Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Monday, April 14, 2014

ལྟ་གྲུབ་ཀུན་བཏུས་ཞེས་བྱ་བའི་ཕྱག་དེབ་མགྱོགས་མྱུར་འདོན་འཆར།

༧གོང་ས་མཆོག་གི་དགོངས་བཞེད་ལྟར་རྩོམ་སྒྲིག་གནང་བཞིན་པའི་༼འཕཊ་ཡུལ་གྱི་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས༽རྩོམ་སྒྲིག་པ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་བྱང་ཆུབ་སངས་རྒྱས་ལཊ་སུ་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་གནང་ཕྱོཊ་དང་ད་ལྟའི་གནས་སྟངས་ཐད་བཅར་འདྲི་ཞུས་ཡོད། 

དྲི་བ། ཐོག་མར་དགེ་བཤེས་ལཊ་ནས་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་གི་བྱུང་རིམ་ངོ་སྤྲོད་ཅིག་གནོངས་དང༌།

ལན། སྤྱིར་བཏང་ྋགོང་ས་མཆོག་ལ་འཕཊ་ཡུལ་གྱི་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཞེས་པ་འདི་ལྟ་བུ་ཞིག་བསྒྲིག་རྒྱུའི་ཐུགས་འདུན་སྔ་མོ་ནས་ཡོད་ཐོག ཕྱི་ལོ་ ༢༠༡༠ ཟླ་ ༦ པར་ངྷ་སྟེང་བོད་ཁྱིམ་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་སྐབས་ནང་པ་སངས་རྒྱས་པའི་བཀའ་བསྟན་གྱི་བརྗོད་བྱ་ཚན་རིག་དང་ལྟ་གྲུབ། ཉམས་ལེན་བཅས་སྡེ་ཚན་གསུམ་དུ་འདུ་ཚུལ་གྱི་རྣམ་གཞག་རྒྱས་པར་བཀའ་བསྩལ་བ་དང༌། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལ་དམིཊ་བསལ་གྱིས་སྒྲིག་འཛུཊ་ཤིག་བཙུཊ་ཏེ། རྩོམ་སྒྲིག་མི་སྣ་དྲག་འདེམས་ཀྱིས་ནང་ཆོས་ནང་བཤད་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་སྟོན་པའི་༼ཚན་རིག་དང་ལྟ་གྲུབ་ཀུན་བཏུས༽ཞེས་པ་ཞིག་གསར་སྒྲིག་གི་ཐུགས་འགན་རྐང་བཞེས་གནང་དགོས་པའི་བཀའ་སློབ་ཕེབས་པ་མ་ཟད། ནང་པའི་གཞུང་དུ་བཤད་པའི་ཚན་རིག་དང་ལྟ་གྲུབ་སྐོར་གྱི་བརྗོད་བྱ་དབྱེ་སྟངས་དང༌། བརྗོད་བྱའི་རྐང་གྲངས་བཅས་ལ་ལམ་སྟོན་གནང། དེ་ནས་མཁན་རིན་པོ་ཆེ་མཆོག་དང་། སྐུའི་གསུང་སྒྱུར་དགེ་བཤེས་རྡོ་རྗེ་དགྲ་འདུལ། ཡང་སྟེང་རིན་པོ་ཆེ། དགེ་བཤེས་ཐུབ་བསྟན་དཔལ་བཟང་། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་བཅས་རྩོམ་སྒྲིག་འགན་འཛིན་ཚོཊ་ཆུང་གིས་བརྗོད་དོན་ས་བཅད་ཀྱི་རགས་ཟིན་ཐོག་མར་བསྒྲིཊ་ཏེ་ྋགོང་ས་མཆོག་ལ་སྤྱན་བསྟར་ཞུས་པའི་ཕྱིར་ཕེབས་ལམ་སྟོན་གཞིར་བཟུང་གདན་ས་ཁག་ནས་དགེ་བཤེས་ ༧༠ དྲག་འདེམས་ཀྱིས་ས་བཅད་བགོ་འགྲེམས་གནང་བ་རེད། དེའི་རྗེས་༧གོང་ས་མཆོག་གིས་སེ་ར་ཐེག་ཆེན་གླིང་དུ་ལམ་སྟོན་བཀའ་སློབ་གནང་བ་ལྟར། དགེ་བཤེས་རྣམ་པས་བཀའ་དང་བསྟན་བཅོས་བོད་སྐད་དུ་འགྱུར་བ་ཡོངས་རྫོཊ་ལས་བརྗོད་གཞི་དང་འབྲེལ་བའི་ལུང་ཁུངས་ས་བོན་འཚོལ་སྡུད་གནང་སྟེ། ༢༠༡༠ ནང་རྩོམ་སྒྲིག་འགན་འཛིན་ཚོཊ་ཆུང་གི་ཚོཊ་མི་དང་དཔྱད་ཞིབ་པ་དགེ་བཤེས་བདུན་ཅུ་བཅས་འབྲས་སྤུངས་སུ་འཛོམས་ཏེ་རྩོམ་གཞིའི་ལུང་ཁུངས་ས་བོན་ཐོག་བགྲོ་གླེང་དང༌། ༢༠༡༡ ལོར་༧གོང་ས་མཆོག་གིས་དགའ་ལྡན་དུ་དཔྱད་ཞིབ་པ་དགེ་བཤེས་རྣམ་པར་རྩོམ་སྒྲིག་གི་ལས་རིམ་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་དང༌། ལོ་དེའི་ཕྱི་ཟླ་ ༤ ནང་གདན་ས་གསུམ་གྱི་གྲྭ་ཚང་དྲུག་ནས་ང་ཚོ་རྩོམ་སྒྲིག་པ་དྲུག་འདེམས་སྒྲུག་བྱས་ཏེ་ལས་གཞི་མགོ་འཛུཊ་ཞུས་པ་རེད།

  དྲི་བ། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་གནང་དགོས་པའི་དམིཊ་ཡུལ་གཙོ་བོ་ག་རེ་ཡིན་ནམ། 
ལན། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་གི་དམིཊ་ཡུལ་གཙོ་བོ། ྋགོང་ས་མཆོག་གི་རླབས་ཆེན་དགོངས་གཞི་དང་རྩ་ཆེའི་ལམ་སྟོན་བཀའ་སློབ་སྔ་ཕྱི་རིམ་ཕེབས་ལྟར། བཀའ་འགྱུར་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་ཡོད་པ་རྣམས་ཀྱི་བརྗོད་བྱ། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་དང་དེ་དང་འབྲེལ་བའི་ལྟ་གྲུབ། ཉམས་ལེན་བཅས་སྡེ་ཚན་གསུམ་དུ་དབྱེ་ཡོད་པ་ལས། ཚན་རིག་དང་ལྟ་གྲུབ་ཀྱི་སྡེ་ཚན་གཉིས་དང༌། ལྷག་པར་སེམས་ཁམས་རིག་པའི་སྐོར་རྣམས་དུས་རབས་ ༢༡ ནང་ཧ་ཅང་གི་ཕན་ཐོཊ་ཡོད་པ་ཞིག་དང་འབྲེལ་པ་ཡོད་པ་ཡིན་དུས། འཛམ་གླིང་སྤྱི་ལ་ཞབས་འདེཊ་བསྒྲུབ་རྒྱུ་དེ་རེད། དེ་ལ་བརྒྱུད་ལམ་གཙོ་ཆེ་བ་གཉིས་རེད། གཅིག་ནི་དེང་སྐབས་འཛམ་བུའི་གླིང་ལ་ཁ་ལོ་ལྟ་བུ་བསྒྱུར་བསྡད་པའི་ཚན་རིག་པས་དཔྱད་ཞིབ་བྱ་རྒྱུའི་སྡེ་ཚན་ནང་ཕྱི་དངོས་པོའི་རྣམ་གཞག་ཙམ་ལས། ནང་ཤེས་པའི་རྣམ་གཞག་གི་སྐོར་མེད་པ་ལྟ་བུ་ཡིན་སྟབས། ཕྱི་དངོས་པོའི་རྣམ་གཞག་གཏན་ལ་ཕབ་པ་ལས་ཀྱང་གཏན་ལ་འབེབས་མཁན་རང་ཉིད་ཀྱི་རང་བཞིན་དང༌། རང་ཉིད་ཀྱི་བདེ་སྡུག་གི་ཚོར་བ་སོཊ་ཀྱི་ཐོག་ཏུ་ཚུར་ཉམས་ཞིབ་བྱ་རྒྱུ་གལ་ཆེན་བ་ཡིན་དུས། ནང་སེམས་ཀྱི་རྣམ་གཞག་རྒྱ་ཆེ་རུ་དང་ཞིབ་ཚགས་ཆེ་རུ་གཏོང་བ་བཅས་ཤེས་བྱའི་རྣམ་གཞག་བཤད་པའི་ཚན་རིག་གི་གཞུང་ཆ་ཚང་བ་ཞིག་ཡོང་ཐབས་བྱ་རྒྱུ་དང༌། གཉིས་པ། མ་འོངས་པའི་འཛམ་གླིང་གང་འདྲ་ཡོང་མིན་ད་ལྟའི་གཞོན་སྐྱེས་ཚོ་ལ་རག་ལས་སྟབས་དེ་དག་གི་སྦྱང་གཞིའི་ཤེས་ཡོན་གྱི་སྡེ་ཚན་ནང་ནང་ཆོས་ནས་བཤད་པའི་ཚན་རིག་དང་ལྟ་གྲུབ་གཉིས་པོ་འཇུག་ཐབས་བྱ་རྒྱུ་དེ་རེད། ང་རང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣམས་ཀྱི་ནང་དུའང༌། གནའ་སྲོལ་བཞིན་ཆོས་སྡེ་ཆེན་པོ་ཁག་ཏུ་སློབ་གཉེར་རྒྱུན་རིང་པོར་བྱ་རྒྱུའི་གོ་སྐབས་མེད་པའི་རིགས་ལའང་བཀའ་བསྟན་གྱི་བརྗོད་བྱ་གཞི་དང་ལྟ་གྲུབ་ཀྱི་རྣམ་གཞག་ལ་ཁུངས་དང་འབྲེལ་བའི་གོ་བ་རགས་རིམ་སྟེར་ཐུབ་པ་དང་། ཚན་རིག་པ་དང་ཉམས་ཞིབ་པའི་ཁྲོད་དུ་སངས་རྒྱས་པའི་གཞུང་ལས་བཤད་པའི་སེམས་ཁམས་ཀྱི་རྣམ་གཞག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་དོ་སྣང་གསར་པ་སླེབ་བཞིན་པ་རྣམས་ཀྱིས་ཚན་རིག་དང་ལྟ་གྲུབ་ཀུན་ལས་བཏུས་པ་འདི་ཉིད་ཀྱིས་ལྡེ་མིག་བྱས་ཏེ། གཏིང་ཟབ་ལ་རྒྱ་ཆེ་བའི་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་ལ་ཞིབ་འཇུག་གི་སྒོ་མོ་ཡངས་པོར་འབྱེད་ཐུབ་པ་སོཊ་མདོར་ན་འཛམ་གླིང་སྤྱི་ལ་ཕན་ཐོཊ་ཡོད་པའི་རྒྱུ་ཆ་ང་ཚོར་ཡོད་པ་ཡིན་དུས་དེ་ཡོང་ཐབས་སུ་གོང་གསལ་སྡེ་ཚན་གཉིས་པོ་ནང་ཆོས་ཀྱི་གཞུང་ལུཊ་རྒྱ་མཚོ་ལྟ་བུ་ལས་ཟུར་དུ་བཏོན་ཏེ་བསླབ་བྱའི་རྣམ་གྲངས་ཀྱི་ངོ་བོའི་ཐོག་ནས་སྦྱང་བའི་གཞིར་གསར་སྒྲིག་ཞུས་པ་ཞིག་རེད།

 དྲི་བ། ཐེངས་འདིའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་པ་སུ་སུ་ཡིན་ནམ། རྩོམ་སྒྲིག་མི་སྣའི་འདེམས་སྟངས་གང་འདྲ་ཡིན་ནམ། 
ལན། ༢༠༡༡ ལོའི་ཟླ་ ༤ བའི་ནང་༧གོང་ས་མཆོག་གི་བཀའ་འབྲེལ་བརྒྱུད་རྩོམ་སྒྲིག་འགན་འཛིན་ཚོགས་ཆུང་གིས། བློ་གསལ་གླིང་གི་དགེ་བཤེས་ངག་དབང་སངས་རྒྱས། བྱང་རྩེ་དགེ་བཤེས་དཔྱི་ས་དྲུང་ཆེན་སྤྲུལ་སྐུ། སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག སེར་སྨད་དགེ་བཤེས་བྱམས་པ་ཡེ་ཤེས། སེར་བྱེས་དགེ་བཤེས་ཡ་མ་བསོད་ནམས། གུས་པ་ཤར་རྩེ་དགེ་བཤེས་བྱང་ཆུབ་སངས་རྒྱས་བཅས་ང་ཚོ་དྲུག་རྩོམ་སྒྲིག་པར་འདེམས་སྒྲུག་གནང་བ་རེད། འདེམས་སྒྲུབ་བྱེད་སྐབས་ཆ་རྐྱེན་གཙོ་བོ་གཞུང་ཆེན་ཆ་ཚང་ཐོན་པའི་ཐོག་རིག་གནས་དང་དེང་དུས་ཀྱི་གློག་ཀླད་བྱང་ཆ་ཡོད་དགོས་པའི་ཆ་རྐྱེན་གཞིར་བཞག་སྟེ་གྲྭ་ཚང་སོ་སོའི་བརྒྱུད་ནས་འདེམས་གནང་བ་རེད། ངེད་ཅག་གི་ནང་ནས་སེར་སྨད་དགེ་བཤེས་བྱམས་པ་ཡེ་ཤེས་དང༌། སེར་བྱེས་དགེ་བཤེས་ཡ་མ་བསོད་ནམས་གཉིས་དགེ་ལུཊ་རྒྱུཊ་སྤྲོད་ཆེན་མོའི་ཕྱག་ལས་སོཊ་ལ་བརྟེན་ནས་དགོངས་ཞུས་ཀྱིས་རྩོམ་སྒྲིག་གི་ཕྱག་ལས་ཐོག་མའི་ཟླ་བ་གསུམ་ཙམ་ལས་གནང་རྒྱུ་མ་བྱུང༌། ད་ལྟ་ང་ཚོ་དགེ་བཤེས་བཞིས་རྩོམ་སྒྲིག་ཞུ་བཞིན་པ་ཡིན།

 དྲི་བ། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་སྐབས་དཀའ་ངལ་གཙོ་བོ་ག་རེ་འཕྲད་ཀྱི་འདུག་གམ། 
ལན། རྩོམ་སྒྲིག་གི་བརྒྱུད་རིམ་ནང་དཀའ་ངལ་ཕྲད་པ་གཅིག་གཉིས་ཤིག་ཞུས་པ་ཡིན་ན། གཅིག ང་ཚོས་ནང་པའི་གཞུང་ནས་བཤད་པའི་ཚན་རིག་དང་ལྟ་གྲུབ་བཅས་སྡེ་ཚན་གཉིས་སུ་ཕྱེ་སྟེ་རྩོམ་སྒྲིག་ཞུ་སྐབས། དཀའ་ངལ་གཅིག་དེ་ཚན་རིག་དང་ལྟ་གྲུབ་དབྱེ་མཚམས་ཀྱི་ཐོག་ནས་འཕྲད་ཀྱི་འདུག སྐབས་རེར་ཚན་རིག་བཤད་ཡོང་དུས་ལྟ་གྲུབ་རང་བཞིན་གྱིས་སླེབས་ཡོང་གི་འདུག མ་བཤད་པ་ཡིན་ན་འཐུས་སྒོ་མ་ཚང་བ་ལྟ་བུའི་དཀའ་ངལ་ཡོང་གི་འདུག གཉིས་པ། དེབ་དེ་གོ་བདེ་བོ་དང་ཁ་གསལ་བོ་ཞིག་རྩོམ་སྒྲིག་ཞུ་དགོས་སྟབས། མཚམས་སྦྱོར་དང་སྤྱི་བཤད་དུ་འགྲེལ་བཤད་གོ་བདེར་བྱས་ཀྱང༌། གཞུང་དངོས་གཞིའི་ཐད་འབྲེལ་ཡོད་ཀྱི་བཀའ་བསྟན་གཞུང་ཚུར་འཇུག་དུས་གོ་ཁག་པོ་ཆགས་ཀྱི་འདུག གསུམ། ནང་པ་ཡིན་མིན་ཚང་མས་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སྦྱང་གཞིར་གསར་སྒྲིག་ཞུ་གི་ཡོད་པས་གཙོ་བོ་ཆོས་དང་མ་འབྲེལ་བ་དང་ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐད་རྣམས་བེད་སྤྱོད་མི་དགོས་པ་གཙོར་འདོན་ཐོག་ལའང་དཀའ་ངལ་ཡོང་གི་འདུག བཞི། སྤྱིར་དེབ་འདི་རྒྱ་གཞུང་འབའ་ཞིག་ལས་བཏུས་ཡོད་ཀྱང་། བོད་ཀྱི་ཆོས་བརྒྱུད་རྣམས་ཀྱིས་རྒྱ་གཞུང་གི་དགོངས་པ་འགྲེལ་ཚུལ་དང་ཆོས་བརྒྱུད་གཅིག་གི་ནང་དུའང་ཡིག་ཆ་སོ་སོས་འགྲེལ་ཚུལ་ལ་མི་མཐུན་པ་ཡོད་པས་དེའི་ཐད་ལའང་དཀའ་ངལ་ཅུང་འཕྲད་ཀྱི་འདུག 

དྲི་བ། ད་ཆར་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་གི་གནས་སྟངས་གང་འདྲ་ཆཊ་ཡོད་དམ།
 ལན། ཐོག་མར་ང་ཚོ་རྩོམ་སྒྲིག་པ་རྣམས་ ༢༠༡༡ ལོའི་ཟླ་ ༤ ནང་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་དུ་འཛོམས་ཏེ་རྩོམ་སྒྲིག་གི་ལས་རིམ་དབུ་འཛུགས་ཞུས་པ་རེད། སྐབས་དེར་ྋགོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ་ཀུན་བཏུས་རྩོམ་སྒྲིག་ཞུ་ཕྱོགས་དང༌། ཚན་རིག་དང་ལྟ་གྲུབ་ཀྱི་དབྱེ་མཚམས། བརྗོད་གཞི་གནད་འགག་ཆེ་རིགས་སོགས་ཀྱི་ཐད་ལམ་སྟོན་བཀའ་སློབ་ཕེབས་པའི་དགོངས་དོན་ལྟར་སྔར་ཡོད་རྩོམ་གཞིའི་ལུང་ཁུངས་ས་བོན་ལ་ཞིབ་འཇུག་ཐོག་ད་དུང་ལུང་ཁུངས་གསར་པ་འཚོལ་སྡུད་དང་། འབྲེལ་ཡོད་བཀའ་བསྟན་ཁག་ལ་ཞིབ་འཇུག་དང་འབྲེལ་བརྗོད་གཞི་ཁག་ལ་གང་ཐུབ་ཀྱིས་ཁ་གསལ་གོ་བདེའི་འགྲེལ་བཤད་ཞིབ་མོར་བྱས་ཏེ། ཚན་རིག་དང་ལྟ་གྲུབ་ཀུན་ལས་བཏུས་པའི་དེབ་ཀྱི་སྒྲོམ་གཞི་བསླངས། ལོ་དེའི་ཟླ་ ༡༢ ནང་འབྲས་སྤུངས་སུ་གདན་ས་གསུམ་གྱི་དགེ་བཤེས་མཁས་དབང་ ༣༠ ཙམ་དང༌། རྩོམ་སྒྲིག་འགན་འཛིན་ཚོགས་ཆུང༌། ངེད་ཅག་རྩོམ་སྒྲིག་པ་བཅས་ནས་དེབ་ཀྱི་རགས་ཟིན་དང་ཐོག་མའི་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་གནང་བ་རེད། དེའི་རྗེས་ལྟ་གྲུབ་ཀུན་བཏུས་སྤྱི་ཁྱབ་སློབ་སྟོན་པ་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་རྩ་བའི་སྒྲོམ་གཞིར་སྐབས་བསྟུན་གྱིས་བསྐྱར་བཅོས་དང་། དཀར་ཆག་ལེགས་བསྒྲིགས་གནང་བ་ྋགོང་ས་མཆོག་ལ་སྤྱན་བསྟར་ཞུས་པའི་ཕྱིར་ཕེབས་ལམ་སྟོན་བཀའ་སློབ་གཞིར་བཟུང་ཐོག་རྩོམ་སྒྲིག་ཞུས་པའི་སྔ་ཕྱིའི་རགས་ཟིན་རྣམས་མཁས་དབང་མང་དག་ཅིག་ལ་གཟིགས་ཞིབ་ཏུ་ཕུལ་བ་དང༌། ༢༠༡༣ ཟླ་ ༡ འབྲས་སྤུངས་སུ་སེམས་དང་སྲོག་གི་ཚོགས་པས་ྋགོང་ས་མཆོག་དབུ་བཞུགས་ཐོག་ཚན་རིག་དང་ནང་པའི་ལྟ་གྲུབ་བར་གྱི་མཁས་པའི་བགྲོ་གླེང་ཚོགས་སྐབས། རྩོམ་སྒྲིག་འགན་འཛིན་ཚོགས་གཙོ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གི་གཙོ་སྐྱོང་འོག གདན་སའི་གྲྭ་ཚང་དྲུག་ནས་དཔྱད་ཞིབ་མཁས་དབང་དགེ་བཤེས་གསུམ་རེ་དང༌། སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་སོཊ་མི་སྣ་ཁག་ཅིག་དང༌། ང་ཚོ་རྩོམ་སྒྲིག་པ་བཅས་ྋགོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ། ར་སྟོད་གྲྭ་ཚང་དུ་ཉིན་གསུམ་རིང་ཚན་རིག་སྐོར་གྱི་རགས་ཟིན་ཐ་མའི་བརྗོད་གཞི་ཁག་ལ་བགྲོ་གླེང་གནང་བ་རེད། ༢༠༡༣ ལོའི་ཟླ་ ༩ ནང་ྋགོང་ས་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཕོ་བྲང་དུ། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང༌། རྩོམ་སྒྲིག་འགན་འཛིན་ཚོགས་ཆུང་གི་ཚོགས་མི་རྣམ་པ། ཟུར་ཉན་ལ་ཕེབས་པའི་མཁས་དབང་ཁག ངེད་ཅག་རྩོམ་སྒྲིག་པ་བཅས་འཛོམས་ཏེ་ནང་པའི་གཞུང་ནས་བྱུང་བའི་ཚན་རིག་གི་རྣམ་གཞག་སྐོར་གྱི་བརྗོད་དོན་ཁག་ལ་ཉིན་ ༥ རིང་དོན་ཚན་རེ་རེ་ཞིབ་ཕྲ་སྙན་སྒྲོན་དང་འབྲེལ་བགྲོ་གླེང་དཔྱད་བསྡུར་གནང་སྟེ། ྋགོང་ས་མཆོག་གི་རྩ་ཆེའི་ལམ་སྟོན་ལྟར་མཐའ་མཇུག་གི་བཟོ་བཅོས་གང་དགོས་ཀྱིས་གཏན་འབེབས་ཞུས་ནས། ད་ལྟའི་ཆར་ཚན་རིག་སྐོར་པོད་གཉིས་ཡོངས་སུ་གྲུབ་པ་དང༌། ལ་དྭགས་དུས་འཁོར་དབང་ཆེན་སྐབས་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དབུ་འབྱེད་དང་འགྲེམས་སྤེལ་བྱ་འཆར་རེད། ལྟ་གྲུབ་སྐོར་སྔ་མའི་སྒྲོམ་གཞིའི་ཐོག་ད་དུང་གསར་སྣོན་དང་ཞིབ་ཚགས་ཟིན་རྗེས་མཐའ་མའི་བགྲོ་གླེང་དང༌། དེའི་རྗེས་སུ་༧གོང་ས་མཆོག་ལ་སྙན་སྒྲོན་ཞུ་རྒྱུའི་བང་བསྒྲིགས་བསྡད་ཡོད་ལ། དེ་མིན་ཉེ་ཆར་༧གོང་ས་མཆོག་གིས་ཚན་རིག་སྐོར་གྱི་དེབ་རྒྱས་པ་དེ་སྤུས་དག་པོ་དང་ཞིབ་ཚགས་པོ་བྱུང་ཡོད་ཅིང༌། ད་དུང་ལས་དང་པོ་བ་རྣམས་འཇུག་པ་བདེ་བའི་ཆེད་དུ་བཀའ་བསྟན་ལུང་ཁུངས་ཀྱི་སྤྲོས་པ་མེད་ཅིང་ད་ལྟའི་དེབ་འདིའི་ནང་གི་སྙིང་པོ་བསྡུས་ཏེ་བསྡུས་པ་ཞིག་གམ་རྒྱས་འབྲིང་བསྡུས་གསུམ་དགོས་ཀྱི་འདུག་ཅེས་གསུངས་པ་ལྟར། ད་ལྟའི་ཆར་ལྟ་གྲུབ་ཀྱི་དེབ་རྩོམ་སྒྲིག་བྱེད་ཞོར་དུ་ཚན་རིག་གི་དེབ་འབྲིང་བ་སྒྲིག་བཞིན་པ་དང༌། ༢༠༡༥ ནང་ལྟ་གྲུབ་སྐོར་ཡང་ཆ་ཚང་ལེགས་གྲུབ་ཡོང་བའི་རེ་བ་བྱེད་བཞིན་ཡོད། 

དྲི་བ། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་འདིས་མ་འོངས་པར་ཕན་ཐོགས་གང་འདྲ་ཞིག་ཡོང་བར་དགོངས་ཀྱི་ཡོད་དམ། 
ལན། འདི་ལོའི་ཟླ་ ༣ ཚེས་ ༡༦ ཉིན་རྩོམ་སྒྲིག་འགན་འཛིན་ཚོགས་ཆུང་དང༌། དེབ་འདི་དབྱིན་ཡིག་ཐོག་ཕབ་སྒྱུར་བ་གཉིས། གུས་ཅག་རྩོམ་སྒྲིག་པ་བཅས་ྋགོང་ས་མཆོག་ལ་མཇལ་བཅར་སྐབས། ཁོང་གིས་བཀའ་གནང་བར། དེབ་འདི་གཉིས་གཙོ་བོ་དེང་རབས་ཀྱི་གཞོན་སྐྱེས་དང་ཚན་རིག་པ་དང་ཉམས་ཞིབ་པ་སོགས་ཀྱི་ཆེད་དུ་བསྒྲིགས་པ་ཞིག་ཡིན་སྟབས། དབྱིན་ཡིག་དང་རྒྱ་ཡིག རྒྱ་གར། སོག་པོ། ཉི་ཧོང་། འཇར་མན། ཧྥ་རན་སི། སི་པན། ཨི་ཊ་ལི། ཝེ་ཐི་ནམ། ཀོ་རི་ཡ་སོགས་སྐད་ཡིག་མང་པོ་ཞིག་གི་ཐོག་ཕབ་སྒྱུར་དགོས་པ་དང༌། རྒྱ་གར་སྐད་ཡིན་ནའང༌། ཧིན་རྡུ་གཅིག་པུ་མིན་པར་རྒྱ་གར་ནང་ཁྱབ་ཆེ་བའི་སྐད་ཡིག་ཁ་ཤས་ཐོག་བསྒྱུར་དགོས་སྐོར་བཀའ་ཕེབས་པ་བཞིན། སྐད་ཡིག་དུ་མའི་ཐོག་ཕབ་བསྒྱུར་ཞུས་རྗེས་ཕྱི་རྒྱལ་བ་ཚོས་སྐད་ཡིག་གཞན་ལ་བརྟེན་མ་དགོས་པར་སོ་སོའི་སྐད་ཡིག་གི་ཐོག་ནས་སློབ་སྦྱོང་བྱ་རྒྱུ་ཞིག་ཡོད་སྟབས་ཕན་ཐོགས་ངེས་ཅན་ཡོང་རྒྱུ་ཞུ་མ་དགོས་པ་རེད། ད་ལྟའི་ཆར་ྋགོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཚན་རིག་པ་དང་གཞོན་སྐྱེས་མང་པོ་ཞིག་གིས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་ཀྱང༌། ཁོང་ཚོར་དཀའ་ངལ་གཙོ་བོ་ནི་ང་ཚོའི་དཔེ་ཆ་མང་པོ་ཞིག་རྒྱས་པོ་དང་མཁྲེགས་པོ་ཡིན་པ་དང༌། གཉིས་ནས་སྐད་ཡིག་མང་པོ་ཞིག་གི་ཐོག་མེད་སྟབས། ཁོང་ཚོ་དོ་སྣང་ཡོད་མཁན་ཚོར་ལམ་སང་ལྟ་ཆོག་ཆོག་ཅིག་དང་སློབ་སྦྱོང་བྱེད་ཆོག་ཆོག་ཅིག་ཡོད་པ་མ་རེད། ང་ཚོའི་དེབ་འདི་བཀའ་བསྟན་ནང་ཡོད་བསྡད་པའི་གཞིའི་རྣམ་གཞག་དང་ལྟ་གྲུབ་སྐོར་གྱི་སྙིང་པོ་བསྡུས་ཏེ་གོ་བདེ་ཞིང་ཁ་གསལ་བ། རྒྱས་པོ་དང་མཁྲེགས་པོ་མེད་པ་དེབ་གཞི་གཅིག་གཉིས་ཀྱི་ནང་བསྒྲིགས་ཡོད་སྟབས། དཔེ་ཆ་ལྟ་མཁན་དང་ལྷག་པར་དཔེ་ཆ་མང་པོ་ཀློག་རྒྱུའི་དུས་ཚོད་ཀྱི་དཀའ་ངལ་ཡོད་པ་རྣམས་ལ་ལྟ་བདེ་འཚོལ་བདེ་ཡོང་རྒྱུར་ཕན་ཐོགས་ཡོང་གི་རེད་སྙམ། ལྷག་པར་ང་ཚོའི་དེབ་འདིའི་ནང་བཀའ་བསྟན་གཉིས་ཀྱི་ཆོས་ཚན་མི་<འདྲ་བ་ ༢༠༠ ལྷག་ནས་གཞུང་ཚན་ལུང་ཁུངས་ ༡༠༠༠ ཡས་མས་བསྡུས་ཡོད་སྟབས། ཉམས་ཞིབ་བྱེད་མཁན་དང་རྩོམ་སྒྲིག་བྱེད་མཁན་ཚོའི་རྒྱུ་ཆ་གལ་ཆེན་ཆགས་ཀྱི་རེད་སྙམ། 

དྲི་བ། ནང་ཆོས་ནས་བཤད་པའི་ཚན་རིག་དང་ལྟ་གྲུབ་ཅེས་པ་གོ་དོན་གང་འདྲ་ཞིག་ཡིན་པ་དང་དེབ་འདིས་དེང་དུས་ཀྱི་ཚན་རིག་ལ་རམ་འདེགས་ཀྱི་ནུས་པ་ག་རེ་ཐོན་ཐུབ་པར་དགོངས་ཀྱི་ཡོད་དམ། 
ལན། ནང་ཆོས་ནས་གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་འཆད་པ་ན། བཟང་ངན་དང་བླང་དོར་གྱི་དབྱེ་བ་མ་ཕྱེ་བར་རང་རང་གི་རང་བཞིན་ནམ་དངོས་པོའི་གནས་ཚུལ་གང་ཡིན་པ་དེ་གཏན་ལ་ཕབ་ཡོད་པ་རེད། དེ་ལ་ནི་ནང་ཆོས་ནས་གསུངས་པའི་ཚན་རིག་ཟེར་གྱི་ཡོད་པ་རེད། ནང་ཆོས་ཀྱི་ཆོས་སྐད་ལྟར་ན་གཞི་དངོས་པོའི་གནས་ཚུལ་ཞེས་པ་དེ་ཡིན། ཐ་སྙད་དེ་ྋགོང་ས་མཆོག་གིས་གསར་གཏོད་མཛད་གནང་བ་ཞིག་རེད། གཞིའི་གནས་ཚུལ་ལ་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་རང་གི་ངང་གིས་ཡོད་ལ། སྡུག་བསྔལ་ཞེས་པ་དེ་རྒྱུ་མེད་རྐྱེན་མེད་དུ་གྲུབ་པའམ་མི་མཐུན་པའི་རྒྱུ་ལས་བྱུང་བ་ཞིག་མིན་པར་རྒྱུ་དང་རྐྱེན་སྣ་ཚོགས་པ་ཚོགས་པས་བྱས་པ་དང༌། རྒྱུ་རྐྱེན་དེ་དག་ཀྱང་བསྒྱུར་དུ་མེད་པའི་གཏན་དུ་བ་ཞིག་མིན་པས་བདེ་སྡུག་གཉིས་པོ་དེ་འགྱུར་བའི་རང་བཞིན་ཅན་ཡིན་པའི་ཚུལ་སོགས་གཞི་དངོས་པོའི་གནས་ཚུལ་གཞི་ལ་བཞག་པའི་ཐོག་ནས་ལྟ་གྲུབ་ཀྱི་སྐོར་འགྲེལ་བརྗོད་བྱེད། ནང་པའི་ལྟ་གྲུབ་ཅེས་པ་ནི་རྩ་བ་བརྟེན་ནས་འབྱུང་བའི་རྟེན་འབྱུང་ངམ་བརྟེན་ནས་བཏགས་པའི་རྟེན་འབྱུང་གཞི་ལ་བཞག་པའི་ཐོག་ནས་གཞི་དངོས་པོའི་གནས་ཚུལ་ལམ་བདེན་དོན་ལ་དཔྱོད་པའི་ཐབས་དང་དེས་རྙེད་པའི་གྲུབ་དོན་ཞིག་ལ་འཇོག་དགོས་ལ། བརྟེན་ནས་འབྱུང་བའི་རྟེན་འབྱུང་ངམ་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་དང་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་ལྟ་བ་གཉིས་ནི་ནང་ཆོས་ཀྱི་ལྟ་གྲུབ་གཙོ་བོ་རེད། སྤྱིར་རྒྱལ་བའི་བཀའ་དང་འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱི་གཞུང་དག་ལས་ཡུལ་དུས་གནས་སྐབས་མི་འདྲ་བའི་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་པ་དང་བསྟུན་ཏེ་གསུངས་པ་དུ་མ་ཞིག་ཡོད་སྟབས། འདིར་བཤད་པའི་གནས་དུ་མ་ཞིག་དེང་དུས་ཚན་རིག་པས་བཤད་པ་དང་མཐུན་དགོས་པའི་ངེས་པ་མེད་ལ། ནང་པ་སྤྱིའི་བཞེད་པ་ཡིན་པས་ཁྱབ་པའང་ཡོད་པ་མ་རེད། ཡིན་ནའང་དེང་དུས་ཚན་རིག་པས་དཔྱད་ཞིབ་བྱ་ཡུལ་དང་གྲུབ་མཐའ་གོང་འོག་གི་འདོད་ཚུལ་དང་ཁྱད་པར་ཤེས་པ་ལ་ཕན་ཐོགས་ཡོང་གི་རེད། གཙོ་ཆེ་ཤོས་དེབ་གཉིས་པ་སེམས་ཁམས་རིག་པའི་རྣམ་གཞག་སྐོར་རེད། སེམས་ཁམས་རིག་པའི་སྐོར་ལ་ནང་པའི་གཞུང་ནས་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་གནང་ཡོད་དུས། ཁོང་ཚོར་ཕན་ཐོགས་རླབས་ཆེན་ཡོང་རྒྱུར་སོམ་ཉི་མི་དགོས་པ་ཞིག་རེད། ཕྱིའི་གཟུགས་ཅན་གྱི་སྐོར་ལ་ང་ཚོའི་གཞུང་ནང་བཤད་པ་ལས་དེང་དུས་ཚན་རིག་པས་བཤད་པ་ཞིབ་ཚགས་པ་ལྟ་བུ་ཡོད་ཀྱང་ནང་ཤེས་པའི་རྣམ་གཞག་ཐོག་ནས་ཚན་རིག་པ་དང་ང་ཚོ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་རེད་བསམ་གྱི་འདུག 

དྲི་བ། ད་ལྟ་གྲུབ་ཟིན་པའི་ཚན་རིག་གི་སྟོད་ཆའི་ནང་བརྗོད་བྱ་གཙོ་བོ་ག་རེ་འཁོད་ཡོད་དམ། 
ལན། སྤྱིར་བཏང་གཞི་དངོས་པོའི་རྣམ་གཞག་དང་ཚན་རིག་གི་སྐོར་ལ་བརྗོད་བྱེད་སྐབས་བཅུ་གཉིས་དང༌། བརྗོད་བྱ་ཤེས་བྱ་ཡུལ་གྱི་རྣམ་གཞག ཡུལ་ཅན་བློའི་རྣམ་གཞག བློ་ཡུལ་ལ་ཇི་ལྟར་འཇུག་པའི་ཚུལ། བློས་ཡུལ་ལ་ཇི་ལྟར་འཇུག་པའི་ཐབས། ཡུལ་འཇལ་བ་པོའི་གང་ཟག་བཅས་དོན་ཚན་ཆེ་ཁག་ ༥ བསྡུས་ཡོད། དེབ་ཕྲེང་དང་པོའི་སྔོན་གླེང་ངོ་སྤྲོད་དུ་ནང་པའི་གཞུང་ནས་བཤད་པའི་གཞི་དངོས་པོའི་རྣམ་གཞག་དང་དེང་རབས་ཚན་རིག་གིས་གྲུབ་པའི་རྣམ་གཞག་བར་གྱི་འབྲེལ་བའི་སྐོར་དང་། གཞུང་དངོས་གཞིའི་སྐབས་དང་པོ་སྤྱི་བཤད་ལ། ནང་པའི་གཞུང་ནས་དངོས་པོའི་རྣམ་གཞག་གཏན་ལ་འབེབས་པའི་སྤྱི་སྒྲོམ་མི་འདྲ་བར་གསུངས་པའི་ཚུལ། དངོས་པོའི་རྣམ་གཞག་གཏན་ལ་འབེབས་པའི་ཐབས་དང་དཔྱོད་པའི་སྒོ་རིགས་ལམ་སྦྱོང་བའི་ཐབས། སྐབས་གཉིས་པ་ནས་དྲུག་པའི་བར་གཟུགས་ཅན་གྱི་ངོ་བོ་དང་ཕྱི་ནང་གི་གཟུགས། འབྱུང་བ་དང་འབྱུང་གྱུར་གྱི་ཁྱད་པར། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས། རྒྱུ་འབྲས་ཀྱི་རྣམ་གཞག འདུས་མ་བྱས་ཀྱི་ཆོས། མཚན་མཚོན་གཞི་གསུམ། གཅིག་དང་ཐ་དད་ཀྱི་རྣམ་གཞག སྤྱི་དང་བྱེ་བྲག རྫས་ཆོས་དང་ལྡོག་ཆོས། འགལ་བ་དང་འབྲེལ་པ། དགག་པ་དང་སྒྲུབ་པ། གཞལ་བྱའི་གནས་གསུམ། དུས་ཀྱི་ངོ་བོ་དང་དུས་གསུམ་འཇོག་པའི་ཚུལ། དུས་ཀྱི་ཐུང་མཐའ་ལས་བརྩམས་པའི་དཔྱད་པ། མི་རྟག་པ་ཕྲ་མོ་འཇོག་ཚུལ། གཟུགས་ཅན་རྩོམ་བྱེད་ཀྱི་རྡུལ་ཕྲ་མོའི་རྣམ་གཞག མངོན་པའི་གཞུང་ནས་གསུངས་པའི་སྣོད་བཅུད་ཀྱི་འཇིག་རྟེན་འབྱུང་འཇིག་གི་སྐོར། དུས་འཁོར་ནས་གསུངས་པའི་མཁའ་རྡུལ་དང་གོ་ལའི་འཁོར་བགྲོད། ཨཱརྱ་བྷ་ཊའི་རྩིས་གཞུང་ཨརྱ་བྷ་ཊི་ཡམ་ལས་བཤད་པའི་གོ་ལའི་འཁོར་བགྲོད། འཇལ་བྱེད་ཀྱི་ཚད་དང་གྲངས་ཀྱི་རྣམ་གཞག མདོ་སྡེ་དང་དུས་འཁོར་སྨན་གཞུང་བཅས་ནས་མངལ་དུ་ལུས་ཀྱི་ཆགས་རིམ་གསུངས་པའི་ཚུལ། སྔགས་ཀྱི་གཞུང་ནས་གསུངས་པའི་རྩ་རླུང་ཐིག་ལེའི་རྣམ་གཞག་ཞར་བྱུང་སྨན་གཞུང་ནས་བྱུང་བའི་རྩ་རླུང་དང་ཀླད་པའི་རྣམ་གཞག ལུས་སེམས་ཀྱི་འབྲེལ་པའི་སྐོར་སོགས་ཤེས་བྱ་ཡུལ་གྱི་རྣམ་གཞག་བཅས་ཞིབ་རྒྱས་སུ་བཀོ་ཅད་ཡོད། 

དྲི་བ། ཚན་རིག་སྐོར་གྱི་སྨད་ཆའི་བརྗོད་བྱ་དང་ནང་དོན་གཙོ་བོ་ག་རེ་འཁོད་ཡོད་དམ། 
ལན། ཚན་རིག་སྐོར་གྱི་སྨད་ཆའི་བརྗོད་བྱ་གཙོ་བོ་ཡུལ་ཅན་ཤེས་པའི་སྐོར་རེད། དེར་ནང་གསེས་ཡུལ་ཅན་བློའི་ངོ་བོ་དང་དབྱེ་ཚུལ། དབང་ཤེས་དང་ཡིད་ཤེས་གཉིས་ཀྱི་ཁྱད་པར། དབང་ཤེས་ཀྱི་རྐྱེན་གསུམ། རྟོག་པ་དང་རྟོག་མེད་ཀྱི་བློ། ཚད་མ་དང་ཚད་མིན། འཁྲུལ་པ་དང་མ་འཁྲུལ་པའི་ཤེས་པ་བཅས་ཀྱི་ཁྱད་པར། སེམས་དང་སེམས་བྱུང་གི་ཁྱད་པར། མངོན་པ་གོང་འོག གཞི་བསྡུ་བ། མདོ་དྲན་པ་ཉེར་བཞག གནས་བརྟན་སྡེ་པའི་གཞུང་སོགས་སུ་བཤད་པའི་སེམས་བྱུང་གི་རྣམ་གཞག སེམས་བྱུང་གི་གྲངས་ཕྱོགས་གཅིག་ཏུ་བསྡོམས་པ། ཐེག་པ་ཐུན་མོང་བའི་གཞུང་དང་སྔགས་བླ་མེད་ཀྱི་གཞུང་ནས་བྱུང་བའི་སེམས་ཕྲ་རགས་ཀྱི་རྣམ་གཞག བློ་ཡུལ་ལ་འཇུག་པའི་ཚུལ་ལས་སྣང་ཡུལ་དང་འཇུག་ཡུལ་སོགས་བློའི་ཡུལ་གྱི་རྣམ་གཞག དབང་ཤེས་རྣམ་པ་བཅས་མ་བཅས་ཀྱི་སྐོར། རྣམ་པ་འཆར་ཚུལ་ལ་གཟུང་འཛིན་གྲངས་མཉམ་པ་སོགས་ཀྱི་རྩོད་ཚུལ། སེལ་འཇུག་དང་སྒྲུབ་འཇུག་གི་རྣམ་གཞག ཡུལ་ལ་འཇུག་ཚུལ་གྱི་རིམ་པ་དང་སྦྱར་ནས་བློ་རིག་བདུན་གྱི་རྣམ་གཞག བློས་ཡུལ་འཇལ་བའི་ཐབས་སུ་རིགས་པ་བཞི་དང༌། མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་སེལ་བའི་ཐབས་ཐལ་འགྱུར་གྱི་རྣམ་གཞག མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་སེལ་བའི་ཐབས་སྒྲུབ་ངག་གི་རྣམ་གཞག སྒྲུབ་ངག་གི་ཤུགས་བསྟན་བསྒྲུབ་བྱ་དང་དངོས་བསྟན་གཏན་ཚིགས་ཀྱི་རྣམ་གཞག ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་འགྲོས། ཐོས་བསམ་སོགས་ཀྱི་སྐབས་ཀུན་ཏུ་དྲན་པ་དང་ཤེས་བཞིན་བསྟེན་པ་གལ་ཆེ་ཚུལ། ཞི་ལྷག་གཉིས་སོགས་དཔྱད་འཇོག་གི་སྒོམ་གྱི་སྒོ་ནས་བློ་སྦྱོང་བའི་ཐབས། ཡུལ་འཇལ་བ་པོའི་གང་ཟག་གི་རྣམ་གཞག་སོགས་བཀོད་ཡོད་ལ། དེ་དག་ཀྱང་རྒྱལ་བའི་བཀའ་དང་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་གཞུང་ལ་གཏུགས་ཏེ་བཀའ་བསྟན་གྱི་གཞུང་ཚན་མི་འདྲ་བ་ ༡༨༠ ལྷག་ནས་སྐབས་དོན་དང་འབྲེལ་བའི་ལུང་ཁུངས་༩༦༠ ལྷག་བཏུས་ཡོད། 

དྲི་བ། དཔེ་དེབ་འགྲེམས་སྤེལ་ཞུ་ཕྱོགས་དང་སྐད་ཡིག་གཞན་ནང་ཕབ་བསྒྱུར་གནང་ཕྱོཊ་གང་འདྲ་ཡིན་ནམ། 
ལན། དཔེ་དེབ་འགྲེམས་སྤེལ་དང་ཕབ་བསྒྱུར་གྱི་ལས་དོན་ཚང་མ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཐུགས་འགན་བཞེས་གནང་གི་ཡོད་པ་རེད། དབྱིན་ཡིག་ཐོག་སྒྱུར་མཁན་ཕྱི་རྒྱལ་གྱི་མི་གཉིས་སྐད་བཏང་སྟེ་སྒྱུར་བཞིན་པ་རེད། ཁོང་ཚོས་བསྒྱུར་རྗེས་ཞུ་དག་སོགས་དགེ་བཤེས་ཐུབ་བསྟན་སྦྱིན་པ་སོགས་ཀྱིས་གནང་འཆར་ཡོད་པ་རེད། རིམ་པས་རྒྱ་ཡིག་དང་རྒྱ་གར་སྐད་ཐོག་མི་རིང་བར་བསྒྱུར་གཏན་ཁེལ་འདུག་ལ། དེ་དང་དེ་བཞིན་སྐད་ཡིག་གང་མང་ཞིག་གི་ཐོག་བསྒྱུར་འཆར་ཡོད་པ་རེད། གང་ལྟར་སྐད་ཡིག་ཉི་ཤུ་རྩ་གྲངས་ནང་བསྒྱུར་འཆར་ཡོད་པ་རེད། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐོག་མར་དཔར་བསྐྲུན་གནང་འཆར་འདུག་ལ། རིམ་པས་སྡེ་ཚན་ཁག་གཞན་དང་གཞན་ནས་ཀྱང་དཔར་བསྐྲུན་ཞུ་བའི་རིགས་ཡོང་སྲིད་པ་རེད།

 དྲི་བ། ཐེངས་འདིའི་བཅར་འདྲིའི་གོ་སྐབས་བརྒྱུད་དེ་བོད་པའི་སྤྱི་ཚོགས་ནང་བརྗོད་འདོད་པའི་སྐད་ཆ་ག་རེ་ཡོད་དམ། 
ལན། འདི་ྋགོང་ས་མཆོག་གི་བླ་ན་མེད་པའི་དགོངས་གཞིའི་འོག་བརྒྱུད་རིམ་མང་པོ་ཞིག་བརྒྱུད་ཐོག་རྩོམ་སྒྲིག་ཞུས་ཏེ། ཚན་རིག་སྐོར་གྱི་དེབ་གཉིས་ཐོན་ལ་ཉེ་བ་ཆགས་བསྡད་ཡོད་པ་རེད། ང་ཚོ་ཡིན་ནའང༌། འདས་པའི་ལོ་གསུམ་རིང་ཞབས་ཞུའི་གོ་སྐབས་བཟང་པོ་བྱུང་སྙམ་པའི་སེམས་ལ་དགའ་བ་ཡང་ཡང་ཡོང་གི་འདུག ྋགོང་ས་མཆོག་གིས་ནམ་རྒྱུན་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེ་དག་མཆོད་གཤོམ་ནང་བསྒྲིགས་ཏེ་ཕྱག་མཆོད་འབུལ་བྱ་རྒྱུ་ཙམ་མིན་པར། སློབ་དེབ་ཀྱི་འདུ་ཤེས་འཇོག་དགོས་པ་དང་སློབ་སྦྱོང་བྱ་དགོས་པར་གསུངས་པ་བཞིན་དེབ་འདི་ལྟ་བུ་བརྒྱུད་ནས་བཀའ་བསྟན་གྱི་བརྗོད་བྱ་ཁག་ལ་ངེས་པ་རྙེད་ཐུབ་པ་བྱ་རྒྱུ་དང༌། ྋགོང་ས་མཆོག་གི་དགོངས་གཞིའི་འོག་གྲུབ་པའི་ལས་དོན་དེ་གཙོ་བོ་སྤྱི་ཚོགས་ནང་བེད་སྤྱོད་ཚད་ལྡན་ཞིག་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེབ་ཐོན་རྗེས་ཚང་མས་སྣང་མེད་བྱས་ཏེ་བཞག་པ་ཡིན་ན། ྋགོང་ས་མཆོག་གི་དགོངས་གཞི་ཏག་ཏག་སྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། ད་ལྟའི་ཆར་ང་ཚོའི་གདན་སའི་ནང་ནང་ཆོས་སློབ་སྦྱོང་གནང་སྟངས་དང་གནས་ཚད་ཀྱི་ཐད་ཕྱི་རྒྱལ་བ་ཚོས་ལོ་བརྒྱ་ཕྲག་ཁ་ཤས་རྗེས་ཟིན་རྒྱུ་ཁག་པོ་རེད། འོན་ཀྱང་ང་རང་ཚོའི་མི་མང་སྤྱི་བྱིངས་ཀྱི་ནང་ཆོས་ཤེས་ཚད་དང་ཕྱི་རྒྱལ་བ་ཚོ་བསྡུར་བ་ཡིན་ན་ཁོང་ཚོས་དོ་སྣང་དང་སློབ་སྦྱོང་བྱེད་སྟངས་ཤེས་ཚད་སོགས་སྔོན་ལ་འགྲོ་བར་མཐོང་གི་འདུག གཅིག་བྱས་ན་ལྟ་སྟངས་ནོར་སྲིད་ཡོད་རྒྱུ་རེད། མདོ་དོན་སོ་སོའི་གཅེས་ནོར་དེ་ངོས་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ཞུ་རྒྱུ་གཞན་ཞིག་ལ། དེབ་འདི་སྤྱི་ཚོགས་ཐོག་འཐུས་སྒོ་ཚང་མ་ཚང་དང་རན་མ་རན་གྱི་གནས་ཚུལ་ཡོང་སྲིད་པ་ཞིག་རེད། སྤྱིར་འདི་ལ་རྒྱས་འབྲིང་བསྡུས་གསུམ་བཟོ་གཏན་ཁེལ་ཡོད་ལ། རྒྱས་པ་འདི་ནི་རྒྱུ་ཆ་འདེམས་སྒྲུག་ལྟ་བུའམ་ཐོག་མའི་ལས་གཞི་རེད། ད་དུང་དེ་ལས་སྤུས་ཀ་ཇེ་ལེགས་ཇེ་མཐོར་གཏོང་དགོས་པ། ཡང་ན་དེའི་ནང་ནས་སློབ་མའི་ཁམས་དང་བསྟུན་པའི་ཚན་པ་གང་དགོས་ཟུར་བཏོན་བྱས་ནའང་འགྲིག་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཚོགས་པ་སྡེ་ཚན་གང་འདྲ་ཞིག་ཡིན་ཡང་འབྲེལ་ཡོད་སོ་སོའི་དབུར་བཞུགས་མཁན་ཚོས་ཐུགས་འགན་བཞེས་པའི་ཐོག་ནས་དེབ་དེ་གང་འདྲ་ཞིག་གི་ཐོག་བེད་སྤྱོད་གཏོང་དགོས་མིན་དང༌། ྋགོང་ས་མཆོག་གི་དགོངས་གཞི་ལྟར་སྤྱི་ཚོགས་ནང་ཕན་ཐོགས་<གང་འདྲ་བསྐྲུན་དགོས་མིན་ཚང་མས་དགོངས་པ་བཞེས་རྒྱུ་དང་འབྲེལ་ཡོད་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་སྙམ་གྱི་འདུག བཀའ་དྲིན་ཆེ། གསར་འགོད་པ། དོན་གོ ༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད༽

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com