Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Sunday, October 25, 2009

དཔའ་བོའི་སྙིང་སྟོབས།

གངས་ལྷ་མོ་ནས།

ཁ་བའི་ལྗོངས་སུ་གདོང་དམར་རྗེས་རབས་སྟག་ཤར་གངས་ཕྲུག་གཞོན་ནུ་ཚོས།
འུར་རྡོའི་ཐག་སྒྲས་རྟ་ནོར་ལུག་ཁྱུ་སྤང་ལྗོངས་སྔོན་མོའི་དབུས་སུ་འདྲེན།
དུང་བའི་བརྩེ་གླུ་ལྷང་ལྷང་གྱེར་བཞིན་སྨན་ཆུང་བུ་མོར་སྤྲོ་བ་སྦྱིན།
ཁམས་པའི་བུ་ཆུང་བག་ཡངས་སྤྱོད་བཟང་ཡིད་འཛིན་ཕྲ་མོར་ལྷེན་ནེར་མངོན།


ཕ་ཁྱིམ་འཛིན་དུས་ཤེས་རབ་ཐབས་ཇུས་བློ་གྲོས་བང་མཛོད་ཁྱོད་ལ་ལྡན།
མ་ཁྱིམ་སྐྱོང་བར་བརྩོན་འགྲུས་རྟ་ཕོའི་ཁ་སྲབ་ངར་མོ་ཁྱོད་ཀྱིས་བསྡམས།
བསོད་ནམས་གཡང་འཁྱིལ་ཡུལ་ལུང་ཀུན་དུ་བདེ་སྐྱིད་མ་རྩ་རྒྱ་ཆེར་བསྐྲུན།
ཕ་བཟང་བུ་རྒོད་ཨ་མའི་ཐུགས་སུ་གཟི་མིག་དགུ་སྒྲིག་རྒྱན་ལྟར་བརྗིད།


ཕ་ས་དྲོན་མོར་མཆོག་ཤེས་ཉི་འོག་བག་ཡངས་འཚོ་བའི་ལྷིང་འཇགས་དུས།
ཤར་ཕྱོགས་དམར་པོའི་ངན་སེམས་ཤིག་གིས་མཐོ་སྒང་མཁའ་དབྱིངས་ཡུན་གྱིས་སྒྲིབ།
ཕྱི་དགྲ་བཙན་པོས་ངན་དགུ་ཚང་བའི་བསླུ་བྲིད་ཞག་ནག་འཁོན་པའི་དུས།
རྒན་གཞོན་ཀུན་གྱིས་སྙིང་གི་ངུ་འབོད་སྟག་ཤར་ཁྱེད་ཚོའི་སེམས་ངོར་ལྷུང༌།


མི་རིགས་ལ་རྒྱའི་སྙིང་སྟོབས་བསྐྱེད་དེ་ཕ་ས་དྲོན་མོ་ལྷོདཀྱིས་བྲལ།
གངས་ལྗོངས་ཡུལ་གྱི་བདེ་དོན་དམིགས་ནས་དཔའ་ངར་མེ་ཕུང་མཁའ་རུ་མཆེད།
རྟ་དཀར་ཁྱུང་ཆེན་སྲབ་ཁ་བསྡམས་བཞིན་བཙན་དགྲ་གཏོར་བའི་བློ་སྟོབས་རྒྱས།
ཆོས་ཀྱི་ཞིང་དབུས་མ་བསྐུལ་དངས་བླངས་དཔུང་རོགས་སེམས་རྣམས་ཕྱོགས་གཅིག་འདུས།


གཅེས་པར་འོས་པའི་ཁ་བའི་ཡིད་ཀྱི་སྙིང་ནོར་མགོན་པོར་དབུ་རྩེར་བཀུར།
འཕགས་པའི་ཞིང་དུ་བག་ལྷོད་ངང་ནས་ཆོས་སྲིད་ཁྲི་འཕང་མཐོན་པོར་འཁོད།
བླ་མའི་བཀའ་བཞིན་གཅེས་པར་འཛིན་ཞིང་ཚེ་མཇུག་ལས་ཀྱི་སྣེ་མོར་འགྲིམ།
མི་ཚེ་ཧྲིལ་པོ་བདེན་དོན་ཆེད་དུ་ལོངས་སྤྱོད་ཡོངས་རྫོགས་ཕངས་མེད་དོར།


ཀྱེ་མ་གངས་ལྗོངས་མི་རིགས་དཔའ་ངར་མཚོན་བྱེད་དཔའ་རྒོད་ཁྱེད་རྣམས་ཀྱེ།
རྗེས་རབས་རྒྱུད་འཛིན་ཡིད་ངོར་བརྐོསཔའི་དཔའ་བོའི་སྐུ་བརྙེན་ལྷག་པར་བརྗིད།
གངས་ཅན་པ་ཡི་མདུན་ལམ་གསལ་བྱེད་དྲང་བདེན་གསོན་ཤུགས་ཁྱེད་ཅག་ཀུན།
རྩམ་ཟན་བདག་ཚོའི་བསྟོདདབྱངས་གསན་ཚེ་བསམ་པའི་སྡུག་ཡུས་གྲོལ་བར་མཛོད། །


༢༠༠༨ ༠༦ ༡༦མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླང་དམག་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་ཉིན་མོར་བྲིས།
 

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com