Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Friday, June 17, 2011

འཕྲིན་ཡིག་འདིའི་གནས་ཚུལ་གྱི་རྒྱབ་ལྗོངས།

སྦྲ་རིགས་ཐོགས་མེད།

ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཟླ་གསུམ་པའི་ཚེས་བཅུ་བདུན་ཏེ།ཉམ་ཆུང་བོད་མི་གང་མང་གི་ཚེ་སྲོག་དག་རེ་རེ་བཞིན་ཉེན་རྟོག་དམག་མིའི་མེ་མདའ་དང་བརྡུང་བརྡེག་ཁྲོད་ནས་ཡལ་བཞིན་པའི་གདུག་རྩུབ་ཀྱིས་ཁེངས་བའི་མུན་ནག་གི་མཚན་མོ་ཞིག་ལ།མི་སེམས་དབང་མེད་དུ་འགུགས་པར་བྱེད་ལ་དྭངས་གཙང་དང་བརྩེ་དུང་གི་ཟིལ་ཤུགས་འབར་བའི་བརྩེ་འཕྲིན་འདི།སི་ཁྲོན་འབ ར་ཁམས་མི་རིགས་སློབ་འབྲིང་གི་དགེ་རྒན་ཤེས་མཛངས་གཉིས་ལྡན་གྱི་གཞོན་ནུ་མ་བསྟན་འཛིན་སྒྲོལ་མས།མི་ལོ་ཧྲིལ་བོ་དགུ་ལྷག་གི་རིང་མ་ཤི་གསོན་བྲལ་བྱེད་དགོས་བྱུང་བའི་རང་གི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་པའི་ཆུང་འདྲིས་མཛའ་གྲོགས་བསྟན་འཛིན་ལ་བསྐུར་བའི་འཕྲིན་ཐེངས་གོ་གཉིས་པ་དེ་ཡིན་ལ།འཇིག་སྐྲག་དང་ཉེན་ཁ་གྲངས་མེད་ཀྱི་འོག་ཏུ་གནས་པའི་བོད་རིག ས་གཞོན་ནུ་མ་ཞིག་གིས་རང་གི་མཛའ་བོར་དྲན་གདུང་དང་ཕྱིར་དྲན་གྱི་མིག་ཆུ་ཤམ་ཤམ་བཞུར་གྱིན་བྲིས་པའི་བརྩེ་དུང་གི་འཕྲིན་ཡིག་ཐ་མ་དེའང་ཡིན།སྨྲ་བརྗོད་ཀྱིས་གཞལ་ཐབས་བྲལ་ཞིང་ཁོ་མོའི་ཟུངས་ཁྲག་ལྟ་བུའི་དུངས་ཞེན་གྱི་ཡིག་འབྲི་རེ་རེས་བརྩེ་དུང་གི་སྐྱོ་སྨྲེང་དང་བརྩེ་དུང་གི་གདམ་ག་རེ་རེའི་འགྲེལ་བཤད་ཁུར་ནས་གངས་རིའི་ལས་དབང་གི་འབོད་སྒྲ་དང་མཉམ་དུ་ལེ་བ ར་ཁྲི་ཕྲག་བརྒལ་ནས་སླེབས་བྱུང་།

བསྟན་འཛིན་སྒྲོལ་མས་རང་གི་བརྩེ་འཕྲིན་འདི་ཧང་ཀོང་བརྒྱུད་ནས་རྒྱ་གར་དུ་བཏང་ཟིན་པའི་ཉིན་གཉིས་པ་སྟེ།ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་ཁོ་མོ་གཙོས་དགེ་སློབ་སུམ་བརྒྱ་ལྷག་ཁྲོམ་ལམ་དུ་ཐོན་ནས་རང་དབང་འཐབ་རྩོད་ཀྱི་འབོད་སྒྲ་བསྒྲགས་པར་བརྟེན།ཉིན་དེའི་ཕྱི་དྲོར་གློ་བུར་དུ་ཁོ་མོ་དྲག་ཆས་སྤྲས་པའི་ཉེན་རྟོག་དམག་མིས་བཙན་ཁྲིད་བྱས་སོང་ལ།ཉིན་དེ་ནས་བཟུང་ད་ལྟའི་བར་དུ་གཞོན་ནུ་མ་བསྟན་འཛིན་སྒྲོལ་མ་གར་སོང་ཆ་མེད་དུ་གྱུར་སོང་བས།ཁོ་མོའི་ནང་མི་དང་ས་གནས་བོད་མི་ཚོས་མུ་མཐུད་རྩད་གཅོད་བྱེད་བཞིན་ཡོད་མོད།འོན་ཀྱང་།ཡིད་སྐྱོ་བ་ཞིག་ལ་བརྕེ་དུང་དང་རྒྱལ་ཞེན་ཅན་གྱི་གཞོན་ནུ་མ་དེ་ད་དུང་ཡང་གབ་ཚིག་ཅིག་དང་འདྲ་བར་ཐ་ན་ཤི་གསོན་གྱི་གནས་ཚུལ་ཡང་ཤེས་རྟོགས་བྱུང་མེད།

བདག་གིས་ཉིན་མཚན་དབྱེར་མེད་དང་ཐ་ན་དུས་ཚོད་སྐར་ཆ་རེ་རེར་ཡང་གཏན་ནས་བརྗེད་མ་མྱོང་བའི་རྒྱང་རིང་གི་སྙིང་སྡུག་འགྱུར་མེད་གཏན་གྲོགས་བསྟན་འཛིན་ལགས།

དོ་དགོངས་ཡང་སྔར་བཞིན་ཁྱོད་ཁོ་ནའི་ཆེད་དུ་འཚོ་བཞིན་པའི་རྒྱང་རིང་གི་མཛའ་མོ་ངས།དྲན་གདུང་དང་ཕྱིར་དྲན་གྱི་སྨྲེང་སེམས་རི་རབ་བཞིན་མདུན་དུ་སྤུངས་ནས་ཁྱོད་ལ་བརྩེ་འཕྲིན་ཐེངས་གོ་གཉིས་པ་དེ་འབྲི་བཞིན་ཡོད།སྐྱིད་ལ་སྡུག་པའི་མི་ཡུལ་འདིའི་ལས་དབང་གི་བཀོད་སྒྲིག་འོག་མཛའ་མོ་བདག་ཁྱོད་ཀྱི་ལྷད་མེད་པའི་བརྩེ་དུང་དང་།ཁྲེལ་གཞུང་།བྱམས་སྐྱ ོང་བཅས་ཀྱི་འོད་སྣང་འོག་ནས་མེ་ཏོག་བཞིན་འཚར་ལོངས་བྱུང་།དུས་དེ་ནས་བཟུང་བུ་མོ་ངའི་མི་ཚེའི་ཕྱི་ནང་ཀུན་ནས་དགའ་སྤྲོའི་ཁུ་བྱུག་ཐོག་མར་གྲགས་བྱུང་ལ།དུས་དེ་ནས་བཟུང་གཞོན་ནུ་མ་ཞིག་གི་རྨི་ལམ་ཁྲོད་འཆར་ཡན་དང་མཛེས་སྡུག་གི་སྦྲང་ཆར་ཟིམ་ཟིམ་བབས་བྱུང་།བརྩེ་དུང་ལ་བློ་གཏད་དང།བརྩེ་དུང་ལ་བརྩི་བཀུར།མདོར་ན་བརྩེ་དུང་གི་ཆེད་དུ་ཅི་ཡང་བྱས་མྱོང་བའི་བུ་ མོ་ངའི་མི་ལོ་ཧྲིལ་བོ་དགུ་ལྷག་གི་ཀྱག་ཀྱོག་ཆེ་བའི་ཁེར་རྐྱང་གི་བགྲོད་ལམ་རིངམོའི་ཐོག་ཏུ།བརྩེ་དུང་གིས་བདག་ལ་འཛད་མཐའ་མེད་པའི་སྟོབས་ཤུགས་བསྩལ་ཅིང་བརྩེ་དུང་གིས་བདག་ལ་རྫོགས་མཐའ་བྲལ་བའི་ལམ་སྟོན་གནང་བྱུང་།ད་དུང་བརྩེ་དུང་གིས་བདག་ལ་ཁྲེལ་གཞུང་དང་ཕྱི་ཐག་གི་རིན་ཐང་ཤེས་སུ་བཅུག་ཅིང་།བརྩེ་དུང་གིས་གཞོན་ནུ་མ་ཞིག་ལ་ངེས་པར་དུ་ཡོད་དགོས་པའི་རང་ཚ ུགས་དང་ཡ་རབས་ཀྱི་ཀུན་སྤྱོད་ཀྱང་བསླབས་བྱུང་།

ངའི་རྒྱང་རིང་གི་སྙིང་སྡུག་ལགས།གྲོང་གསེབ་ཀྱི་སློབ་ཆུང་དེ་རུ་ཐེངས་དང་བོར་ངེད་གཉིས་འཛིན་ཁང་གཅིག་ཏུ་འཕྲད་ཅིང་རྐུབ་སྟེགས་གཅིག་ཏུ་བསྡད་ནས་ཀ་ཁའི་གླུ་དབྱངས་ཐོག་མར་ལེན་དུས།ཁྱོད་ཀྱིས་ཕུ་བོ་ཞིག་གི་ཚུལ་གྱིས་བདག་ལ་དྲེད་མོང་དང་རི་སྤྱང་གི་གནའ་སྒྲུང་བཤད་མྱོང་ལ།སྡེ་འདབས་ཀྱི་བྱིས་པ་སྣབས་ལུག་ཚོའི་གདོང་དུ་བུད་ནས་ང་ལ་སྲུང་སྐྱོབ ་ཡང་ཐེངས་མང་བྱས་མྱོང་ཨང་།དུས་དེ་ནས་བཟུང་ངས་ཁྱེད་ཀྱི་དྭངས་གཙང་གི་མིག་མདངས་ལས་མཉེས་གཤིན་དང་བརྩེ་བས་བརླན་པའི་འཇིག་རྟེན་གཞན་ཞིག་མཐོང་བྱུང་ལ།དུས་དེ་ནས་བཟུང་ངས་ཁྱེད་ཀྱི་བྱམས་སྐྱོང་དང་ཕྱི་ཐག་ལས་མི་ཡུལ་ཁོ་ནར་ཡོད་པའི་བརྩེ་དུང་གི་དྲོད་ཁོལ་གསར་བ་ཞིག་ཀྱང་ཚོར་བྱུང་།དེ་ལྟར་ལོ་ཟླ་གང་མང་གི་བརྒྱུད་རིམ་ཁྲོད་དུ་ཁྱོད་རང་རིམ་བཞིན་ངའི་བརྩེ་དུ ང་གི་འཇིག་རྟེན་དུ་དཔྱིད་དུས་ཀྱི་རྒྱ་སེ་མེ་ཏོག་བཞིན་ཡོངས་སུ་བཞད་བྱུང་ལ།བུ་མོ་ཞིག་གི་འཚོ་བའི་བརྒྱུད་རིམ་ཁྲོད་མེད་ཐབས་མེད་པའི་ཆ་ཤས་གལ་ཆེན་ཞིག་ཏུའང་ཆགས་སོང་།

ངའི་བརྩེ་དུང་གི་རྒྱལ་སྲས་ལགས།ནམ་རྒྱུན་ཁྱོད་ལ་འཕྲིན་ཡིག་འབྲི་ཐེངས་རེ་རེ་དང་ཡང་ན་རང་ཉིད་ཀྱི་ཉིན་ཐོ་ལག་ཏུ་ལེན་ཐེངས་རེ་རེར།ཁྱོད་ཀྱི་མཛའ་མོ་ང་འདི་ལྟར་རང་དབང་མེད་པར་འདས་ཟིན་པའི་མཛེས་སྡུག་གི་འཆར་ཡན་ཁྲོད་དབང་མེད་དུ་ཤོར་འགྲོ།གཅིག་བྱས་ན་འདི་ནི་ལེ་བར་སྟོང་ཕྲག་དུ་མས་བར་ཐག་ཆོད་པའི་སྙིང་སྡུག་ཁྱོད་དང་ངེད་གཉིས་ཁོ་ནར་ཡོད་པའ ི་བརྩེ་དུང་གི་རོལ་མྱོང་བྱེད་སྟངས་གཞན་ཞིག་ཡིན་སྲིད།སྙིང་སྡུག་ལགས།སློབ་གྲྭ་ཆུང་འབྲིང་གི་དགའ་སྐྱོའི་འཚོ་བའི་བརྒྱུད་རིམ་རིང་མོའི་ཁྲོད་དུ་བུ་མོ་ངས་ཉིན་མཚན་དབྱེར་མེད་དུ་ཁྱོད་ཀྱི་ངག་ནས་“ང་རང་ལ་སེམས་གཏིང་ནས་དགའ”ཞེས་པའི་སྐད་ཆ་འདི་དངོས་སུ་ཐོས་པར་རེ་སྒུག་ག་ཚོད་ཅིག་བྱས་ཟིན་པ་ཨེ་ཤེས།གང་ཡིན་ཞེ་ན།ཁྱོད་ཀྱིས་བདག་ལ་སློབ་ཚན་ཟུར་ཁྲིད་བྱེད་ཐ ེངས་རེ་རེ་དང་ཡང་ན་གུང་གསེང་སྐབས་ངེད་གཉིས་ཕ་ཡུལ་གྱི་བཞི་མདོ་དེ་ནས་ཕན་ཚུན་འབྲལ་ཐེངས་རེ་རེར།ངས་ཁྱོད་ཀྱི་འཁྲེངས་ཞེན་གྱི་མིག་མདངས་དང་བརྩེ་དུང་གིས་ཁེངས་པའི་ལུས་ངག་གི་རྣམ་འགྱུར་ལས།ཁྱོད་ཀྱི་སེམས་སུའང་ང་དང་འདྲ་བར་བརྗོད་འདོད་པའི་སྐད་ཆ་གྲངས་མེད་ཅིག་རི་རབ་བཞིན་སྤུངས་ནས་ཡོད་པ་ཚོར་ཐུབ་ལ།ཁྱོད་ཀྱང་ང་དང་འདྲ་བར་ཚུལ་འཆོས་དང་རྫུ་བག་གི་མི་གཤ ིས་འདི་རྒྱབ་ཏུ་བསྐྱུར་ནས་མཛའ་མོ་ང་དང་མཉམ་དུ་ཕོ་མོའི་བརྩེ་དུང་ལ་རོལ་འདོད་ཡོད་པ་གསལ་བོར་ཤེས་ཐུབ།
སློབ་འབྲིང་མཐར་ཕྱིན་ལ་ཉེ་བའི་གཟའ་ཉི་མའི་ཕྱི་དྲོ་དེ་ངས་ད་ལྟའང་ད་དུང་གཏན་ནས་བརྗེད་མི་ཐུབ།ཐོག་བརྩེགས་གསུམ་པའི་འཛིན་ཁང་དྲུག་པའི་ནང་དུ་ཁྱོད་ཀྱིས་བདག་ལ་བརྩེ་འཕྲིན་ཐོག་མ་དེ་སྤྲོད་སྐབས།ནམ་རྒྱུན་གྱི་བློ་རིག་རྒོད་ཅིང་སྨྲ་ལྕེ་བདེ་བའི་སྙིང་སྡུག་ཁྱོད།ཉིན་དེར་སྨྲ་བ་ཉུང་ལ་ཐ་ན་མགོ་བོ་ཡང་དགྱེ་མི་ཐུབ་པའི་ཇི་འདྲའི་ཕོ་སར་ཉམ་ཆུ ང་ཞིག་ཡིན་ཨང་།ལུས་ངག་གི་སྨྲ་བརྗོད་ལས་ཐོན་པའི་བཅོས་མིན་གྱི་རྣམ་འགྱུར་འདི་དག་གིས་ཁྱོད་ཀྱིས་རང་གི་མཛའ་མོར་བཅངས་པའི་བརྩེ་དུང་ལ་རིན་ཐང་ག་ཚོད་ཅིག་སྤྲད་ཡོད་པ་རྟོགས་ཐུབ་ལ།ཁྱོད་ཀྱིས་མི་ཡུལ་འདིའི་ཆེས་མཛེས་སྡུག་ལྡན་པའི་བརྩེ་དུང་ལ་བླ་ན་མེད་པའི་བརྩི་བཀུར་དང་གདེངས་འཇོགས་ག་ཚོད་ཅིག་གནང་བཞིན་པའང་ཤེས་སུ་བཅུག་པས།ཉིན་དེར་ཁྱོད་ཀྱི་མཛའ་མོ་བདག ་གོམས་སྲོལ་དང་སྤྱི་ཚོགས་ཀྱི་བཀག་རྒྱ་ལས་རྣམ་པར་རྒྱལ་ཏེ་རྒྱུགས་ཐེངས་གཅིག་གིས་ཁྱོད་ཀྱི་པང་དུ་མཆོངས་པ་དེ་དྲན་བྱུང་ངམ།ཁྱོད་ཀྱིས་ཀྱང་བདག་པང་དུ་དམ་པོར་བཟུང་ནས་སེམས་ཆུང་ངང་དཔྲལ་བར་འོ་ཞིག་བསྐྱལ་དུས།ངས་གནམ་འོག་འདིའི་གཞོན་ནུ་ཕོ་མོ་ཚོའི་ལྷད་མེད་རྣམ་དག་གི་བརྩེ་དུང་ནི་བསིལ་རླུང་བཞིན་ལྷོད་ཀྱིས་ལྡང་ཞིང་གཙང་བོ་བཞིན་དལ་གྱིས་བཞུར་བཞིན་པའི་ སྨྲ་བསམ་བརྗོད་མེད་ཀྱི་མཛེས་སྡུག་མཐར་ཐུག་དེ་ཡིན་པ་མཐོང་བྱུང་ལ།ངས་གཞོན་ནུ་མ་ཞིག་གི་མི་ཚེའི་ནང་གི་རང་ལ་ཐོབ་དགོས་པ་ཡོད་ཚད་དང་དབང་དགོས་པ་ཡོད་ཚད་འདི་ལྟར་སྐར་ཆ་རེ་རེ་བཞིན་བདག་གི་ལུས་ངག་ཡིད་གསུམ་ལ་དབྱེར་མེད་དུ་ཐིམ་སོང་བསམ།

བདག་གི་སྙིང་སྡུག་ལགས།འདས་ཟིན་པའི་དྲན་གདུང་དང་སྐྱོ་སྨྲེང་གིས་ཁེངས་པའི་མི་ལོ་ཧྲིལ་བོ་དགུ་ལྷག་གི་འགྲུལ་བཞུད་ཁྲོད།ངས་ཁྱོད་རང་དྲན་ཐེངས་རེ་རེར་ཐོག་བརྩེགས་གསུམ་པའི་འཛིན་ཁང་འདིར་འོང་ནས་མིག་ཆུས་བྲིས་པའི་རང་ཉིད་ཀྱི་ཉིན་ཐོ་དག་དང་ཁྱོད་ཀྱི་བརྩེ་འཕྲིན་དག་ཡང་ཀློག་བསྐྱར་ཀློག་བྱེད་བཞིན་ཡོད།ཁྱོད་རང་ནམ་རྒྱུན་སྡོད་སའི་རྐུབ་སྟེ གས་ཨང་དྲུག་པ་དེའི་ཐོག་ནས་བདག་གིས་དྲན་གདུང་གི་ཉིན་ཐོ་དག་ངུ་ངག་གིས་ཀློག་ཐེངས་རེ་རེར།ངའི་སེམས་ཀྱི་གཏིང་རིམ་ཞིག་ནས་ཁྱོད་ཀྱིས་དུས་ད་ལྟའང་ད་དུང་བདག་པང་དུ་དམ་པོར་བཟུང་ནས་སྐྲ་ལོར་བྱིལ་བྱིལ་གཏོང་ཞོར་བདག་ལ་སེམས་གསོ་གཏོང་བཞིན་ཡོད་པ་ཚོར་འོང་།ཁྱོད་ཀྱིས་དྲན་བྱུང་ངམ་སྙིང་སྡུག་ལགས།སྲིད་ཇུས་ཀྱི་གནོན་ཤུགས་འོག་ལོ་ངོ་དགུ་ལྷག་གི་གོང་དུ་ཁྱོད་ རང་མི་འདོད་བཞིན་གནས་འདི་ནས་འབྲལ་དགོས་བྱུང་བའི་མཚན་མོ་དེར།ཁྱོད་ཀྱིས་བདག་གི་རྣ་བར་ཧ་ཅང་ནན་ཏན་ངང“བདག་གནས་སྐབས་ཁྱོད་དང་འབྲལ་དགོས་བྱུང་ཡང་།ང་རང་ནམ་ཡང་ཁྱོད་ཀྱི་སེམས་ཁོང་དུ་བརྟན་པོར་བསྡད་ཡོད”ཅེས་བརྗོད་མྱོང་ཨང་།སྙིང་སྡུག་ཁྱེད་ཀྱིས་བརྩེ་དུང་ལ་བཅངས་པའི་ཡིད་ཆེས་དང་།ཆོད་སེམས།ཕྱི་ཐག་བཅས་ཀྱིས་བུ་མོ་ངའི་ཀྱག་ཀྱོག་ཆེ་བའི་ཁེར་རྐྱང་གི་མི་ཚ ེའི་འགྲུལ་བཞུད་ཁྲོད་དུ་ཟད་མི་ཤེས་པའི་སེམས་ཤུགས་དང་སྐུལ་མ་ཐེབས་བྱུང་བས།ནམ་རྒྱུན་དགའ་སྤྲོའི་ངང་ཕན་ཚུན་གྱི་དཔུང་བར་འཇུས་ནས་འགྲོ་བཞིན་པའི་མཐོ་སློབ་སྐབས་ཀྱི་དགའ་རོགས་ཕོ་མོ་དེ་དག་དང་།ཡང་ན་ས་སྲོད་ཀྱི་གཞུང་ལམ་ཐོག་ཡིད་དུ་འོངས་པའི་སོ་སོའི་བྱིས་པ་དག་ཁྲིད་ནས་སྤྲོ་འཆམ་ལ་ཕེབས་བཞིན་པའི་དགེ་རྒན་ལས་བྱེད་ཚོ་མཐོང་ཐེངས་རེ་རེར།ང་རང་ཁུ་སིམ་མེ ར་རང་ཉིད་ཀྱི་ཉིན་ཐོ་ཁྱེར་ནས་ཁེར་རྐྱང་ངང་ངེད་གཉིས་མཉམ་དུ་བསྐྱོད་མྱོང་བའི་ལྗོན་གསེབ་དང་།ཡང་ན་ཁྱོད་ཀྱིས་དགའ་མོས་བྱེད་སའི་སློབ་རྭའི་སྐྱེད་ཚལ་སོགས་སུ་སོང་ནས་ཞིམ་མངར་ལྡན་པའི་བརྩེ་དུང་གི་ལོ་ཟླ་དག་ལ་ཕྱིར་དྲན་བྱེད་བཞིན་ཡོད།འདི་ནི་ལོ་ངོ་འདི་དག་གི་རིང་བདག་ཁོ་ནར་ཡོད་པའི་བརྩེ་དུང་གི་རོལ་མྱོང་བྱེད་སྟངས་ཞིག་གམ་ཡང་ན་གཞོན་ནུ་མ་ཤིག་གིས་རང ་གི་དྲན་གདུང་དང་སྐྱོ་སྣང་ལ་སེམས་གསོ་བྱེད་ཚུལ་གསར་བ་ཞིག་ཀྱང་ཡིན་སྲིད།

ངའི་རྒྱང་རིང་གི་སྙིང་སྡུག་ལགས།ཁྱོད་རང་གནས་འདི་ནས་འབྲལ་དགོས་བྱུང་བའི་ཉིན་དེ་ནས་བཟུང་།ངའི་བརྩེ་དུང་གི་འཇིག་རྟེན་ལ་ཁེར་རྐྱང་གི་ཁ་བ་ལྷབ་ལྷུབ་ཏུ་འབབ་འགོ་བརྩམས་ཤིང་།ངའི་དགོད་སྒྲས་ཁེངས་པའི་ཉིན་མཚན་མཐའ་དག་སྨྲེང་སེམས་དང་མུན་ནག་གིས་བཟུང་སོང་།དུས་དེ་ནས་བཟུང་།ཁྱོད་དང་ངེད་གཉིས་ཀྱི་བྱིས་དུས་ཀྱི་དགོད་སྒྲ་བསྐྱུར་མྱོང་བའི་ཕ ་ཡུལ་གྱི་གྲམ་གཞུང་དང་གཙང་ཆུ་འགྲམ།ད་དུང་སྡེ་འདབས་ཀྱི་སློབ་ཆུང་སོགས་ནི་ང་ཆེས་དགའ་བའི་འཆམ་འཆམ་བྱེད་ཡུལ་དག་ཡིན་ལ།ད་དུང་དུས་དེ་ནས་བཟུང་།ཁྱོད་དང་ངའི་སྦྲང་རྩིས་གཏམ་པའི་བརྩེ་དུང་གི་གཏམ་རྒྱུད་སྦྲུམ་པའི་མི་རིགས་སློབ་འབྲིང་འདི་ནི་བདག་གི་འབྲལ་མི་ཕོད་པའི་ཁེར་རྐྱང་གི་ཁྱིམ་གཞིས་སུ་གྱུར།མི་རིགས་སློབ་འབྲིང་འདིའི་གྲུ་ཁ་རེ་རེ་ནས་ངེད་གཉིས་མ ཉམ་དུ་དགོད་མྱོང་ལ་མཉམ་དུ་མི་སེམས་འཁོལ་བའི་སྙིང་གཏམ་གང་མང་ལའང་རོལ་མྱོང་།ད་དུང་གནས་འདི་ནས་བདག་གི་སློབ་སྦྱོང་ཆེད་དུ་ཁྱོད་ཀྱིས་རང་གི་གུང་གསེང་གང་མང་བློས་གཏོང་བྱེད་མྱོང་ལ།གནས་འདི་ནས་ཁྱོད་ཉེན་རྟོག་ལས་ཁུངས་སུ་སྐད་བཏང་ཐེངས་རེར་བདག་གིས་མིག་ཆུ་ཡང་གྲངས་མེད་བཏང་མྱོང་ཨང་།ངའི་བརྩེ་དུང་གི་རྒྱལ་སྲས་ལགས།ལྗོན་ཤིང་གི་འདབ་ལོ་འཁྲིགས་པའི་ཨར་འ དམ་གྱི་ལམ་ཆུང་འདིའི་ཐོག་ཏུ་བདག་ཁྱོད་ཀྱི་དཔུང་བར་འཇུས་ནས་ཐེངས་ག་ཚོད་ཅིག་བསྐྱོད་མྱོང་བ་ཁྱེད་ཀྱིས་ཨེ་ཤེས།ད་དུང་ཟླ་འོད་ཀྱི་ལྷང་འཇགས་བཞུར་བའི་མཚན་མོའི་གཙང་འགྲམ་འདི་ནས་བདག་ཁྱོད་ཀྱི་ཕྲག་པར་ཁེན་ནས་མཚན་མོ་ཅི་ཙམ་ལབསྡད་མྱོང་བ་ཁྱོད་ཀྱིས་བརྩིས་ཨེ་མྱོང་།གང་ལྟར་དེ་དག་ཡོད་ཚད་ནི་འཆར་ཡན་དང་མཛེས་སྡུག་གིས་ཕྱུག་པའི་ཁྱོད་དང་བདག་གི་ཁར་སང་གི་གཏ མ་རྒྱུད་དང་དེ་རིང་གི་དྲན་གདུང་འབའ་ཞིག་མ་ཡིན་ནམ།

སྙིང་སྡུག་ཁྱོད་ཀྱིས་གསལ་བོར་དྲན་ངེས།དེ་རིང་ནི་བདག་གིས་བློས་མི་ཐོངས་པའི་ཁྱོད་རང་གནས་འདི་དང་ཁ་བྲལ་ནས་མི་ལོ་ཧྲིལ་བོ་དགུ་དང་ཟླ་གསུམ་ཏག་ཏག་ཡིན་ལ།ཉིན་མཚན་དབྱེར་མེད་དུ་ཁྱོད་རང་དྲན་བཞིན་པའི་མཛའ་མོ་བདག་མོ་ལོ་ཧྲིལ་བོ་ཉེར་ལྔ་ཟིན་པའི་སྐྱེ་སྐར་ཡང་ཡིན།གང་ལྟར་ཁྱོད་ཀྱི་མཛའ་མོ་བདག་ད་ལྟ་གཞོན་པའི་ལང་ཚོ་ཡོངས་སུ་སྨིན་པའི་སྨན་ཤར ་གཞོན་ནུ་མ་ཤིག་ཆགས་ཟིན་ལ།ཕ་མ་དང་ཉེ་འབྲེལ་གང་མང་གིས་ཁ་ཏ་དང་སེམས་ཁུར་བྱེད་སའི་མོ་རྐྱང་བུད་མེད་དར་མ་ཤིག་ཏུའང་གྱུར་ཡོད།སྤྱི་ཚོགས་ཀྱི་གནོན་ཤུགས་དང་ཕ་མའི་སེམས་ཁུར་གྱི་འོག་འཚོ་བཞིན་པའི་དེ་རིང་།ཐག་རིང་གི་སྙིང་སྡུག་ཁྱོད་རང་རྒྱབ་རི་ཞིག་གི་ཚུལ་གྱིས་བདག་གི་འགྲམ་དུ་ཡོད་ན་ཅི་མ་རུང་བསམ་ཞིང་།ཡང་ན་བདག་ཁྱོད་ཀྱི་དཔུང་བར་འཇུས་ནས་མི་ཁ་དང་འཕྱ ་སྨོད་ཀྱིས་ཁེངས་བའི་མི་ཚེའི་བགྲོད་ལམ་ཐོག་ཏུ་དཔུང་བ་མཉམ་གཞིབ་ཀྱིས་སྐྱོད་བཞིན་ཡོད་ན་ཅི་མ་རུང་བསམ་བྱུང་ཨང་།

འོན་ཀྱང་། ཉེ་ཆར་བདག་གིས་ཁྱོད་ཀྱི་བརྩེ་དུང་གི་མཚོ་མོ་སྐྱོམ་བཞིན་ཕ་མའི་སེམས་ཁྲལ་གྱི་ཁུར་བོ་ཕབ་བཞིན།ངེད་གཉིས་ཁོ་ནར་དབང་བའི་ལྷད་མེད་བརྩེ་དུང་གི་འཇིག་རྟེན་གསར་བ་ཞིག་ཏུ་དཔྱིད་དུས་ཀྱི་སྦྲང་ཆར་བཞིན་ལྷོད་ཀྱིས་འབབ་ཆོག་པའི་གནས་ལུགས་གསར་བ་ཞིག་མཐོང་སོང་།ངའི་རྒྱང་རིང་གི་སྙིང་སྡུག་ལགས།བོད་མིའི་རང་དབང་འཐབ་རྩོད་ཀྱི་འབོད་སྒྲ་ རེ་རེས་ཕོ་ཏ་ལའི་གཟི་བརྗིད་དང་ཡུམ་བུ་བླ་མཁར་གྱི་སྙིང་སྟོབས་ཁུར་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་བྱུང་།རླབས་ཆེ་བའི་འབོད་སྒྲ་འདི་ནི་འགོག་མི་ཐུབ་པའི་རྒྱ་མཚོའི་རྦ་རླབས་བཞིན་མཛའ་མོ་ངའི་བྲང་ཁོག་གཤགས་ནས་ཁྱོད་ཀྱི་བརྩེ་དུང་དང་དབྱེར་མེད་དུ་འདྲེས་སོང།ཁྱོད་ཀྱིས་བདག་ཁོ་ནར་གནང་བའི་ལྷད་མེད་བརྩེ་སེམས་ཀྱི་སྒུལ་ཤུགས་དེ་དང་།ཁྱོད་ཀྱིས་རང་ག ི་མི་རིགས་ལ་ཕུལ་དང་འབུལ་བཞིན་པའི་རླབས་ཆེན་བྱ་བཞག་དེ་དག་གིས་བདག་ཀྱང་རང་དབང་མེད་པར་གནས་ལུགས་དང་ཞི་བདེའི་འཐབ་རྕོད་འདིའི་ཁྲོད་འཐིམས་སུ་བཅུག་སོང་།དེའི་ཕྱིར།དེ་རིང་མཛའ་མོ་ངས་རང་ཉིད་ཀྱང་སྙིང་སྡུག་ཁྱེད་དང་འདྲ་བར་བོད་མི་རིགས་ཀྱི་རླབས་ཆེ་བའི་འཐབ་རྩོད་འདིའི་ཆ་ཤས་ཤིག་ཏུ་གྱུར་ན་ཅི་མ་རུང་བསམ་ཞིང་།རང་ཉིད་ཀྱིས་ཀྱང་སྙིང་སྡུག་ཁྱེད་དང་འདྲ་ བར་རང་གི་མི་རིགས་དང་རྒྱལ་ཁབ་ལ་ལེགས་སྐྱེས་ཅུང་ཤིག་འབུལ་སྙིང་འདོད་བྱུང་།འདི་ནི་ཐག་རིང་གི་སྙིང་སྡུག་ཁྱོད་ཀྱིས་བདག་ལ་གནང་པའི་རླབས་ཆེན་གྱི་གདམ་ག་ཞིག་སྟེ།མཛའ་མོ་ངས་རང་ཉིད་ཀྱི་ཡོད་ཚད་ཁྱོད་ལ་འབུལ་བའི་གོ་རིམ་ཞིག་ཀྱང་ཡིན་ངེས།

ངའི་རྒྱང་རིང་གི་སྙིང་སྡུག་ལགས།གཅིག་བྱས་ན་འཕྲིན་ཡིག་འདི་ཁྱོད་ཀྱི་ལག་ཏུ་འབྱོར་དུས་ང་རང་མཛེས་སྡུག་གི་འཇིག་རྟེན་གཞན་ཞིག་ཏུ་བཞུད་ཟིན་ཡོད་སྲིད་ལ།ཡང་ན་མནར་གཅོད་ཀྱི་གོ་རིམ་བཞན་ཞིག་གི་ཁྲོད་དུ་འགྲོ་ལྡོག་བྱེད་བཞིན་ཡོད་ཀྱང་སྲིད།གང་ལྟར་ཡང་ཁྱོད་ཀྱིས་གཏན་ནས་སེམས་ཁྲལ་མ་གནང་རོགས།མཛའ་མོ་བདག་ལ་ཁྱོད་ཀྱིས་གནང་བའི་ལྷད་མེད་བརྩེ་དུང་གི་སྟོབས་ཤུགས་དང་སྤོབས་པ་ཡོད་པས།ངས་འདི་ལྟར་ཁེར་རྐྱང་དང་དྲན་གདུང་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་རང་དབང་གི་འཇིག་རྟེན་གཞན་ཞིག་ནས་ཁྱོད་ཀྱི་བརྩེ་དུང་གི་མཚོ་མོ་བསྐྱོམ་དུ་འཇུག་ན་འདོད།ད་དུང་ངས་འདི་ལྟར་རྒྱ་མཚོའི་རྦ་རླབས་བཞིན་འཕྱུར་བཞིན་པའི་རང་དབང་གི་འབོད་སྒྲ་འདིའི་མཐོ་སར་བུད་དེ་ཁྱོད་ཀྱིས་བདག་ལ་གནང་བའི་ལྷད་མེད་བརྩེ་དུང་ལ་བདེན་དཔང་གི་ ཐ་ཚིག་བསྒྲག་ན་འདོད།ངའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྡུག་ལགས།ང་གཏན་དུ་ཁྱེད་ཁོ་ནར་དགའ་ཞིང་ཁྱེད་ཁོ་ནར་དབང་བ་ཡིན།

4 comments:

  1. ཆུ་ཚོད་ཡོད་དུས་ཞིག་ལ་ལྷོད་ལྷོད་བྱས་ནས་ཀློག་ཆོག   དེང་སང་དུས་ཚོད་མི་འདུག    ཡིག་སྒྱུར་གྱི་ལས་ཀ་འདིས་ངའི་མིག་ཕལ་ཆེར་རྩ་མེད་བཟོ་གི་ཡོད་པ་འདྲ།

    ReplyDelete
  2. བརྩེ་འཕྲིན་དེ་འབྲི་དང་ཀློག་མཁན་གཉིས་ཀ་ལས་སླ་པོ་མི་འདུག

    ReplyDelete
  3. དངོས་གནས་སེམས་པ་སྐྱོ་ལ་མིག་ཆུ་རང་དབང་མེད་པར་བཞུར།

    ReplyDelete
  4. དངོས་གནས་ལྷུག་རྩོམ་འདི་ཡིད་དབང་འཕྲོག་པ་ཞིག་རེད་ལ། མི་འགྱངས་པར་འཕྲིན་ཡིག་ཚང་མ་ཀློག་ཐུབ་པའི་རེ་བ་བྱེད་བཞིན་ཡོད། རྒྱུ་མཚན་ཅི་ཞིག་ལ་འཕྲིན་ཡིག་དེབ་ཏུ་མི་བསྐྲུན་པ་རེད། འདིས་མི་རིགས་ཤིག་གི་ལས་དབང་མཚོན་ཐུབ་པ་མ་ཟད། གདུག་རྩུབ་ཆེ་བའི་རྒྱ་མིའི་བྱ་སྤྱོད་ཀྱང་མཐོང་ཐུབ་ཀྱི་འདུག

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com