་ཡོད།། རི་བོ་མཐོ་སྒང་སྟེང་དུ་གནས་པའོ་འབྲོག་པ་དང་ལུང་ཁུག་གྲོང་གསེབ་ཁག་ཏུ་གནས་པའོ་ཞིང་པ་རྣམས་ཀྱིས་སློབ་སྦྱོང་བྱེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། བོད་ཀྱི་ཞིང་འབྲོག་རྒྱ་ཆེའི་མང་ཚོགས་ནང་དུ་བརྒྱ་ཆ་ལྔ་བཅུ་ཐམ་པ་ནི་ཡིག་རྨོངས་ཡིན་དྲུག་ཅུ་ཐམ་པ་ནི་ཀླད་རྙིང་ཡིན་བདུན་ཅུ་ཐམ་པ་ནི་ཤེས་མེད་ཡིན། དེ་འདྲ་བའི་ཞིང་འབྲོག་བོད་མི་རྣམས་ཀྱིས་མིང་ཚིག་གི་ཐ་སྙད་གསར་པ་སློབ་སྦྱོང་བྱེད་ན་རྣམ་རྟོག་རེད། བོད་རིགས་ཀྱི་སྐད་ཡིག་ཉམས་ན་མི་རིགས་བླ་སྲོག་ཤི་འགྲོ་བ་ཧ་གོ་བ་བྱུང་ན་ཐན་རྟགས་རེད། འོ་ན་ད་སུ་ཡོད་ཞེ་ན། མཐོ་རིམ་མི་དྲག་ནང་དུ་བཞུགས་པའི་ཤེས་ལྡན་མི་སྣ་ཁག་དང་ཞིང་འབྲོག་དམངས་ཚོགས་ནང་དུ་བཞུགས་པའི་བོད་མི་ཁག་གཅིག་གིས་ནི། བོད་རིགས་ཀྱི་ལ་རྒྱ་ཡིད་ལ་བཅང། ལྷག་བསམ་སེམས་ལ་སྒོམ། སྙིང་སྟོབས་དཔང་དུ་སྐྱེད་ནས་བོད་མི་རིགས་ཀྱི་སྐད་ཡིག་དེ་མ་ཉམ་གོང་འཕེལ་དང་ཉམ་པ་སླར་གསོ་བྱེད་ནས་འཛམ་གླིང་གི་དུས་རབས་གསར་པའི་རིག་གནས་ཐམས་ཅད་རང་གི་དྲིན་ཅན་ཨ་མའི་སྐད་ཡིག་ཐོག་ནས་སྦྱོང་བརྡར་བྱེད་ཐུབ་པ་དགོས་བསམ་པས་རེ་འདུན་སྙིང་གི་དཀྱིལ་ལ་བཞག་པའི་གངས་ཕྲུག་རྣམས་ཀྱིས་ནི། བོད་ཁ་བ་ཅན་གྱི་ཡི་གེ་སྲོལ་བཏོད་པ་པོ་ཐོན་མི་སམ་བྷོ་ཊ་ཡི་ཡིག་སྲོལ་དང་མཐུན་པ་སྒྲ་རིག་པའི་བསྟན་བཅོས་དང་མ་འགལ་བའི་མིང་ཚིག་གི་ཐ་སྙད་གསར་པ་སློབ་སྦྱོང་བྱེད་རྒྱུ་བྱུང་ན་སྐམ་པ་ཆུ་འདོད་ལྟར་སྦྱོང་བརྡར་བྱེད་དང་མི་བྱེད་ཐེ་ཚོམ་སྤུ་ཙམ་ཡང་མི་དགོས། དེ་འདྲ་བའི་གངས་ཕྲུག་རྣམས་ལ་ང་རང་ས་མཐར་འཁྱམ་པའི་སྤྲང་འཁྱམ་བོད་མི་ཞིག་གིས་ལག་གཉིས་ཐལ་མོ་བྲང་ཁའི་སྙིང་ལ་སྦྱར་ནས་ཕྱག་གསུམ་འཚལ་ནས་ཞུ་གསོལ། ཡོན་ཏན་ཅན་གྱི་མི་དེ། ཁ་བ་ཅན་གྱི་ལྷ་རེད། ལ་རྒྱ་ཅན་གྱི་མི་དེ། དམར་ཁམས་གླིང་གི་རྒྱུད་རེད། ལྷག་བསམ་ཅན་གྱི་མི་དེ། གངས་ཅན་ཡུལ་གྱི་ནོར་རེད། སྙིང་སྟོབས་ཅན་གྱི་མི་དེ། བཙན་པོ་གདུང་གི་རྒྱུད་རེད། གཉིས་པ། ཕྱི་རོལ་དུ་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་མིང་ཚིག་གི་ཐ་སྙད་གསར་པ་སྦྱོང་འདོད་པ་ཅི་ཙམ་ཡོད་དོ་ཞེ་ན། ཁ་ནས་བཤད་རྒྱུར་སྐད་ཡིག་ནི་མི་རིགས་བླ་སྲོག་དང་མི་རིགས་ནི་རྒྱལ་ཁབ་ཀྱི་སྲོག་ཤིང་རེད་ཁ་ཡོད་ཚད་ཐམས་ཅད་མ་ཎི་འདོན་པ་ནང་བཞིན་ཡིན་ཡང༌། དོན་ལག་ལེན་བསྟར་དུས། འཛམ་གླིང་རྒྱལ་ཁབ་མང་པོའི་གནས་ཚུལ་མཁྱེན་རྒྱ་ཆེ་བའི་སྐུ་དྲག་དང་ཡོ་རོབ་ཨ་མེ་རི་ཀའི་ནང་གཏན་སྡོད་བྱེད་པའི་འབྱོར་ལྡན་བོད་མི་རྣམས་ཀྱིས་ནི། རང་གི་བུ་ཕྲུག་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ཕུན་སུམ་ཚོགས་པ་སྐད་ཡིག་སློབ་སྦྱོང་བྱེད་པར་བཏང་ནས་འབྱོར་ལྡན་རྒྱལ་ཁབ་ཁག་གི་མཐོ་སློབ་ལ་འགྲོ་ཐུབ་པ་བྱེད་དགོས་བསམ་རེ་འདུན་སྙིང་ལ་བཅང་བ་མ་གཏོགས། བོད་མི་རིགས་ཀྱི་བླ་སྲོག་ཁ་བ་རི་པའི་སྐད་ཡིག་སློབ་སྦྱོང་བྱེད་པའི་དུས་ཚོད་ཡང་མེད་ལ་རྗེས་སུ་ལུས་པའི་སྐད་ཡིག་ཞིག་སྦྱོང་ནས་དུས་རབས་གསར་པའི་རིག་གནས་སྦྱོང་ཐུབ་པའི་རེ་བ་ཡང་བྱེད་བཞིན་མེད། འོ་ན་ད་བཙན་བྱོལ་སྤྱི་ཚོགས་ནང་སུ་ཡོད། བོད་ཁ་བ་ཅནགྱི་རིག་གཞུང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་མཁས་པ་དང་བོད་ཀྱི་སྐད་ཡིག་ལ་ཤེས་ཚད་ཧ་ཅང་མཐོ་བའི་གྲྭ་ས་སེར་འབྲས་དགེ་གསུམ་དང་ཆོས་རྒྱུད་ཆེན་པོ་བཞི་ཡི་དགོན་སྡེ་ཁག་གི་གྲྭ་མང་ནས་སྦྱོང་ངོ་ཞེ་ན། དེ་ནི་མ་ཡིན་སྟེ། དེ་རྣམས་ཀྱིས་ནི་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་བསླབ་པ་སློབ་གཉེར་བྱེད་ནས་མ་གྱུར་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ན་སྙམ་པ་ལས་ཐ་སྙད་གསར་པའི་མིང་ཚིག་དང་དུས་རབས་གསར་པའི་རིག་གནས་སློབ་སྦྱོང་བྱེད་ནས་ཁ་བ་རི་པའི་འཇིག་རྟེན་འཁོར་བའི་རྣམ་གཞག་ཡར་རྒྱས་གཏོང་དགོས་བསམ་པ་སེམས་ཀྱི་ཟུར་ལ་མེད། འོ་ན་ད་སུ་ཡོད་ཞེ་ན། རྒྱ་གར་བལ་ཡུལ་དུ་ཡོད་པའི་བཙན་འབྱོར་བོད་གཞུང་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་སྦྱོང་ངོ་ཞེ་ན། བཙན་བྱོལ་བོད་གཞུང་གི་སློབ་མ་འཛིན་གྲྭ་བཅུ་གཉིས་པ་ཞིག་ལ་བོད་ནས་སླེབས་པའི་གསར་འབྱོར་བ་འཛིན་གྲྭ་ལྔ་པའི་བོད་ཡིག་ཤེས་ཚད་ཙམ་ཡང་མེད། ཅི་ཡིན་ཞེ་ན། བཙན་བྱོལ་བོད་མི་སྤྱི་ཚོགས་ནང་དུ་སློབ་མ་རྣམས་ཀྱིས་བོད་ཡིག་ལ་དོ་སྣང་མེད་པ་དང་ཕ་མ་རྣམས་ཀྱིས་རྒྱབ་བསྣན་མེད་པའི་རྒྱུ་མཚན་གྱིས་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། ང་རང་ཚོས་བོད་ཀྱི་སྐད་ཡིག་ཐོག་ནས་དུས་རབས་གསར་པའི་རིག་གནས་སྦྱོང་མི་ཐོབ་པ་དང༌། དུས་རབས་གསར་པའི་རིག་གནས་སློབ་སྦྱོང་བྱེད་མ་ཐུབ་ན་རང་ཉིད་དུས་རབས་གསར་པའི་ནང་དུ་རྗེས་སུ་ལུས་པའི་མི་ཞིག་ཆགས་འགྲོ་བ་དང༌། ཕ་མ་སུ་ཡིན་ཡང་རང་གི་བུ་ཕྲུག་མདུན་ལ་སླེབས་ན་བསམ་པ་ལས་རྗེས་སུ་ལུས་ཆུག་འདོད་རྩ་བ་ནས་མེད། བོད་མི་ཀླད་རྙིང་པ་ཁག་གཅིག་གིས་ང་རང་ཚོའི་བོད་ཀྱི་སྐད་ཡིག་འདི་ཕུན་སུམ་ཚོགས་པའི་སྐད་ཡིག་ཞིག་དང་དུས་རབས་གསར་རྙིང་གི་རིག་གནས་ཐམས་ཅད་ང་རང་ཚོའི་སྐད་ཡིག་ནང་དུ་ཡོད་པ་མ་ཟད། གནམ་གྲུ་དང་ཟླ་བའི་གོ་ལ་ཡི་ཐོག་ཏུ་འགྲོ་ཐུབ་པའི་མེ་ཤུགས་འཕུར་མདའ་ལ་སོགས་བཟོ་བསྐྲུན་བྱེད་བཏང་ཐམས་ཅད་འབུམ་བཀའ་འགྱུར་བསྟན་འགྱུར་ནང་དུ་ཡོད་ཞེས་སྤོབས་པ་ཆེན་པོའི་ཐོག་ནས་གསུངས་ན་ཡང༌། དོན་དངོས་སུ་འབུམ་བཀའ་འགྱུར་བསྟན་འགྱུར་པོ་ཏི་བརྒྱ་ཉིས་བརྒྱ་འགོ་ནས་མཐའ་བར་ཏུ་ཀློག་ན་ཡང་གནམ་གྲུ་དང་མེ་ཤུགས་འཕུར་མདའ་ལ་སོགས་བཟོ་བསྐྲུན་བྱེད་བཏང་ཡོད་རྒྱུ་ཕར་བཞག་གནམ་གྲུ་ཞེས་པའི་ཚིག་ཙམ་ཡང་མཐོང་རྒྱུ་མེད། འབུམ་བཀའ་འགྱུར་བསྟན་འགྱུར་ནང་དུ་མེད་ན་ཡང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་འགོ་ཁྲིད་པའི་བཙན་འབྱོར་བོད་གཞུང་གིས་དེང་སང་ཚན་རིག་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་ཡོད་ཞེས་པའི་དེབ་གཅིག་ང་རང་གིས་ཀློག་རྒྱུ་བྱུང༌། དེབ་དེ་ཡི་ནང་རི་པིན་རྒྱལ་ཁབ་ལ་བྱ་ཕོ་རྔ་མ་རིང་ཤོས་ཞིག་ལ་ཁྲི་ཉེར་ལྔ་ཡོད་པ་དང་ཨུ་རུ་སུ་ལུང་པའི་ནང་བུ་མོ་ལོ་བརྒྱད་ལོན་པ་ཞིག་ལ་ཕྲུག་གུ་སྐྱེ་བའི་ལོ་རྒྱུས་བོད་ཡིག་ནང་དུ་བསྒྱུར་བའི་དེབ་དེ་འདྲ་བ་ཙམ་གྱིས་ཚན་རིག་ང་རང་ཚོའི་སྐད་ཡིག་ནང་ཡོད་གསུངས་པ་ཡིན་ན། ནུབ་ཕྱོགས་ཚན་རིག་པའི་རྐང་པ་བརྫིས་ས་ལ་བོད་ཚན་རིག་པའི་མགོ་ཡིས་ཐུག་པའི་རེ་བ་ཡང་མེད། གནད་འགག་ཆེ་ཤོས་དང་ཛ་དྲག་ཆེ་ཤོས་གཉིས་ནི། དང་པོ་གནད་འགག་ཆེ་ཤོས་ནི། ང་རང་ཚོའི་སྐད་ཡིག་ནང་དུ་ས་ཡི་གོ་ལའི་སྟེང་གི་གསར་ཐོན་གྱི་དངོས་པོ་འདིའི་མིང་ལ་འདི་ཡིན་ཞེས་དང༌། དངོས་པོ་འདི་ཡི་མིང་གི་དག་ཆ་འདི་ལྟར་འབྲི་དགོས་ཞེས་ང་རང་ཚོར་བོད་སྤྱི་ཡོངས་ལ་ཁྱབ་པའི་ཚིག་མཛོད་རྩ་བ་བརྟེན་ས་ཞིག་དང་ཆ་འཇོག་ས་ཞིག་དགོས་རྒྱུ་དེ་གནད་འགག་ཆེ་ཤོས་ཏུ་སྣང༌། ཕྱི་ལོ་༡༩༥༩ལོ་ནས་ད་ལྟར་བར་དུ་བོད་ཀྱི་སྐད་ཡིག་ནང་དུ་གསར་ཐོན་གྱི་ཐ་སྙད་ཐམས་ཅད་རྩོམ་པ་པོ་དང་གསར་འཕྲིན་རླུང་འཕྲིན་བརྙན་འཕྲིན་ཁག་གིས་རང་སྣང་གང་ཤར་དང་སྐད་ཡིག་གཞན་ཞིག་ནས་དོན་བསྒྱུར་བྱེད་ནས་བྲིས་པ་ཙམ་མ་གཏོགས་མེད། དཔེར་ན། མེ་འཁོར་རླངས་འཁོར་གློག་ཀླད་ཞེས་མིང་ཚིག་གི་ཐ་སྙད་ཐམས་ཅད་རྒྱ་མི་སྐད་ནས་དོན་བསྒྱུར་བྱེད་ནས་བྱུང་བ་ཞིག་རེད། དེ་དང་འདི་འདྲ་བའི་རང་སྣང་གང་དྲན་གྱིས་མིང་ལྷག་གསར་པ་རེ་ལ་བྲི་བཏང་གསར་པ་རེའི་ཐོག་ནས་བོད་ཀྱི་སྐད་ཡིག་འདི་བེད་སྤྱོད་བྱེད་པ་ཡིན་ན། མཐའ་མ་སྐད་ཡིག་དང་མི་རིགས་རྩ་བ་ཉིད་ནས་སིལ་བུར་འཐོར་འགྲོ་བའི་རྒྱུ་མཚན་ནི། ང་ཡི་རྩ་བའི་བླ་མ་བོད་ཁ་བ་ཅན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དེབ་ཐེར་དཀར་པོ་ལས། དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས་ཞེས་གསུངས་པ་དེ། བཙན་འབྱོར་བོད་གཞུང་ཤེས་རིག་ལས་ཁུངས་གིས་ངོས་ནས་མཁྱེན་སོང་ངོ༌།། བཙན་འབྱོར་བོད་གཞུང་ཤེས་ལས་ཁུངས་འཛུགས་ནས་མི་ལོ་ལྔ་བཅུ་སོང་ཡང་ཞལ་ནས་གསུངས་དུས་བོད་ཀྱི་རིག་གཞུང་དང་བོད་ཀྱི་སྐད་ཡིག་ཞེས་མ་ཎི་འདོན་པ་ནང་བཞིན་ཡང་དོན་དངོས་ཐོག་མིང་ཚིག་གི་ཐ་སྙད་གཅིག་མཐུན་ཞིག་དང་ཆ་འཇོག་ས་རྩ་བ་བརྟེན་ས་ཞིག་བཟོས་མེད་པ་དེ་ནི། འཇིག་རྟེན་གྱི་ཁ་རྒྱུན་ལ། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིག་པ་ཞེས་པ་ནང་བཞིན་ང་རང་བོད་མི་དཀྱུས་མ་ཞིག་བློ་ཕམ་ཡོད་ལ་སེམས་སྐྱོ་བའི་གནས་ཞིག་རེད། དེང་སང་ཡུ་རོབ་ཨ་མེ་རི་ཀའི་ནང་བོད་པས་བོད་ཡིག་བེད་སྤྱོད་བྱེད་བཏང་ནི། དཔེར་ན། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་སྒྲིག་གཞི། ལེཀ་ཊེན་སྤྲཡན་ཞེས་པའི་མིང་ཚིག་གི་ཐ་སྙད་དེ་ནི་འཇར་མན་སྐད་ཡིག་ཐོག་ནས་རྒདྲྟཏྲདྤྟརྣཔྲྤྟདྲརྣ་ཞེས་བྲིས་ཡོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཚན་ནས་རྐྱཐཐྲདཎརྣདྲཔྲྤདཎརྣ་ཞེས་པའི་ཡུལ་མིང་ཞིག་ལ་བོད་ཡིག་ཐོག་ནས་ཨཕ་ག་ནིསྟ྄ན་ཞེས་བྲིས་ཡོད་པ་དེ་ཚོ་ནི། ང་རང་ཚོ་བོད་ཁ་བ་ཅན་གྱི་སྐད་ཡིག་སློབ་དཔོན་ཐུན་མི་སམ་བྷོ་ཊ་ཡི་ཡིག་སྲོལ་དང་མི་མཐུན་པའི་བྲིས་བཏང་ཞིག་རེད་འདུག་སྙམ། སུམ་ཅུ་པའི་རྩ་བ་ལས། ག་ང་ད་ན་བ་མ་འ་ར་ལ་ས་རྣམས་རྗེས་འཇུག་བཅུ། ད་དང་ས་གཉིས་ཡང་འཇུག་སྟེ་ཞེས་རྗེས་འཇུག་བཅུ་དང་ཡང་འཇུག་གཉིས་གསུངས་ཡོད། དེང་སང་མཁས་དབང་ཚོས་ཀ་དང་ཡ་གཉིས་རྗེས་འཇུག་དང་ན་ཡང་འཇུག་ཏུ་བཞག་ནས་བྲིས་པ་དང༌། ཨ་དང་ཕ་གཉིས་མིང་གཞི་མཉམ་འཇོག་བྱེད་ནས་བྲིས་པ་འདི་རིགས་བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཐོན་མི་སམ་བྷོ་ཊ་རང་ཉིད་ཀྱིས་ཀྱང་བོད་ཡིག་ཀློག་མི་ཤེས་པ་ཞིག་འོང་ངེས་ལ། རྩ་བ་རྟེན་ས་དང་ཁུངས་གཏུག་ས་མེད་པ་རང་སྣང་གང་ཤར་བྱེད་ནས་བྲིས་པ་དེས་བོད་མི་རིགས་ཀྱི་སྐད་ཡིག་སིལ་བུར་འཐོར་འགྲོ་བའི་རྐྱེན་དུ་སྣང༌། དེ་ལྟར་མ་ཡིན་པ་མིང་ཚིག་གི་ཐ་སྙད་འདི་གཉིས་ཐོན་མི་སམ་བྷོ་ཊའི་ཡི་གེའི་ལུགས་སྲོལ་དང་མཐུན་པ་སྒྲ་རིག་པའི་བསྟན་བཅོས་དང་མ་འགལ་བའི་ཐོག་ནས་འདོན་སྟངས་ཤིག་དང་འགྲེལ་བཤད་ཡོད་པ་ཡིན་ན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རང་དབང་གླེང་མོལ་ཐོག་ནས་བོད་རིགས་རྒྱ་ཆེ་མི་དམངས་ཀྱི་མདུན་དུ་མིང་ཚིག་གི་ཐ་སྙད་འདི་གཉིས་འདོན་ཤེས་པ་དང་འགྲེལ་བཤད་རྒྱག་ཤེས་པའི་བོད་མི་དཀྱུས་མ་ང་ལྟ་བུ་ཞིག་ཡོང་ཐུབ་པ་ཡིན་ན། ཀློག་ཡོན་སུད་སི་སྒོར་མོ་བརྒྱ་ཐམ་པ་དང་མཇལ་དར་གཅིག་འབུལ་རྒྱུ་ཡིན། དེ་ལས་ལྷག་རྩོམ་པ་པོ་དང་གསར་འགོད་པ་དགེ་བཤེས་ལྷ་རམས་པ་ཕེབས་པ་ཡིན་ན། སུད་སི་སྒོར་མོ་ཉིས་བརྒྱ་དང་མཇལ་དར་ཞིག་འབུལ་རྒྱུ་ཡིན། དེ་ལས་ཀྱང་ལྷག་པའི་བོད་བཙན་འབྱོར་གཞུང་གི་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེན་ཕེབས་ཐུབ་པ་ཡིན་ན། སུད་སི་སྒོར་མོ་སུམ་བརྒྱ་དང་མཇལ་དར་ཞིག་དང་ཕྱག་གསུམ་འཚལ་རྒྱུ་ཡིན། གཉིས་པ་ཛ་དྲག་ཆེ་ཤོས་ནི། ང་རང་ཚོའི་བཙན་འབྱོར་བོད་མི་སྤྱི་ཚོགས་ནང་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་གི་དུས་རབས་གསར་པའི་རིག་གནས་ལ་མཁས་པ་དང་བོད་ཡིག་ལ་ཤེས་ཚད་ཧ་ཅང་མཐོ་བའི་ཁྱད་ཆོས་གཉིས་ལྡན་གྱི་བོད་མི་རྣམས་དགུང་ལོ་མཐོ་པོ་ལ་ཕེབས་བཞིན་འདུག། ཁྱད་ཆོས་གཉིས་ལྡན་གྱི་བོད་མི་དེ་ཚོ་ཞལ་བཞུགས་པའི་སྐབས་སུ་ང་རང་ཚོ་བོད་ཁ་བ་རི་པ་ལ་དགོས་མཁོ་ཡོད་པའི་དུས་རབས་གསར་པའི་རིག་གནས་ཐམས་ཅད་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་དགོས་པ་ནི་གནས་ཚུལ་ཛ་དྲག་ཞིག་ཏུ་སྣང༌། དཔེར་ན། ཁྱད་ཆོས་གཉིས་ལྡན་གྱི་བོད་མི་སྨན་པ་རྟའུ་དཔལ་ལྡན་ལྟ་བུར་ཆ་མཚོན་ན། ནུབ་ཕྱོགས་པའི་གསོ་བ་རིག་པ་ཁོང་དུ་ཆུད་པ་དང་བོད་ཡིག་ལ་ཤེས་ཚད་ཧ་ཅང་མཐོ་བའི་ཁྱད་ཆོས་གཉིས་ལྡན་གྱི་བོད་མི་ཞིག་རེད། དེ་ཚོ་ཞལ་བཞུགས་པའི་སྐབས་སུ་བཙན་འབྱོར་བོད་གཞུང་ཤེས་རིག་ལས་ཁུངས་ནས་ནུབ་ཕྱོགས་པའི་གསོ་བ་རིག་པ་བོད་ཡིག་ལ་བསྒྱུར་མི་དགོས་པ་ཅི་ཡིན་ཞེས་དྲི་རྒྱུ་ཡིན། དེ་དང་དེ་འདྲ་བའི་ཞིང་ལས་འབྲོག་ལས་བཟོ་ལས་ལ་སོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ལས་དོན་རིག་གནས་ཐམས་ཅད་བོད་ཀྱི་སྐད་ཡིག་ནང་དུ་ཚུར་བསྒྱུར་ཐུབ་པ་ཡིན་ན། དེ་ནི་ང་རང་ཚོའི་མི་རིགས་ཆེད་དུ་རིན་ཆེན་གསེར་ལས་ལྷག་པའི་དགོས་མཁོ་ཡོད་པར་སྣང༌། དཔེར་ན། ང་རང་ཚོ་བོད་ལ་ཆ་འཇོག་ན། འོ་མ་ཡོད་ཀྱང་ཕྱུར་བ་བཟོ་མི་ཤེས། ས་ཆ་ཡོད་ཀྱང་ཞིང་ལས་འདེད་མི་ཤེས། གཏེར་ཁ་ཡོད་ཀྱང་བཟོ་གྲྭ་འཛུགས་མི་ཤེས། གསེར་དངུལ་ཡོད་ཀྱང་དངུལ་ཁང་འཛུགས་མི་ཤེས། གནས་ཚུལ་འདི་ཚོ་མིག་གི་མདུན་དུ་བཞག་ནས་བོད་ཀྱི་མཁས་དབང་ཚང་མས་ཁ་མ་གྲགས་པ་ལྐུགས་པ་ཆགས་སོང་ངམ། འོ་ན་དུས་རབས་ཉི་ཤུ་རྩ་གཅིག་ནང་དུ་སླེབས་ན་ཡང་རྨོངས་གཉིད་ཁུག་ནས་སྡོད་ཀྱི་ཡིན་པའི། གལ་སྲིད་དུས་རབས་གསར་པའི་ལག་ཤེས་དང་རིག་གནས་ཐམས་ཅད་ང་རང་ཚོའི་སྐད་ཡིག་ནང་དུ་བསྒྱུར་ཐུབ་པ་ཡིན་ན། བོད་ཀྱི་སྐད་ཡིག་འདིའི་ཐོག་ནས་དུས་རབས་གསར་པའི་སྤྱི་ཚོགས་ནང་དུ་བོད་མི་རྣམས་ཀྱིས་རྗེས་སུ་མ་ལུས་པའི་འཚོ་བ་གསར་པ་ཞིག་སྐྱེལ་ཐུབ་པའི་རེ་བ་ཡོད་པ་དང༌། དེ་འདྲ་བྱུང་ན་བོད་ཡིག་སློབ་སྦྱོང་བྱེད་མི་མང་དུ་འགྲོ་བ་དང་བོད་ཡིག་ལ་མཐོང་ཆེ་རུ་འགྲོ་བ་ནི་ཞུ་མ་དགོས་པ་མཁྱེན་གསལ་རེད། རང་ཉིད་དང་ཁྲག་རྒྱུད་འབྲེལ་བའི་སྤུན་ཟླ་ལྷན་རྒྱས་ལགས། ད་འདི་ནས་གུས་པའི་བྲིས་མཚམས་བཞག་རྒྱུ་ཡིན།འཇིག་རྟེན་གྱི་ཁ་རྒྱུན་ལ། བཤད་མང་ན་ཕ་གཏམ་བུ་ལ་ཕོག། ཟ་མང་ན་བྲང་ཁའི་མཆིན་པ་ན་ཞེས་པ་ནང་བཞིན་མཚམས་བཞག་ན་བསམ། དེ་ལས་རྒྱ་ཆེ་ཀློག་པ་པོས་གུས་པས་ཡིག་ནོར་དང་བཤད་པ་ཐལ་གྲགས་པ་རྣམས་ལ་སྐྱོན་བརྗོད་དང་དགག་པ་མང་ཙམ་ཡོད་པ་མཁྱེན། ཕྱི་ལོ་༢༠༠༩ཕྱི་ཟླ་༡༠ཚེས་༨ཉིན་ཕུལ། བྲི་པ་པོ་ནི་ཅོ་རི་ཉི་མ་ཡིན། བྲིས་པའི་ཡུལ་ནི་ནུབ་ཕྱོགས་སུད་སི་ཡིན། བྲིས་པའི་བརྗོད་བྱ་ཐ་སྙད་གསར་པ་ཡིན། བྲིས་པའི་དོན་ནི་མི་རིགས་ཆེད་དུ་ཡིན།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com