Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Tuesday, January 25, 2011

དེ་རིང་ང་འབའ་ཐང་དུ་ཐོན་ཡོད།

འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ལ་ཕུལ།

འཇིགས་བྱེད་ཚེ་རིང༌།

 
དྲིན་ཆེན་ཨ་མའི་བྱམས་བརྩེ་ཡོད་སའི་ཁྱེད་ཀྱི་ཕ་ཡུལ་འབའ་ཐང་འདི།།
དྲིན་ལྡན་ཕ་ལོའི་ཁ་ཏ་ཡོད་སའི་ཁྱེད་ཀྱི་ཕ་ས་འབའ་ཐང་འདི།།
མཐོན་པོའི་སྤྲིན་དཀར་ཐོད་དུ་བཏེགས་ནས་དེ་རིང་ཨ་ཕོ་ཐོན་ནས་ཡོད།།
ལེ་དབར་སྟོང་གི་ལམ་ཐག་བཅད་ནས་དེ་རིང་འདིར་རུ་སླེབས་ནས་ཡོད།།
 
རྩྭ་ཐང་སྟེང་གི་མེ་ཏོག་དེ་ཚོ་ཁྱེད་ཀྱི་མཛེས་ཉམས་ཨེ་ཡིན་བསམ།།
དྭངས་ཤིང་གསལ་བའི་ཆུ་ཕྲན་འདི་དག་ཁྱེད་ཀྱི་ཁྲག་རྒྱུན་ཨེ་ཡིན་བསམ།།
རི་བོའི་རྩེ་མོ་སྤྲིན་དང་འདྲེས་པ་ཁྱེད་ཀྱི་སྤོབས་པ་ཨེ་ཡིན་བསམ།།
དེ་རིང་དགུང་གི་ཉི་མ་འདི་ཉིད་ཁྱེད་ཀྱི་ཞལ་རས་ཨེ་ཡིན་བསམ།།
 
མི་ལོ་བཅོ་བརྒྱད་བཙོན་དུ་བཅུག་པ་ཕ་ས་འདི་ཡི་ཆེད་དུ་ཡིན།།
གཞན་གྱིས་ཁྱེད་ལ་ཞྭ་མོ་གཡོགས་པ་ཕ་ཡུལ་འདི་ཡི་ཆེད་དུ་ཡིན།།
མར་ལེ་རིང་ལུགས་ནན་གྱིས་བསླབས་པ་བོད་པ་ཚང་གི་ཆེད་དུ་ཡིན།།
མི་སེར་རྒྱལ་ཁབ་ངོ་རྒོལ་བྱས་པ་ཕ་ཁྱིམ་འདི་ཡི་ཆེད་དུ་ཡིན།།
 
ཁྱེད་ཀྱི་གཅེས་པའི་ཕ་ཡུལ་འདི་ཡང་ད་དུང་གཞན་གྱི་དབང་དུ་ཡོད།།
ཁྱེད་ཉིད་དགའ་བའི་འབའ་ཐང་འདི་ཡང་ད་དུང་ཕམ་ཁའི་ཀློང་དུ་ཡོད།།
ཁྱེད་ཀྱི་ཕུ་ནུ་གཉེན་ཉེ་དེ་ཚོར་ད་དུང་བཤུ་གཞོག་གཏོང་མཁན་ཡོད།།
ཁྱེད་ཀྱི་ཕུགས་བསམ་དར་དཀར་འདྲ་བོ་ད་དུང་མ་འགྲུབ་ལྷག་ནས་ཡོད།།
 
དཔའ་རྒོད་སྟོང་གི་ཟུངས་ཁྲག་བཞུར་ས་ཁྱེད་ཀྱི་ཕ་ཡུལ་འབའ་ཐང་རེད།།
སྨན་ཆུང་བརྒྱ་ཡི་ཤེས་རབ་རྒྱས་ས་ཁྱེད་ཀྱི་ཕ་ཡུལ་འབའ་ཐང་རེད།།
ཕ་ཡུལ་འབའ་ཐང་ཡིད་ལ་དྲན་ནས་ཁྱེད་ཀྱིས་མིག་ཆུ་ཨེ་ཤོར་ཐལ།།
ཕ་ས་འཛིན་འདོད་སེམས་ལ་འཆར་ནས་ཁྱེད་ཀྱིས་འོ་བརྒྱལ་ཨེ་མྱོང་ཐལ།།
 
མི་རིགས་འདི་ཉིད་སེམས་ལ་ཉར་ནས་ལོ་ཟླའི་འཁོར་སྐར་ག་ཚོད་འགོར།།
བོད་པ་ཚང་གི་བདེ་སྐྱིད་ཆེད་དུ་རྨི་ལམ་རྨིས་ནས་ག་ཚོད་འགོར།།
བོད་འབངས་ཡོངས་ཀྱི་འཚོ་གནས་ཕྱིར་དུ་འདུར་རྒྱུག་བྱས་ནས་ག་ཚོད་འགོར།།
ད་དུང་མ་འགྲུབ་སེམས་འཁུར་དེ་ཡིས་སྡུག་ལ་སྦྱར་ནས་ག་ཚོད་འགོར།།
 
ཁ་ཐག་རིང་བའི་སྐུ་མགྲོན་ང་ནི་མདོ་སྨད་ཨ་མདོའི་ཕྱོགས་ནས་ཡིན།།
ཁ་མིན་སྙིང་གི་སེམས་གཏམ་འདི་དག་ཁྱེད་ལ་ལེགས་སྐྱེས་ཁྱེར་ནས་ཡོད།།
ཁ་སེམས་མཐུན་པའི་སྤུན་ཟླ་ཁྱེད་ལ་མ་མཇལ་སེམས་པ་སྡུག་ནས་ཡོད།།
ཁ་བའི་ལས་དབང་ཅི་ལྟར་སྡུག་རུང་ང་ཚོའི་འབད་པ་བྱེད་རྩིས་ཡོད།།

2 comments:

  1. བོད་ཀྱི་དཔལ་རྒོད་ཕུན་དབང་ལ་སྙན་ངག་འདི་འདྲ་ཞིག་ཕུལ་བ་འདི་བོད་མི་རིགས་ལ་དུང་ཞེན་ཡོད་པའི་བརྡ་རྟགས་ཞིག་ཅི་ལ་མིན།
    འཇིགས་བྱེད་ཚེ་རིང་ལགས་ཀྱིས་ང་ཚོའི་རྒན་རབས་པ་དག་ལ་འདི་འདྲའི་སྙན་ངག་ཅིག་འདྲི་བ་གུས་པས་ཐུགས་རྗེ་ཆེ་ཞུ།
    སྙན་ངག་འདིར་བཀོད་པ་པོ་དྲ་བདག་ལ་ཡང་ཐུགས་རྗེ་ཆེ་ཞུ།

    ReplyDelete
  2. ཚ་ལྒང་ཕོ་ཉ་ལགས། བསམ་འཆར་གནང་བ་ཐུགས་རྗེ་ཆེ། རྗེས་སུ་རྩོམ་ཡིག་གང་མང་གནང་རོགས། དྲ་རྒྱ་དེས་ཕན་འདོགས་གང་ལེགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com