Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Thursday, August 13, 2009

ད་ང་ཚོས་ཅི་བྱེད་དགོས།

རྩོམ་པ་བོ། སྒོ་ཡོན།

.1. ཤེས་རྟོགས་ཅན་གྱི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་ཕྱིར་དྲན་བྱས་ཚེ་སྐྱོ་གར་དང་སྤྲོ་གར་རང་བཞིན་གྱི་དངོས་ཡོད་མང་བོ་ཞིག་བྱུང་མྱོང་ཞིང༌།སྤྱི་ཚོགས་ཡོངས་ཀྱི་གནས་སྟངས་ལའང་དར་རྒུད་ཀྱི་མདུད་པ་མི་ཆུང་བ་ཞིག་བཀྲོལ་མདུད་མྱོང་ཡོད་པ་རེད།

དེ་ཡང་ང་ཚོ་ཚང་མའང་ཨ་མའི་ཁོག་ནས་སྐྱེས་པ་ནས་བཟུང་འགྲོ་བ་མི་སྤྱི་མཐུན་གྱི་ཐོབ་ཐང་ཞིག་ཆགས་ཀྱི་ཡོད་པ་དང༌།ཐོབ་ཐང་དེའི་ཁྱབ་ཁོངས་ཁྲོད་དུ་ཕོ་མོ་དང་དཀར་ནག་སོགས་ཀྱི་དབྱེ་འབྱེད་རྩ་བ་ནས་མེད་པར་རང་ཉིད་ཀྱི་བདག་དབང་རང་སྟེང་དུ་འཁུར་བའི་འོས་འགན་ཞིག་བཞག་ཡོད་པ་མ་ཟད།དམངས་གཙོའི་རང་དབང་གི་གནས་སུ་མི་སུ་ཡིན་ཡང་སྡོད་མི་ཆོག་པའི་བཀས་བཀོད་ཅིག་གཏན་ནས་ཡོད་མི་སྲིད་ཕྱིར།འདྲ་མཉམ་དང་དམངས་གཙོ།རང་དབང་དག་གི་བར་ནས་ད་གཟོད་རང་ཉིད་མི་རུ་སྐྱེས་པའི་དོན་སྙིང་རྙེད་ཐུབ་ཅིང༌།དགའ་སྐྱོ་ལྡན་པའི་མི་ཡུལ་ནས་གཞན་གྱིས་ཐེ་གཏོགས་མེད་པའི་འཚོ་བའི་བྱ་བཞག་ཕུན་སུམ་འཚོགས་པ་ཞིག་འགྲོ་བ་མིས་མུ་ནས་མུ་རུ་སྐྱོང་འདོད་པ་ཡིན།
དེར་བརྟེན“གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །རང་དབང་ཐམས་ཅད་བདེ་བ་ཡིན”པའི་ངེས་ཤེས་འདིས་ང་ཚོས“བདག་ཉིད་བདག་གི་མགོན་ཡིན”པར་ཡིད་ཆེས་གཏིང་ནས་ཡོད་ལ།སྐྱེ་བོ་སོ་སོའི་ཁེ་དབང་དེ་སྐྱེ་བོ་རང་རང་ལ་དབང་བ་ལས་བཙན་ཕྱུག་དང་མང་ཉུང་ཙམ་གྱིས་བསྒྱུར་བཀོད་ཆོག་པ་ཞིག་ལར་ནས་ཡིན་སར་མི་འགྲོ་བས།ང་ཚོས་རང་ཉིད་ཀྱི་ཐོབ་ཐང་ཡོངས་རྫོགས་སྤྱོད་པ་ནི་འོས་འཚམ་ཅན་གྱི་དྲང་ལམ་ཞིག་སྲུང་སྐྱོབ་བྱས་པ་དང་མི་ཚེ་ཡུན་གནས་ཀྱི་འདམ་ཀ་ཡང་གཞི་རྩའི་གནད་འདི་ལ་ཐུག་ཡོད།
དེས་ན“སྨྲ་ཤེས་དོན་གོ་མིའི་རིགས་སུ་གཏོགས་པ་དེ་མི་ཡི་མཚན་ཉིད”དུ་མི་གཞག་པར་འགྲོ་བ་མིའི་ཐོབ་ཐང་ལྡན་པའི་སྲོག་ཆགས་དེ་མི་ཡི་མཚན་ཉིད་དུ་བཞག་ན་ཡོངས་ཁྱབ་ཅན་གྱི་འགྲོ་མི་དང་བར་ཐག་ཧ་ཅང་ཉེ་བ་མ་ཡིན་ནམ།

.2. .
བདེ་སྐྱིད་ནི་སུ་ལ་ཡང་མཁོ་སྤྲོད་དགོས་ཤིང༌།སྡུག་བསྔལ་ནི་སུས་ཀྱང་ཐེག་ཐབས་མི་འདུག་པས་ཁོ་པ་ཚོ་ཡང་བདེ་དགོས་ལ་ང་ཚོ་ཡང་སྐྱིད་དགོས།ཁོ་པ་ཚོར་ཡང་རང་དབང་ཟེར་བའི་རྩ་ཆེན་འདི་ཉིད་ཡོད་ཆོག་ན་ང་ཚོ་ལའང་ཅིའི་ཕྱིར་ཡོད་མི་ཆོག་སྟེ།ལོ་ངོ་སྟོང་ལྷག་གི་ཡར་སྔོན་ནས་ཁྱིམ་མཚེས་དང་གཉེན་སྒྲིག་གི་འབྲེལ་བ།དཔལ་འབྱོར་དང་ཆོས་ལུགས་ཀྱི་འབྲེལ་བ།སྲིད་དབང་དང་མི་སྒེར་གྱི་འབྲེལ་བ་དག་བསྟུད་མར་བརྒྱུད་ནས་ཁོ་པ་ཚོས་རང་གི་ཁེ་དབང་ལ་བདག་སྐྱོང་བྱེད་ཆོག་ན་ཡང།ང་ཚོས་རང་གི་ཕ་ཡུལ་དང་སྐད་ཡིགརིག་གཞུང་དང་ལག་རྩལ།ཐ་ན་གཅེས་པའི་ཚེ་སྲོག་ཀྱང་བདག་དབང་བྱེད་མི་ཆོག་པ་ནི་དོན་ངོ་མར་ང་ཚོ“འཛམ་གླིང་འཇིགས་སྐུལ་རང་ལུགས་པ་ཡིན”པས་ཨེ་ཡིན། ང་ཚོ“ཆོས་གོས་གྱོན་པའི་སྤྱང་ཀིར”བརྫུས་པས་སམ་རྨོངས་དད་ཆེ་དྲགས་པས་ཨེ་ཡིན་ནམ།

དེ་ལྟ་ན་ཡང་ལོ་རྒྱུས་ནི་ཁོ་པ་ཚོར་གླེང་རིན་མི་འདུག་སྟེ།ལོ་རྒྱུས་ཀྱི་ཁྲོད་དུ་ང་ཚོའི་ཕ་མེས་རྣམས་ཀྱིས་ཁོ་པ་དག་གི་མེས་པོ་རྣམས་ཀྱང་དབང་བསྒྱུར་བྱས་མྱོང་ཞིང༌།ཁོ་ཚོའི་མེས་པོ་རྣམས་ཀྱིས་ཀྱང་དེ་འདྲར་མྱོང་ཡོད་ལེ་ཆེ་མོད།ད་ལྟ་ང་ཚོ་མི་རབས་གསར་བས་བརྗེད་ཀི་ཁྱོན་ནས་མེད་ལ་ནམ་ཡང་བརྗེད་ཀྱང་མི་སྲིད་པ་ནི་མི་ལོ་དྲུག་ཅུའི་མིག་མཐོང་ལག་ཟིན་གྱི་ཁོ་པ་ཚོའི་མཛད་རྗེས་ཀྱི་རི་མོ་སྟེ།ང་ཚོའི་ཨ་ཡེ་ཨ་མྱེས་དག་གི་རིན་ཐང་བྲལ་བའི་ཤ་རུས་དང་ཟུངས་ཁྲག །གཟི་བརྗིད་ལྡན་པའི་ཤུལ་རྫས་དང་རྟེན་སྙིང་སོགས་ལ་ཤ་ཚ་དང་སྙིང་རྗེ་སྤུ་ཙམ་མ་མཆིས་པར་རྡོག་བརྫིས་བྱས་པ་དང༌།དབང་བསྒྱུར་བྱས་པ།གཏོར་བཤིག་བཏང་བ་དག་ནི་ཁོ་པ་ཚོས་ཁ་སང་བཞག་པའི་མི་རབས་འདིའི་རྨ་ཁ་དང་ན་ཟུག་ཐོག་མ་ཡིན་ཞིང༌།ལྷ་སྒྲུབ་དང་ལོ་རྒྱུས་ཙམ་ལར་ནས་མིན་པར་མུ་གེས་བསད་པ་དང་མེ་མདས་བསྣུན་པ།གྲི་མཚོན་རིགས་ཀྱིས་མགོ་སྐེ་དང་ཁ་མིག་བླངས་པ།ལྕགས་སྒྲོག་དང་རྡོ་དབྱུག་སོགས་ཀྱིས་རྡུང་རྡེག་བྱས་པའི་དམར་སྲུང་འོག་གི་ཞྭ་མོ་ལྗིད་པོ་ཅན་དེ་དག་ནི་ངེད་ཚང་གི་ཕ་དང་མ་རུ་འབོད་པའི་དྲིན་ཆེན་གྱི་བདག་པོ་རྣམས་ཏེ།མིའི་ཡུལ་གྱི་བགོ་སྐབས་མ་ཐོབ་པས་ཉམ་ཐག་པའི་མི་རིགས་ཤིག་དང༌།གོ་ལའི་མཐོ་གཞོངས་ན་གཉོམ་ཆུང་ངང་བསྡད་ནས་སུ་ལའང་བར་ཆད་བཏང་མ་མྱོང་ཡང་ངེད་གདོང་དམར་བོད་པ་ཚང་ས་སྤྲུག་སྤྲུག་དང་རྡུལ་སྤྲུག་སྤྲུག་བྱས་པ་ཡིན་ལ།ནུབ་ཕྱོགས་ཡོ་རོབ་སོགས་ཀྱིས་ཨ་ཧྥེ་རི་ཁའི་མི་ནག་རྣམས་བྲན་དུ་བཀོལ་བ་ལས་ཀྱང་དཔོག་པར་དཀའ་བ་ཞིག་ཁོ་པ་ཚོས་བྱས་པ་ཡིན།

.3.
དུས་དེ་རིང་ཡང༌ང་ཚོའི་སེམས་ཀྱི་སྡུག་བསྔལ་བཤད་དུ་མི་འཇུག་པར།རང་གི་ལོངས་སྤྱོད་ཀྱི་ཐོབ་ཐང་དབང་མི་ཆོག་པར།རང་ལ་འོས་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་མི་འཇུག་པར།ང་ཚོས་རེ་བ་མཐའ་དག་བཅོལ་སའི་༧གོང་ས་མཆོག་གི་མཚན་ནས་ཀྱང་འབོད་དབང་མེད་པར།ཁོ་པ་ཚོས་མ་རུང་བའི་ཁྲག་དྲི་ཚོར་མ་མྱོང་བའི་ལྷ་ཁང་ནང་གི་གྲྭ་རིགས་བཀྲོངས་སོང༌།དུས་འགྱུར་གྱི་རླུང་འཚུབ་མཐོང་མ་མྱོང་བའི་སློབ་ཁང་ནང་གི་སློབ་མ་བསད་སོང༌། “ཀྲུང་གོ”དང“ཀྲུང་དབྱང”བརྗོད་མི་ཤེས་པའི་རོང་འབྲོག་མང་ཚོགས་ཀྱིས་བསོགས་བསོགས་པའི་འཚོ་བ་བསྣུབས་སོང༌།
ཕ་ཡུལ་གྱི་གནས་རྩ་འཇམ་དབྱངས་དང་ཀུན་དགའ (ད་ལོའི་བོད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་སྐབས་སུ་ཁམས་དཀར་མཛེས་སུ་ཟླ་གཉིས་ལྷག་གི་རིང་ལ་རྒྱུན་མ་ཆད་པར་འོས་ལངས་བྱས་པ་དང༌།འོས་ལངས་ཐོག་མ་བྱེད་མཁན་གྱི་གནས་རྩ་འཇམ་དབྱངས་ཟེར་བའི་བྲག་འགོའི་ཕོ་གསར་དེ་ཉིད་རྒྱ་དམག་གིས་གསོན་པོར་རྐང་པ་བཅད་ནས་རོ་བདག་ཀྱང་བྱེད་མ་བཅུག་པ་མ་ཟད།ཁོང་གི་རོགས་པ་མང་ཆེ་བ་དམར་གསོད་བྱས་པ་དང་།ཁམས་ཏྲེ་ཧོར་གྱི་རྒྱལ་ས་ནས་འོས་ལངས་བྱེད་སྐབས་བྲག་འགོའི་ཀུན་དགའ་ཞེས་པའི་གྲྭ་བཙུན་དེ་ལ་རྒྱ་དམག་གིས་མེ་མདའ་བཅུ་གྲངས་ཤིག་བརྒྱབ་ཅིང༌།ཤི་བའི་རོ་ཡང་གྲོང་འདབས་སུ་རླངས་སྣུམ་གྱིས་བསྲེགས་པ་རེད།འདིས་མཚོན་ནས་མདོ་དབུས་ཁམས་གསུམ་ནས་ཟླ་གཅིག་གི་རིང་ལའང་བོད་མི་སྟོང་ལྷག་བསད་ཟིན་པ་དང༌།ཁམས་ཀྱི་དཀར་མཛེས་དང་བྲག་འགོ།གསེར་རྟ་ཁོ་ནར་ཡང་བོད་མི་ཉིས་བརྒྱར་ལོན་པ་ཞིག་བསད་ཡོད་པ་ཡིན)ལྟ་བུའི་བོད་རིགས་ན་གཞོན་ཚོའི་མགོ་ལག་རྩ་བ་ནས་བྲེགས་སོང༌།གོ་འཇོའི་འབུམ་དགའ་དང་ཚེ་དབང་གྲགས་པ(འདི་གཉིས་ཀྱིས་སོ་སོར་གསེར་རྟ་དང་བྲག་འགོ་ནས་ཁེར་ཚུགས་ཀྱིས་ཞི་བའི་ཡར་ལངས་བྱས་ཤིང༌།ཚེ་དབང་གྲགས་པ་ལ་མི་ཉག་དང་ཡུལ་ཤུལ་ནས་ཡིན་པའི་ན་གཞོན་རོགས་པ་གཉིས་ཀྱང་ཡོད།ད་ལྟ་རྒྱ་ནག་གི་བཙོན་ཁང་ག་གེ་མོར་ཤི་མ་གསོན་གྱིས་གནས་ཡོད)སོགས་ཆོལ་གསུམ་བོད་ཀྱི་རྒན་གཞོན་སྟོང་ཕྲག་དུ་མ་དམར་བོའི་རང་ལུགས་ཀྱི་ཁྲིམས་འོག་ཏུ་མནན་སོང༌།རི་མགོའི་བཙུན་མ་དང་གྲོང་མཐའི་སྐྱེས་མ་དག་ལ་བཙན་གཡེམ་བྱས་ཤིང་རྒན་པོ་དང་བྱིས་པ་རྣམས་ལ་ཡང་ཐུབ་ཚོད་བྱས་སོང༌།

མདོར་ན་ཁོ་པ་ཚོའི་རྫུན་གྱི་རྔ་མ་ཡོད་ཚད་ངེད་ཅག་ལ་བསྐོར་ཞིང༌།ངེད་ཚང་གི་བདེན་པའི་སྤར་ཁ་ཐམས་ཅད་ཐལ་ནང་དུ་བཏབ་ནས་ང་ཚོའི་མགོ་ཐོག་ཏུ་སྐྱག་པ་མན་ཆོད་བཏང་ཞིང་ལག་ནང་དུ་རང་སྲོག་ཚུན་ཆོད་བཞག་སོང་བ་རེད། ད་ནི་ཁོ་པ་ཚོས་རྐང་བཞི་ཅན་གྱི་ཕག་པ་ཞིག་ལས་རྐང་གཉིས་སྤོ་བའི་མི་ཞིག་ལ་མ་བརྩིས་ཚར་བ་རེད།ད་ནི་ང་ཚོ་འཕོངས་མགོ་སྟོན་སའི་རྡོ་བ་ཙམ་ལས་དབུགས་དང་ལྡན་པའི་སྲོག་ཆགས་ཚད་དུ་མ་བཞག་སོང་བ་རེད།ད་ནི་ངོ་མ་མ་ཤི་དམྱལ་བར་འགྲོ་བ་ལས་ཐམས་གཞན་མེད་ཟིན་པ་ཡིན་ནམ།
འདི་དག་ནི་ཤ་རུས་ཁྲག་རྒྱུན་གཅིག་པའི་ངེད་ཕུ་ནུ་མི་སྲིང་ཚོས་དངོས་སུ་མྱོང་བཞིན་པའི་དེ་རིང་གི་སྡུག་བསྔལ་གྱི་འཁུར་བོའི་ཕྱོགས་རེ་སྟེ།སུས་ཀྱང་བསྒྱུར་མི་བཏུབ་པའི་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་མཐོང་དུ་ཡོད་པའི་གྲུབ་དོན་དང༌།བློ་མིག་ལྡན་པའི་མི་རྣམས་ཀྱི་མིག་གིས་བལྟས་བལྟས་ལ་བྱུང་བའི་གནད་དོན་གལ་ཆེན་ཞིག་ཡིན་པ་རེད།

.4. “ང་ཚོས་ཁོ་པ་དག་ལ་མི་དགའ་བ་བྱས་ནས་བོད་རང་དབང་དགོས་ཞེས་ཤོད་ཀྱི་མེད་པར་ང་ཚོར་དངོས་གནས་ཀྱི་ཐོབ་ཐང་དང་བདེ་སྐྱིད་ཅིག་བསམས་ནས་རང་དབང་དགོས་ཞེས་ཟེར་གྱི་ཡོད།ང་ཚོས་ཁོ་པ་དག་ལ་མི་དགའ་བའི་རྒྱུ་མཚན་གྱིས་ཁོ་ཚོའི་འོག་ཏུ་མི་སྡོད་ཀྱང་འདོད་ཀྱིན་མེད།ཁོ་ཚོར་སྐྱིད་པོ་དགོས་པ་ནང་བཞིན་ང་ཚོར་ཡང་སྐྱིད་པོ་ལོས་དགོས།གལ་ཏེ་སྔོན་དུས་ལྟར་ད་དུང་ཡང་ཁོ་ཚོས་དབང་བསྒྱུར་བྱས་ཚེ་ཁོ་ཚོར་ཡང་བདེ་སྐྱིད་ཡོང་མི་ཐུབ་ལ་ང་ཚོ་ལ་ནི་དེ་ལས་ཀྱང་བདེ་སྐྱིད་ཅིག་ག་ལ་ཡོད།དེ་བས་ད་ལྟ་ང་ཚོས་རང་དབང་རྩོད་ཀྱིན་ཡོད་པ་འདིའང་དྲང་བདེན་གྱི་རྒྱུ་མཚན་ཐོག་ནས་གནས་ཀྱིན་ཡོད་པ་ལས་ཨུ་ཚུགས་དང་ང་རྒྱལ་གྱིས་བཤད་པ་ཞིག་གཞི་ནས་མིན” (སྐྱབས་མགོན་ཚང་གི«བཀའ་སློབ»ཅིག་བཟོ་བཅོས་ཀྱིས་བྲིས)

ད་ནི་འགྲོ་བ་མི་ཚང་མས་ཀྱང་འདང་ཞིབ་མོ་ཞིག་བརྒྱབ་ན་འགྲིག་སྟེ།འཛམ་གླིང་སྟེང་གི་གཞིས་སྡོད་རྒྱལ་ཁབ་ཐམས་ཅད་ཀྱང་གཅིག་ལ་གཅིག་བརྟེན་གྱིས་གནས་ཡོད་སྟབས།གལ་ཏེ་ཆ་ཤས་གཅིག་ལ་རྙོག་དྲ་ཞིག་བཟོས་ཡོང་ཚེ་འཛམ་གླིང་རྒྱལ་ཁབ་ཀུན་ལ་ཡང་འཇིག་ཉེན་ཚབ་ཆེན་ཐེབས་སྲིད་པས།གོ་ལ་འདིར་མུ་མཐུད་དུ་འཚོ་སྡོད་ཀྱི་བསམ་བློའི་ངོས་ནས་ཁོ་པ་ཚོ་དང་ངེད་ཅག་ཞི་བདེར་གནས་རྒྱུ་ཡོང་ཆེད།དྲང་བདེན་གྱིས་ལེགས་ཉེས་འབྱེད་རྒྱུ་དང་ཐག་གཅོད་རྒྱུ་ནི་གནས་ལུགས་ལ་བརྩི་སྲུང་བྱེད་མཁན་གྱི་མཁས་བླུན་ཀུན་ཀྱིས་ཀྱང་འབོད་སྐུལ་ཡིན་པ་མ་ཟད།ང་ཚོས་མི་ལོ་དྲུག་ཅུ་ལྷག་ལ་བསྒུགས་པའི་མདུན་ལམ་ཡང་ཡིན་ནོ། །

དེ་ཡང་ཤ་རུས་ཀྱི་གདུང་རྒྱུད་གཅིག་གིས་སྦྲེལ་བའི་ངེད་བོད་པ་ཚང་གི་དུས་རབས་གསར་བའི་ཤུལ་ལུས་ཀྱི་སྤུན་ཟླ་རྣམ་པ།ང་ཚོས་མི་མཐུད་དུ་རང་ཉིད་ལ་དབང་བའི་ཐོབ་ཐང་བརྩོན་ལེད་བྱེད་དགོས།ང་ཚོའི་འོས་ལངས་འདི་དག་ད་གསར་དུ་འགོ་བརྩམས་མ་ཐག་ཡིན་པས་ལས་ཀ་འདིའི་གྲུབ་འབྲས་གཞུག་ན་ཡོད། ད་ལྟ་རྣམ་པ་ཚོས་ཆོས་སྲིད་བརྩད་ནས་སྡོད་ཁོམ་མི་འདུག་ལ“རྙིང་ཞེན”དང“གསར་ཞེན”གླེང་བའི་དུས་སྐབས་ཀྱང་མ་རེད།
དེ་བས་རིན་ཐང་ཅན་གྱི་ད་ལྟའི་དུས་ཚོད་འདི་ཉིད་མཚན་ཉིད་དང་དབྱེ་བ་བགྲངས་ནས་ཀྱང་མི་བརླག་ལ་མ་ཎི་དང་འཁོར་ལོ་བསྐོར་ནས་ཀྱང་གཟད་པར་མི་བྱའོ། །


ད་ནི་སྐྱ་སེར་རིས་མེད་དང་རྒན་གཞོན་ཕོ་མོ་ཀུན་ཀྱིས་མཐུན་སྒྲིལ་གྱི་ལག་པ་དམ་དུ་འཇུས་དང༌། ང་ཚོ་ཐམས་ཅད་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ“རང་དབང”རྩོད་དུ་འགྲོ།རང་ཉིད་ལ་མཁོ་བའི་ཕུགས་འདུན་གྱི་ཆེད་དུ“རང་དབང”རྩོད་དུ་འགྲོ།འདི་ནི་ངེད་ཚང་གི་འདས་པོ་རྣམས་དུར་ཁུང་ནང་ནས་བདེ་བར་གཟིམ་བྱེད་ཀྱི་མར་མེ་དང༌།བུ་རབས་ཚ་རྒྱུད་རྣམས་ཀྱང་ཅི་དགར་སྡོད་ཆོག་པའི་ཕུགས་བསམ་གྱི་རླབས་རྒྱུན་མ་ཡིན་ནམ། བཙན་པོའི་སྙིང་སྟོབས་མི་རིགས་ཤིག་གི་བློ་སྤོབས་ཁྱེར་དང་།ང་ཚོ་རང་ཁོ་ནར་དབང་བའི་འོད་ཟེར་ལྡན་པའི་ཞིང་ཁམས་ཤིག་འཚོལ་དུ་འགྲོ།།དེ་ནི་ཤའི་མིག་གིས་མི་མཐོང་བའི་ལྷ་ཡུལ་དང་ཀླུ་ཡུལ་ག་གེ་མོ་མ་ཡིན་པར་དུས་རབས་ཉེར་གཅིག་པའི་གོ་ལ་གཅིག་སྒྲིལ་གྱི་ཡུལ་གྲུ་སྟེ།སའི་གོ་ལའི་གྲོང་ཚོའི་གནས་སུ་བདེ་སྐྱིད་ཀྱི་ངང་ནས་དུས་གཏན་དུ་སྡོད་པའི་ཐབས་ལམ་ཉག་གཅིག་གོ།

.5.

ཀྱེ་ཀྱེ། དཔྱོད་ཤེས་དང་ལྡན་པའི་མི་ཡི་འགྲོ་བ་ལགས། ཉེ་རིང་དང་བྲལ་བའི་རྒྱལ་སྤྱིའི་རང་དབང་གཙོ་འཛིན་ལགས། ང་ཚོར་ཡང་ཀུན་ལ་འཐོབ་འོས་པའི་རང་དབང་དང་དམངས་གཙོ་སྩོལ་རོགས། ང་ཚོར་ཡང་དོན་དངོས་སུ་དབབ་ཆོག་པའི་ཐོབ་ཐང་དང་བཅིངས་འགྲོལ་གནང་རོགས། ང་ཚོ་ཡང་མི་ཡིན་པས“མིའི་ཁེ་དབང”ངོ་མ་ཞིག་ཡོད་ན་ཆོག་པ་ལ་ཨང༌། །

༢༠༠༨.༩.༡༨ཉིན་རང་གི་ལྟེ་ཁྲག་འཕོས་སའི་ཕ་ཡུལ་ཁམས་པ་རུ་སྦྱར།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com