Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Saturday, April 5, 2014

འཛམ་གླིང་ཆུང་ཆུང་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ།

ར་ས་ཕོ་ཉས་པར་དང་བཅས།
འདས་མ་ཐག་པའི་ཟླ་བ་༣ པའི་ཚེས་ ༨ སྟེ་བོད་མི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་གཉིས་ཀྱི་སྔ་ལོགས་སུ། མ་ལེ་ཤའི་རྒྱལ་ས་ཀོ་ལ་ལམ་པུར་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་བར། རྒྱང་ཐག་སྤྱི་ལེ་ཐུང་གྲས་༤༣༩༩ སར་འཕུར་བསྐྱོད་བྱེད་མཁན་གྱི་MH༣༧༠ ཨང་རྟགས་ཅན་གྱི་གནམ་གྲུ་བརླགས་པའི་གནས་ཚུལ་འཐོན་ཡོད། MH༣༧༠ ཨང་རྟགས་ཅན་གྱི་གནམ་གྲུ་དེ་མ་ལེ་ཤ་ནས་འཕུར་ནས་ཚོུད་གཅིག་མ་སོང་ཙམ་གྱི་མཚམས་བརླག་འགོ་ཚུགས་ཡོད་པ་དང་། གནམ་གྲུའི་ནང་དུ་མ་ལེ་ཤའི་ལས་མི་༡༤ དང་རྒྱལ་ཁབ་འདྲ་མིན་༡༤ ཁུངས་ཀྱི་འགྲུལ་མི་༢༢༧ དེའི་ནང་ནས་རྒྱ་ནག་གི་མི་སེར་དུ་གྱུར་པ་༡༥༣ བཅས་ཡོད། འབྲེལ་ཡོད་ཚན་པས་ཐའི་ལན་དྲའི་དང་རྒྱ་ནག་གི་ལྷོ་རྒྱ་མཚོ་བཅས་སུ་བཙལ་བས་མ་རྙེད་སྟབས། རིམ་པའི་འཚོལ་ས་རྒྱ་བསྐྱེད་དེ་མ་ལེ་ཤའི་ཉེ་འཁོར་གྱི་ Strait of Malaccaམ་ལ་ཀ་དང་Andamanཨན་དྷ་མན་རྒྱ་མཚོ་བཅས་སུ་བཙལ་ཅིང་།
ད་དུང་མ་རྙེད་སྟབས་ཚེས་༡༥ ཉིན་འཚོལ་ཡུལ་ད་དུང་རྒྱ་བསྐྱེད་དེ་རྒྱ་གར་རྒྱ་མཚོ་བཅས་སུ་འཚོལ་འགོ་བཙུགས་ཡོད། རྒྱ་གར་རྒྱ་མཚོའི་སྟེང་འཚོལ་དོན་ནི་ཞིབ་འཇུག་པས་གནམ་གྲུ་དེ་དང་པོ་ནུབ་ཕྱོགས་སུ་འཕུར་བ་དང་དེ་ནས་ལྷོ་བྱང་གང་རུང་དུ་ཚོད་༧ རིང་འཕུར་སྲིད་པའི་ཚོད་དཔག་བྱས་པས་ཡིན། ཚེས་ ༡༦་དང་ ༡༨་ཉིན་མཁའ་དབྱིངས་སྟེ་འཛམ་གླིང་གི་ཕྱི་རོལ་ནས་རྒྱ་གར་རྒྱ་མཚོའི་ངོས་ཀྱི་དོགས་གཞི་ཅན་གྱི་དཔར་རིས་གཉིས་ལེན་པར་དོགས་གཞི་བྱས་ཀྱང་། དཔར་རིས་ནང་གསལ་གྱི་དངོས་པོ་རྣམས་གནམ་གྲུའི་ཆ་ཤས་ཡིན་པ་ད་བར་རྭ་འཕྲོད་མེད་སྟབས་ད་དུང་མུ་འཐུད་འཚོལ་བཞིན་པ་ཡིན། ཚེས་༢༨ ཉིན་ཞིབ་འཇུག་ཚན་ཁག་གིས་གནམ་གྲུའི་བརྡ་འཕྲིན་བརླག་པའི་རྗེས་གནམ་གྲུའི་སྣུམ་འཁོར་ལ་སྐྱོན་ཆ་ཤོར་བར་ཚོད་དཔག་བྱས་ནས་སྔར་གྱི་འཚོལ་ས་དེ་གར་འཚོལ་མགོ་བཙུགས་ཡོད། ཉེ་ཆར་གནམ་གྲུའི་སྒམ་ནག་འཚོལ་ཕྱིར་མཚོ་འོག་ཏུ་བསྐྱོད་མགོ་བཙུགས་ཡོད། དེ་ལྟར་གནམ་གྲུ་དེ་བརླག་ནས་ད་བར་ཟླ་ངོ་ཧྲིལ་པོ་གཅིག་ཙམ་འགྲོ་གྲབས་ཡོད་ཅིང་། ཟླ་བ་གཅིག་ལྷག་པ་སོང་རྗེས་གནམ་གྲུའི་Black boxསྒམ་ནག་ནང་གི་མེ་དེ་རྫོགས་ཀྱི་ཡོད་པས་རྙེད་རྒྱུའི་རེ་བ་ཆུང་དུ་འགྲོ་སྲིད་པ་རེད། དེ་ལྟར་གནམ་གྲུ་བརླགས་པའི་གནས་ཚུལ་དེ་ནི་ད་བར་བྱུང་མ་མྱོང་བའི་གནམ་གྲུ་བརླག་ཡུན་རིང་ཤོས་དང་འཚོལ་ཞིབ་ཀྱི་འགྲོ་སོང་ཆེ་ཤོས་དེ་ཡིན། ༢༠༠༩། ༦། ༡ ཉིན་འབར་འཛིལ་ནས་ཧྥ་རན་སིར་བསྐྱོད་མཁན་༤༤༧ ཨང་རྟགས་ཅན་གྱི་གནམ་གྲུ་ཞིག་རྒྱ་མཚོའི་ནང་བརྡབ་སྐྱོན་བྱུང་ནས་ཉིན་ལྔ་རིང་མ་རྙེད་པར་ལུས་ཡོད་ཀྱང་། དེའི་རྗེས་རིམ་པའི་འདས་པོའི་ཕུང་སོགས་རྙེད་ཡོད་ཅིང་གནམ་གྲུའི་སྒམ་ནག་༢༠༡༡ ལོར་གཞི་ནས་རྙེད་ཡོད། ད་ཐེངས་ཀྱི་གནམ་གྲུ་དེ་འཚོལ་བར་འགྲོ་འགྲོན་ཨ་སྒོར་བྱི་བ་༢༨ ལྷག་པ་འགྲོ་ཡོད་ལ། ད་དུང་འཚོལ་མཚམས་མ་བཞག་ན་མུ་འཐུད་འགྲོ་འགྲོན་ཆེན་པོ་དེ་ལས་ལྷག་པ་འགྲོ་རྒྱུ་ཡིན། ད་བར་གནམ་གྲུ་བརླག་པའི་དོན་རྐྱེན་དེའི་ཐད་ཚོད་དཔག་དང་དོགས་གཞི་ཞེ་དྲག་མང་པོ་བྱས་ཡོད་ལ། ལྷག་པར་འགྲུལ་མི་རྒྱ་རིགས་མང་པོ་ཞེ་དྲག་ཡོད་པར་བརྟེན་ནས་རྒྱ་ནག་དང་ལངས་ཕྱོགས་མི་མཐུན་པའི་སྒྲིག་འཛུགས་མང་པོ་ཞིག་གིས་འཇིགས་སྐུལ་བྱས་པར་དོགས་པ་ཡང་བྱས་ཡོད། རང་རེ་མི་མང་པོ་ཞིག་གི་སེམས་ནང་འཛམ་གླིང་འདི་ནི་ཆུང་ཆུང་ཞེད་པོ་ཡིན་པ་དང་། ཚན་རིག་གི་ལག་རྩལ་ནི་ཤིན་ཏུ་ཡར་འཐོན་ཡིན་པར་ངོས་འཛིན་ཡོད་པ་དེར་ད་ཆ་དྲི་རྟགས་ཤིག་ངམ་ཤུགས་ཀྱིས་ཐོབ་ཡོད། འཛམ་གླིང་ནི་ས་བཀྲའི་ནང་ཐིགས་རྒྱབ་པ་ནང་བཞིན་འཕྲུལ་ཆས་ཀྱི་མིག་ལམ་དུ་མེད་ལ། གློག་བརྙན་གྱི་ནང་དུ་བསྟན་པ་ནང་བཞིན་ཆུང་ཆུང་དང་གང་དགར་འགྲོ་བསྐྱོད་བདེ་བ་ཞིག་མེད། དེར་མ་ཟད། ལོ་རྒྱུས་སོགས་ཀྱི་ནང་དུ་སྦས་ལུང་དེ་འདྲ་ཡོད་པ་རྟག་ཏུ་བཤད་ཀྱི་ཡོད་ལ་མཐོང་རེག་བྱས་པའི་མི་མང་པོ་བྱུང་དེ་དག་ཀྱང་མཐའ་གཅིག་ཏུ་བརྫུན་མཁན་དང་འཕྲུལ་སྣང་ཅན་ཡིན་པར་ཡང་བཤད་དཀའ་བ་ཡིན། མདོར་ན། འཛམ་གླིང་ཆུང་ཆུང་འདིའི་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ་ཟླ་ངོ་གཅིག་ཙམ་སོང་ཀྱང་ཚན་རིག་པ་དང་འཕྲུལ་ཆས་ཀྱིས་མ་རྙེད་པ་དེས། ད་བར་ང་རང་ཚོས་ཚན་རིག་དང་འཕྲུལ་ཆས་ལ་འདེང་འཇོག་བྱེད་ཆེ་དྲག་པའམ། ཡང་ན་འཛམ་གླིང་དེ་ཚན་རིག་པས་བཤད་པ་ནང་བཞིན་ཆུང་ཆུང་ཞིག་མིན་པར་བརྗོད་ཐུབ། ༢༠༡༤། ༤། ༥ ཉིན་ར་ས་ཕོ་ཉས།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com