Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Sunday, April 15, 2012

ང་ཚོས་ངེས་པར་དུ་སྐབས་དང་དུས་ལ་བབ་པ་འདི་ལ་འཇུ་དགོས།

ཚྭ་རུ་མ་ཐབས་མཁས་ཀྱིས།

རང་རེ་བོད་དང་བོད་པའི་ལས་བསྐོས་ཀྱི་ལས་དབང་གི་ལོ་ཟླ་སྐྱོ་སྣང་དང་། ཛ་དྲག་གིས་བཞུར་དང་བཞུད་ཀྱིན་པའི་དུས་སྐབས་འདིར་། གཞིས་སྡོད་རང་རེའི་སྤུན་ཟླ་ཚོས་རང་སྲོག་བློས་གཏོང་བྱས་པའི་རེ་འདུན་འགྲུབ་ཆེད་དང་། རང་རེའི་རྩ་དོན་གྱི་རང་ཡུལ་རང་སྐྱོང་གི་རང་དབང་འཐོབ་ཕྱིར་དུ་ང་ཚོ་བོད་པ་བྱེས་སྡོད་པ་ཡོངས་ཀྱིས་སྔར་ལས་ལྷག་པའི་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་བཏང་ནས། རང་ཅག་ཡོངས་ལ་འཁྲི་བའི་བོད་དང་བོད་པའི་དེང་སྐབས་ཀྱི་ཛ་དྲག་གི་གནས་ཚུལ་ངོ་མ་འཛམ་གླིང་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་གསལ་བསྒྲགས་ནུས་ཤུགས་ཆེན་པོ་ཨང་དང་པོ་ཞིག་ཡོང་བར་ང་ཚོས་ཐབས་ལམ་ཡོད་རྒུ་བཙལ་ནས་ད་དུང་ཤུགས་སྣོན་བྱ་དགོས་པར་མཐོང་། ད་ལྟའི་མིག་སྔའི་གནས་ཚུལ་ལ་གཞིགས་ན་ང་ཚོའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། མི་མང་བཅས་ནས་རང་རང་གི་འཇོན་ནུས་ལ་དཔག་པའི་ལས་འགུལ་སྤེལ་བར་གང་ཐུབ་ངང་འཕག་འཚག་རྒྱག་གིན་ཡོད་མོད། ད་དུང་རྒྱལ་སྤྱིའི་ཐོག་རྒྱ་མཚོའི་ནང་ཁ་བ་འབབ་པ་ཇི་བཞིན་ང་ཚོའི་ཛ་དྲག་གནས་ཚུལ་དྲིལ་བསྒྲགས་ནི་ཅི་ཡང་གྲག་འགུལ་མེད་པའམ། ང་ཚོའི་ད་ལྟའི་ཧ་ཅང་ཛ་དྲག་གནས་བབ་ལ་དཔག་ན་འཛམ་གླིང་གསར་འགྱུར་ཨང་དང་པོར་མ་སླེབས་ན་ཡང་ཨང་གཉིས་པར་ངེས་པར་སླེབས་དགོས་པ་ཡིན་མོད། ང་ཚོའི་ཛ་དྲག་གནས་ཚུལ་གྱི་གསར་འགྱུར་ཁག་ནི་ཕར་འཛམ་གླིང་རྒྱལ་སྤྱིའི་ཐོག་མི་ཁྱབ་པར་ཚུར་ང་རང་ཚོ་བོད་དང་བོད་པའི་མིག་དང་རྣ་བ་རུ་སྐོར་བ་བརྒྱབས་ནས་ཡོད་པར་མཐོང་གིན་འདུག དེས་ན་འདི་ལ་བསྐྱར་ཞིབ་དང་བསམ་བློ་གཉིས་པ་ཞིག་ངེས་པར་དུ་གཏོང་བའི་དུས་རེད་འདུག རྒྱ་ནག་རྒྱལ་སྤྱིའི་ཐོག་ནུས་ཤུགས་འདི་ལྟར་ཆེ་ན། ང་ཚོས་ཀྱང་ཁ་ཕྱོགས་དང་ལམ་ཁ་གཞན་པ་ཞིག་བཙལ་ནས་ལས་འགུལ་སྤེལ་ན་ཅིས་མི་ཆོག དེང་སྐབས་རྒྱ་ནག་དཔོན་རིགས་ནང་ཁུལ་འཆམ་མཐུན་མེད་པ་དང་། རྒྱ་ནག་གི་མང་ཚོགས་དང་སོག་པོས་ཡར་ལངས་བྱེད་ཀྱིན་ཡོད་པ། ཕྱི་སྡོད་རྒྱ་མི་མང་གཙོ་དོན་གཉེར་པ་དང་རྒྱ་ནག་དང་འགལ་ཟླའི་རྒྱལ་ཁབ་སོགས་འདི་དག་ཡོད་ཚད་ང་ཚོ་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གོ་སྐབས་དང་། འཐབ་གྲོགས་རེ་ཡིན་པ་ངེས་པར་དུ་ཤེས་དགོས་པའི་དུས་ལ་སླེབས་འདུག་སྙམ། ང་ཚོའི་གཞུང་དང་མི་མང་ཡོངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་འགའི་གཞུང་གི་སྒོ་རྩར་འདི་ལྟར་ཞུ་འབོད་བྱེད་པ་གཅིག་པུས་འདང་གི་མེད་པ་ཧ་ཅང་གསལ་པོ་རེད་འདུག མཉམ་འབྲེལ་རྒྱལ་ཚོགས་ནི་ཤོག་གུའི་སྟག་རེད་ཟེར་བ་དོན་ལ་གནས་ཤིང་། རྒྱལ་ཁབ་སུ་ཞིག་ཡིན་ཡང་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཨང་དང་པོར་འཛིན་རྒྱུ་ཡིན་པ་སུས་མི་ཤེས། རྒྱུ་མཚན་དེའི་ཕྱིར་ན་ང་ཚོས་ད་དུང་འདི་ལྟར་མཇུག་འབྲས་མེད་པ་ཤེས་བཞིན་དུ་ཨུ་ཚུགས་བྱེད་པ་རང་གིས་རང་ལ་མགོ་སྐོར་གཏོང་བ་ལྟ་བུའི་ལས་ཀ་ཞིག་དང་། དུས་ཚོད་དང་གོ་སྐབས་མེད་བརླགས་བྱས་པའི་ང་ཚོས་ང་ཚོའི་ལོ་རྒྱུས་ནང་ནག་ཉེས་ཤིག་གསོག་གིན་ཡོད་པར་སེམས། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་རྒྱ་ནག་གིས་ཉོས་པ་མིན་ཡང་ཉོས་པ་འདྲ་བ་དང་། རྒྱལ་ཁབ་སུ་ཡིན་ཡང་རྒྱ་ནག་ལ་དགའ་བཞིན་མེད་ན་ཡང་དགའ་མདོག་དང་འཆམ་མཐུན་མི་བྱེད་ཀ་མེད་ངང་ཡོད་པ། དྲང་བདེན་ནི་ནམ་ཡང་དྲང་བདེན་ཡིན་ཡང་དུས་སྐབས་དང་གནས་ཚུལ་ཛ་དྲག་ལ་ཐུག་ན་ནུས་པ་འདི་ལྟར་ཆུང་བ་སོགས་ལ་བསམས་ན། ང་ཚོས་བཞུད་ཟིན་པའི་རྐང་རྗེས་ནང་ཕྱི་མིག་ཅིག་བལྟས་ནས་བསམ་བློ་གསར་པ་ཞིག་དང་ཐབས་ལམ་གཉིས་པ་ཞིག་འཚོལ་དགོས་པའི་དུས་ལ་བབ་ཡོད་པར་སྙམ།སྐབས་དང་དུས་ལ་སླེབས་ན་འཇུ་དགོས་པ་དང་འཇུ་གི་ཡིན་ཟེར་བའི་ང་ཚོའི་བཀུར་འོས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཡང་ཡང་བཤད་པ་བཞིན་ཁོང་གིས་ཨ་རི་དང་ཡོ་རོབ་ཁུལ། ཉི་ཧོང་སོགས་སུ་ཆེད་བསྐྱོད་ཀྱིས་ལས་འགུལ་ཁྱབ་སྤེལ་བྱས་དང་བྱེད་མུས་སུ་འདུག་ཀྱང་ད་དུང་ཅི་ཞིག་གིས་མ་འདང་བ་ཡིན་ནམ། ང་ཚོའི་རྒྱལ་གཅེས་དཔའ་བོ་དཔའ་མོ་སུམ་ཅུ་ལྷག་གི་གཅེས་སྲོག་མེ་རུ་བསྒྲོན་ན་ཡང་། ད་དུང་སྔོན་བེ་ཁྲི་ནེམ་གྱི་གྲྭ་པ་མེར་སྦར་མཁན་གཅིག་པོ་དེའི་ནུས་པའི་ཤུགས་རྐྱེན་ཙམ་ཡང་རྒྱལ་སྤྱིའི་ཐོག་མ་བྱུང་ཞིང་། རང་རེའི་གཞིས་སྡོད་སྤུན་ཟླ་མང་པོ་བསད་རྨས་དང་བཙོན་འཇུག་གིས་བོད་ནང་ནི་དམྱལ་ཁམས་གསོན་པོ་རུ་བསྒྱུར་བཞིན་ཡོད་ན་ཡང་། ད་དུང་རྒྱ་གར་དང་བལ་ཡུལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་བོད་རྒྱ་ཁོངས་དང་ཆ་ཤས་ཡིན་མིན་གྱི་དྲི་བ་མ་དྲིས་ན་ཡང་ཡིན་པར་བཤད་ཀྱིན་ཡོད་པ་རེད།དེས་ན་ད་ལྟའི་དུས་སུ་ང་ཚོ་བོད་ལ་ང་ཚོ་ལས་ལྷག་པའི་རེ་འབོད་ཞུ་ཡུལ་ཞིག་མེད་པར་སེམས་ན། ད་ནི་བཙན་བྱོལ་བོད་པ་ཡོངས་ཀྱིས་འཆམ་མཐུན་ཆིག་སྒྲིལ་སྔར་ལས་ལྷག་ཅིག་བྱས་ནས་ལས་འགུལ་གྱི་ནུས་པ་ཆེན་པོ་ཞིག་འདོན་རན་ཡིན་ཞིང་། མང་གཙོ་དང་སྨྲ་བརྗོད་རང་དབང་ཁ་ལ་གྱེར་བཞིན་རང་གཞུང་དང་། རང་གིས་བདམས་པའི་འགོ་དཔོན་ཚོར་སྐྱོན་བརྗོད་དང་ལེ་ལན་འདེད་པའི་ཀུ་ཅོ་རེ་ཞིག་མཚམས་བཞག་ནས། ཐབས་ཇུས་དང་གོ་སྐབས་དམ་འཛིན་བྱས་ཏེ་ང་ཚོའི་ནང་ཁུལ་ལ་གཏད་བཞིན་པའི་མདའ་ཁ་མདུང་རྩེ་ཕྱི་རུ་སྐོར་བའི་དུས་ཡིན་པ་ངེས་པར་དུ་ཤེས་རན་རེད་སྙམ། ང་ཚོས་རང་ས་རང་ཡུལ་ཤོར་ནས་དེང་སྐབས་གཞན་ལ་སྐྱབས་བཅོལ་ཞིང་ས་ཆ་གཡར་ནས་བསྡད་ཡོད་པས། ང་ཚོ་ལ་ཆོལ་ཁ་དང་གསར་རྙིང་གི་བོད་པའི་དབྱེ་འབྱེད་མི་དགོས་ཤིང་། ལྷག་པར་དུ་རྒན་རབས་དང་གཞོན་རབས་ཚོས་བསམ་ཚུལ་འགལ་ཟླར་མི་འཛིན་པར་ང་ཚོ་ཚང་མས་ནུས་ཤུགས་ལྷན་ཅིག་ཏུ་བཏོན་ནས། རང་རང་གི་ཤ་རུས་ཀྱི་གསེང་ན་བོད་བཙན་པོའི་ཁྲག་རྒྱུན་ངོ་མ་ཞིག་འཁོར་བསྐྱོད་བྱེད་ཀིན་ཡོད་ན། རང་རེའི་བོད་ཀྱི་ཆེས་ཛ་དྲག་གི་དུས་ཚོད་འདིར་རང་རང་གི་ནུས་པ་དང་འཇོན་ཐང་ཡོད་ཚད་སྤྲུག་སྤྲུག་བྱེད་པའི་དུས་སྐབས་ཡིན་པར་ཤེས་དགོས་སྙམ། ད་ལྟའི་དུས་སྐབས་འདིར་ང་ཚོའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་གི་ཡོད་ཚད་མེ་རུ་བསྒྲོན་པའི་མེ་ལྕེ་འབར་བཞིན་ཡོད་ལ། གཞིས་སྡོད་བོད་པ་ཡོངས་ཀྱིས་བོད་དང་བོད་པའི་སང་ཉིན་གྱི་ཆེད་དུ་མེ་མདའི་རྩེ་ན་ཞི་རྒོལ་དང་ཞི་བའི་འབོད་སྒྲ་ལྷང་ལྷང་ངང་སྒྲོག་གིན་ཡོད། འདས་ཟིན་པའི་ལོ་ཟླ་གང་མང་ལྟར་ང་ཚོས་ད་དུང་ཅི་ཞིག་ཡོང་བ་ལ་ངང་སྒུག་བྱས་ནས་མི་སྡོད་པར། ད་ནི་ང་ཚོས་ཅི་ཞིག་བྱེད་དགོས་པའི་གོམ་སྟབས་ཆེན་པོ་ཞིག་སྤོ་དགོས་པའི་དུས་ལ་སླེབས་འདུག་པར་སེམས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་དོན་གྱི་ལས་འགན་ཡོད་ཚད་ང་ཚོར་གནངས་ཟིན་ན་ཡང་། ང་ཚོས་ད་དུང་ཆབ་སྲིད་ཀྱི་ལས་འགུལ་དོན་ལྡན་ཞིག་ཀྱང་སྤེལ་མི་ཐུབ་པར་བསྡད་ན་༧ ཁོང་གི་དགོངས་གཞི་སྒྲུབ་ཐུབ་ཀྱི་ཡོད་དམ། མ་ཟད་ང་ཚོས་ང་ཚོ་ནི་བོད་ཀྱི་ལོ་རྒྱུས་ནང་ཉེས་མིང་ཁུར་མཁན་གྱི་ཆེས་དམན་པའི་མི་རབས་ཤིག་གི་མིང་བྱང་འབྲི་མཁན་དུ་འགྱུར་བར་ངེས་ན། ང་ཚོས་ངེས་པར་དུ་དུས་ཚོད་ཛ་དྲག་ཅན་འདི་ནས་ང་ཚོའི་རྩ་དོན་ཐོག་གྲོས་བསྡུར་དང་ཆིག་སྒྲིལ། ལས་འགུལ་དང་ཁྱབ་བསྒྲགས་སོགས་སྔར་ལས་ནུས་པ་ཆེན་པོ་ཞིག་དང་། སྔར་ལས་གནད་དུ་ཁེལ་པའི་འཕག་འཚག་གསར་པ་ཞིག་ངེས་པར་རྒྱག་པའི་སྐབས་དང་དུས་ཡིན་ཞིང་། སྐབས་དང་དུས་འདི་མི་ཤོར་བར་བྱས་ཏེ་ང་ཚོས་ངེས་པར་དུ་སྐབས་དང་དུས་ལ་བབས་པ་འདི་ལ་འཇུ་དགོས་པ་དང་འཇུ་བའི་དུས་ལ་སླེབས་འདུག་གོ ། ༡༤ ༤ ༢༠༡༢

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com