Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Tuesday, March 8, 2011

འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ།

འཕགས་པ་ཀླུ་སྒྲུབ་ཀྱིས་མཛད།

རྒྱ་གར་སྐད་དུ། ཨརྱ་མཉྫུ་ཤྲཱི་བྷ་ཊྚཱར་ཀ་ཀྵ་རུ་ན་སྟོ་ཏྲ། བོད་སྐད་དུ། རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།

ཉེས་པ་མ་ལུས་པ་རྣམས་རབ་གསལ་ཞིང་།།
ཐུབ་པའི་གྲགས་པས་འགྲོ་བ་མ་ལུས་ཁྱབ།།
དཔལ་ལྡན་རབ་ཏུ་བརྟན་པའི་སྐུ་མངའ་བ།།
དཔལ་ལྡན་ཁྱེད་ལ་རྟག་ཏུ་ཕྱག་འཚལ་ལོ།།

བོས་ཤིང་བོས་ཤིང་འགྲོ་བ་མ་ལུས་པ།།
ཕོངས་པ་འདི་དག་ཀུན་ལས་ཁྱེད་སྐྱོབ་མཛད།།
བདག་ནི་སྡུག་བསྔལ་གྱུར་ཀྱང་དམན་ཁྱེད་ཅེས།།
ཅི་ཡི་ཕྱིར་ན་ངེས་པར་སེལ་མི་མཛད།།

བཅོམ་ལྡན་ཁྱེད་ནི་རྟག་པར་ཐམས་ཅད་ལ།།
རྣམ་པ་ཀུན་ཏུ་ཐམས་ཅད་གསལ་གྲགས་ན།།
བདག་ལ་མཐོང་བ་ཙམ་ཡང་མི་སྩལ་བས།།
དེ་ཕྱིར་བདག་ནི་ཤིན་ཏུ་བསྐལ་དམན་ལགས།།

ཡོན་ཏན་ལྡན་ཞིང་ཉེས་པ་སེལ་མཛད་པ།།
བློ་བཟང་འགྲོ་ཀུན་སྐྱོབ་པར་བརྩོན་གྱུར་ན།།
བདག་བློ་ཁྱེད་ལ་མངོན་དུ་ཞེན་ན་ཡང་།།
ཕོངས་པས་གདུངས་པ་ཉིད་དུ་ཅི་ཕྱིར་འགྱུར།།

ཐུགས་རྗེ་བདག་ཉིད་ལྡན་པ་ཁྱེད་ཀྱི་ནི།།
པདྨ་ལྟ་བུ་དག་པའི་སྤྱན་གཉིས་ཀྱིས།།
འགྲོ་བར་ཕན་པར་མཛད་ཀྱང་བདག་སྡུག་པར།།
མ་གཟིགས་པ་ནི་ཀྱེ་མ་སྡུག་བསྔལ་ལོ།།

ཁྱེད་ཀྱིས་ཡིད་འཇགས་དབུགས་འབྱིན་མཛད་པ་ཡི།།
ཕྱག་གི་པདྨ་རིང་དུ་རྟག་རྐྱོང་ཡང་།།
སྐལ་ཉེས་པ་ཡི་ཚ་བས་དེ་ཡང་ནི།།
ཐག་རིང་དུ་ནི་མི་སྣང་ཉིད་དུ་འགྱུར།།

ཁྱེད་ཀྱི་སྙན་ནི་མི་ཉམས་གཙང་བ་དག།
གཉིས་ཀྱིས་ཀྱང་ནི་ལུས་ལ་སྡུག་བསྔལ་གྱིས།།
གཟིར་ཏེ་སྤྱན་སྔར་འོ་དོད་འབོད་གྱུར་ཀྱང་།།
བདག་གི་དམན་པ་ཅི་ཕྱིར་གསན་མ་གྱུར།།

རྣམ་པ་ཀུན་ཏུ་ཐུགས་རྗེས་དྲངས་ཁྱེད་ཀྱིས།།
དམྱལ་བར་སོང་བའི་འགྲོ་རིགས་བདེ་མཛད་ན།།
སྡིག་ཅན་བདག་ལ་བཅོམ་ལྡན་འདས་ཀྱིས་ནི།།
ཐུགས་རྗེ་དེ་ཡང་བརྩེ་བར་མི་མངའ་འགྱུར།།

འཇིག་རྟེན་དམན་ལ་ཕན་པར་མཛད་པ་ཡི།།
ཁྱེད་ལ་གཞོན་ནུའི་རལ་པ་འདི་མངའ་ན།།
གང་འདི་བདག་ནི་སྡུག་བསྔལ་གྱིས་གཟིར་ཀྱང་།།
བསྐྱབ་པར་མི་མཛད་སྡིག་ཅན་བསམ་པས་ཉེས།།

འདི་ན་སྡུག་བསྔལ་ཅན་ནི་གང་ཡིན་ཞེས།།
གླེན་གང་གང་གི་ཕུན་ཚོགས་ཟད་གྱུར་ཅེས།།
དེ་ལྟར་རྣམ་པར་རྒྱུ་ཞིང་སྐྱོབ་མཛད་ཀྱང་།།
བདག་ཕོངས་མ་གཟིགས་ཀྱེ་མ་ངོ་མཚར་ཆེ།།

གང་ཞིག་ལ་ནི་ཚིག་སྦྱིན་གང་ཞིག་ལ།།
འཕྲལ་དུ་ཕུན་ཚོགས་རྒྱུ་ཆེན་སྦྱིན་བྱ་ཞིང་།།
དེ་ལྟར་བརྩོན་པ་ཁྱེད་ཀྱི་མཁྱེན་རབ་ཀྱིས།།
ཅི་ཡི་ཕྱིར་ན་བདག་ལ་སྐྱོབ་མི་མཛད།།

ཁྱེད་ལ་དད་པར་གྱུར་པ་སུ་མི་བདེ།།
ཁྱེད་དང་བསོད་ནམས་དམན་པ་ཞིག་མ་མཆིས།།
བདག་ནི་ཁྱེད་ལ་དད་ཀྱང་སྡུག་བསྔལ་བར།།
ཅི་ཕྱིར་གྱུར་ཅེས་ངོ་མཚར་རྣམ་པར་འཁྲུངས།།

སྡུག་བསྔལ་གཅོད་མཛད་སྨན་པ་ཆེན་པོ་ནི།།
གང་དེ་ཁྱེད་ཀྱང་བདག་ལ་སྤོང་མཛད་ན།།
བསོད་ནམས་བཅོམ་པ་བདག་གིས་གཞན་སུ་ལ།།
སྐྱབས་སུ་མཆི་བར་བགྱི་བ་ཁྱེད་ཀྱིས་གསུངས།།

འགྲོ་ལ་རྟག་ཏུ་བུ་གཅིག་འདྲ་བ་ཡི།།
བརྩེ་བའི་ཐུགས་ནི་མངའ་བཞིན་སྒྲོལ་སྤྱོད་པ།།
ཁྱེད་ཀྱང་གལ་ཏེ་བདག་གནོད་མི་སེལ་ན།།
དེ་ཚེ་བདག་ནི་མགོན་མེད་བཅོམ་པ་ལགས།།

བཅོམ་ལྡན་ཁྱེད་ནི་དྲན་པ་ཙམ་གྱིས་ནི།།
འགྲོ་ལ་འབྲས་བུ་མཉམ་མེད་ཀུན་སྩོལ་ན།།
བདག་ནི་བསྙེན་བཀུར་བགྱིད་ཀྱང་བདག་གི་ཕྱོགས།།
རྣམ་པ་ཀུན་དུ་ཕྱི་བཤོལ་ཅི་ཕྱིར་མཛད།།

དེ་ལྟར་སྨྲེ་གསོལ་བ་ཡིས་ཁྱོད་ཡོན་ཏན།།
ཆ་ཙམ་བརྗོད་ལས་བདག་གིས་དགེ་བསགས་པ།།
གང་ཡིན་དེས་ནི་འགྲོ་ལ་བསོད་ནམས་དག།།
རྒྱ་ཆར་རང་བཞིན་གྲུབ་པའི་བུམ་པ་བཟང་།།

ཡིད་བཞིན་ནོར་བུ་ལྟ་བུ་གཟུགས་སྐུ་ཡི།།
ཞབས་གཉིས་རྒྱུ་བའི་དཔག་བསམ་འདྲ་བ་ཡི།།
ཁྱེད་ཀྱི་གཞོན་ནུའི་ལུས་སུ་བདག་གྱུར་ཅིང་།།
སྐྱེ་བོ་ཀུན་ཏུ་བདག་པོ་ཉིད་གྱུར་ཅིག།།

རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com