Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Saturday, February 20, 2010

འགྲུལ་བཞུད་ཐེངས་གཅིག་གི་གླེང་མོལ། (༢༠༡༠ལོའི་ལོ་གསར་ཚེས་གཅིག་ཉིན་མོར་བྲིས།)

བསེ་རུ།


ང་རང་ལས་དོན་ཞིག་གི་རྐྱེན་པས་ལྡི་ལིར་འགྲོ་དགོས་བྱུང་བའི་ཕྱི་དྲོ་དེར་སྤྱི་སྤྱོད་རླངས་འཁོར་དུ་ཞུགས་ཏེ། རང་ཉིད་འདུག་སྟེགས་འཚོལ་སྐབས། ངའི་སྡོད་སའི་མདུན་ངོས་སུ་བུད་མེད་སྐྲ་དེ་ཙམ་རིང་པོ་མེད་པའི་གཞོན་ཤ་ཅན་ཞིག་མཐོང་བྱུང་། ངས་ཁོང་ཕྱི་སོག་གི་བུད་མེད་ཅིག་རེད་བསམས་ཏེ་ངས་དེ་ཙམ་དོ་སྣང་བྱས་མེད། དེ་ནས་རླངས་འཁོར་ཐོན་གྲབས་བྱེད་སྐབས། བུད་མེད་དེ་ངའི་འགྲམ་དུ་རྐུབ་སྟེགས་སྟོང་པ་ཞིག་ཡོད་སྟབས་དེར་སྣང་མེད་ངང་བསྡད་སོང་། ཏོག་ཙམ་སྒུག་རྗེས་ངས་དབྱིན་སྐད་ཐོག་ནས་ཁྱེད་རང་གང་ནས་ཡོང་བ་ཡིན་ནམ་ཞེས་དྲིས། ཁོང་གིས་ང་རྒྱ་ནག་ནས་ཡོང་བ་ཡིན་ཞེས་བཤད་མ་ཐག་ངས་འཛུམ་མདངས་དང་བཅས། ཁྱེད་རང་རྒྱ་སྐད་ཤེས་ཀྱི་ཡོད་པ་མ་རེད་དམ་ཞེས་བཤད། ཁོང་གིས་ཡིན་དང་ཡིན་ཞེས་བཤད་བྱུང་། ངས་ཀྱང་དབྱིན་སྐད་དེ་ཙམ་ཤེས་ཀྱི་མེད་སྟབས། སྟབས་ལེགས་པ་ལ་ཨང་སྙམ་བྱུང་། ངས་ཀྱང་རྒྱ་སྐད་ཀྱི་ཐོག་ནས་ཁོང་ལ་འཚམས་འདྲི་བྱས་ཏེ་གཤམ་གྱི་གླེང་མོལ་ཡོད་ཚད་རྒྱ་སྐད་ཀྱི་ཐོག་ནས་བྱས་པ་ཡིན། ངས་ཁོང་ལ། ཁྱེད་རང་རྒྱ་ནག་ས་ཆ་གང་ནས་ཡིན་ནམ་ཞེས་དྲིས་པས། ཁོང་གིས་ང་རྒྱ་ནག་ཧུའུ་ནན་ནས་ཡིན། རྡོ་རྗེ་གདན་དང་ཝ་ར་ཎ་སི་སོགས་སུ་གནས་མཇལ་དུ་ཕྱིན་པ་ཡིན་ལ་༸གོང་ས་མཆོག་གི་དྲུང་ནས་གསུང་ཆོས་དང་རྒྱ་ནག་ནས་ཡོང་མཁན་རྒྱ་མི་སུམ་ཅུ་ལྷག་ཙམ་འདུག་སྟབས། ང་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་ཀྱང་གནང་བྱུང་ཟེར། སྐད་ཆ་ཤོད་མཚམས་འདིར་སླེབས་སྐབས་ངས་གཞི་ནས་ཁོ་མོའི་མིང་ལ་ཅི་ཟེར་ཞེས་དྲིས་ཤིང་ངའི་མིང་ཡང་ཁོ་མོར་བཤད། མིང་ལམ་སེང་འདྲི་བའི་ལུགས་སྲོལ་མེད་པ་འདི་ང་བསེ་རུའི་ཁྱད་ཆོས་ཤིག་ཡིན་སྲིད་ལ་བསེ་རུའི་རིགས་རྒྱུད་དེའི་ཁྱད་ཆོས་ཤིག་ཀྱང་ཡིན་སྲིད།



ངས་ཁྱེད་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ཆ་ཚང་གོ་བྱུང་ངམ་ཟེར་སྐབས། བརྒྱ་ཆ་བརྒྱ་ཐམ་པ་སྐད་སྒྱུར་ལ་བརྟེན་དགོས་སྟབས། ཆ་ཚང་བ་གོ་གི་མི་འདུག གང་ཡིན་ཟེར་ན། བོད་པ་ཚོ་གད་མོ་དགོད་པའི་གནས་ཚུལ་དེ་འདྲ་ཡོང་སྐབས་ང་ཚོར་གད་མོ་དགོད་རྒྱུ་མེད་པ་དེ་འདྲ་ཡང་བྱུང་སོང་ཟེར། ཡང་ངས་རྒྱ་ནག་ནས་ཁྱེད་རང་གཅིག་པུར་རྒྱ་གར་དུ་ཇི་ལྟར་ཡོང་བ་ཡིན་ནམ་ཞེས་དྲིས་སྐབས།ངའི་ཐོངས་མཆན་ལག་ཁྱེར་ལ་བརྟེན་ནས་བལ་ཡུལ་དུ་ཡོང་། བལ་ཡུལ་ནས་རྒྱ་གར་དུ་ཚུར་འཛུལ་ཡོང་བ་ཡིན་ཟེར། ངས་བར་བར་དུ་མོ་རང་སྒེར་གྱི་སློབ་སྦྱོང་བརྒྱུད་རིམ་དང་རང་ཉིད་བོད་ནང་དུ་འཚར་ལོངས་བྱས་ཏེ་སློབ་གྲྭ་འགྲིམ་ཚུལ་སོགས་ཀྱང་བཤད་པ་ཡིན། ཞིབ་ཕྲ་འདིར་དགོས་ཕན་མེད་སྟབས་བྲིས་མེད།



ཡང་ངས་ཁོང་ལ་༸གོང་ས་མཆོག་གི་བཀའ་སློབ་སྒྲ་འཇུག་སོགས་བྱས་ཡོད་དམ་མེད་ཅེས་དྲིས་སྐབས། ཁོང་གིས། དེ་འདྲའི་རིགས་རྩ་བ་ནས་བྱས་མེད། དེ་ནི་ཉེན་ཁ་ཆེ་བའི་ལས་ཀ་ཞིག་རེད། འོན་ཀྱང་ངས་གནས་ཚུལ་གལ་ཆེན་རིགས་རྣམས་ཟིན་བྲིས་སུ་བཏབ་ཡོད་ཟེར། ཡིན་ན་ཡང་ཟིན་བྲིས་ནང་དུ་༸གོང་ས་མཆོག་གི་མཚན་གྱི་ཟུར་ཙམ་ཡང་བྲིས་མེད་ཟེར། དེ་ལྟར་ངའི་རྣ་ལམ་དུ་ཐོས་སྐབས། ཁྱེད་རང་རྒྱ་ནག་ཏུ་སྡོད་སྐབས་༸གོང་ས་མཆོག་གི་མཚན་ཐོས་མྱོང་ངམ་ཞེས་དྲིས་པས། མོས་ཏཱ་ལའི་ཞེས་པ་མ་གཏོགས། ཏཱ་ལའི་བླ་མ་ཞེས་གོ་མྱོང་ཐོས་མྱོང་མེད་ཟེར། གང་ཡིན་ཟེར་ན། རྒྱ་ནག་གཞུང་ཕྱོགས་ཀྱི་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་ཏཱ་ལའི་མ་གཏོགས། ཏཱ་ལའི་བླ་མ་ཞེས་ནམ་ཡང་བེད་སྤྱོད་གཏོང་གིན་མེད་ལ། མི་མང་ཚོའི་ཁྲོད་ཏཱ་ལའི་ཞེས་ཁ་ནས་ཀྱང་འབོད་ནུས་མཁན་མེད་པ་ལྟ་བུ་རེད་ཟེར། དེ་ནས་ངས་རྒྱ་ནག་གི་གསར་འགྱུར་ནང་དུ་དེང་སྐབས་བེད་སྤྱོད་གཏོང་དང་གཏོང་མུས་ཀྱི་༸གོང་ས་མཆོག་གི་མཚན་ལའང་མནོ་བསམ་སླར་ཡང་གཏོང་དགོས་བྱུང་།



ངས་དེ་རྗེས་བོད་ནང་གི་གནས་ཚུལ་སྐོར་དྲིས་པ་ཡིན། ཁྱེད་རང་བོད་ནང་དུ་ས་ཆ་ག་པར་ག་པར་འགྲོ་མྱོང་ཡོད་དམ་ཞེས་དྲིས་པས། མོས་ཨ་མདོ་དང་ཁམས་དབུས་གཙང་གི་ས་ཆ་ལྷ་ས་སོགས་ལ་ཐེངས་ཁ་ཤས་འགྲོ་མྱོང་ཡོད། འོན་ཀྱང་དེ་ཚོ་ཉིན་གྲངས་མང་པོ་མ་རེད་ཟེར། ལྷག་པར་ལྷ་སར་ཡོང་སྐབས་ལྕགས་ལམ་གསར་པ་དེ་བརྒྱུད་དེ་ཡོང་བ་ཡིན། རྒྱ་ནག་ནས་ཡོང་མཁན་ཚང་མར་མེ་འཁོར་ནང་ཡོང་སྐབས་དཀའ་ངལ་ཆེ་ཤོས་དེ་ནི་ཐང་གུ་ལ་ཞེས་པའི་ལ་དེ་བརྒལ་སྐབས་དཀའ་ངལ་ཆེ་ཤོས་རེད། ལྕགས་ལམ་བརྒྱུད་ཀྱི་མཐོ་སྒང་གི་ས་བབ་མཐོ་ཤོས་རེད་ལ་ཕལ་ཆེར་མཐོ་ཚད་རྨིད་ལྔ་སྟོང་ལྷག་ཡོད་ཟེར། ངས་ལྷ་སར་ཐེངས་དང་པོ་ཡོང་སྐབས་གནས་སྐོར་ལ་དེ་ཙམ་འགྲོ་ཐུབ་མ་སོང་། པོ་ཏ་ལ་དང་གཙུག་ལག་ཁང་སོགས་དགོན་པ་ཁག་ཕྱི་ནས་བལྟས་པ་ཙམ་ལས་མཇལ་རྒྱུ་རག་མ་བྱུང་ཟེར། ཐེངས་གཉིས་པ་ཡོང་སྐབས་དེ་དག་ལ་མཆོད་མཇལ་དུ་ཕྱིན་པ་ཡིན། ཡིན་ན་ཡང་གནས་མཇལ་དུ་བསྐྱོད་ཆོག་པའི་འཛིན་བྱང་ནི་ཧ་ཅང་རིན་གོང་ཆེན་པོ་རེད་ཅེས་ཧང་སངས་མདོག་ངང་ལབ་བྱུང་། ངས་ཀྱང་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་སླེབས་མཁན་མང་པོ་རེད། དགོན་པ་ཁག་ལ་འཛིན་བྱང་གི་ཡོང་འབབ་ཀྱང་ཆུང་ཆུང་མ་རེད། འོན་ཀྱང་དེ་ལྟའི་ཡོང་འབབ་རྣམས་རྒྱ་ནག་གཞུང་འབྲེལ་གྱིས་བདག་པོ་རྒྱག་པ་ལས་དགོན་པར་རང་བདག་ཕལ་ཆེར་མ་རེད་ཅེས་བཤད་པས། མོས། དེ་ནི་རྒྱལ་ཁབ་ནས་དགོན་པ་ཞིག་གསོ་སོགས་བྱེད་སྐབས་བེད་སྤྱོད་གཏོང་གི་ཡོད་ཀྱི་རེད་ཅེས་གླེང་བྱུང་།





སླར་ཡང་ངས། ཁྱེད་རང་ནང་མི་མཉམ་དུ་ག་དུས་ལྷན་འཛོམས་ཡོང་གི་རེད་དམ་ཞེས་དྲིས་སྐབས། ཨོའོ་དེ་མགྱོགས་པོ་རེད། ཚེས་བཅུ་བཞི་ཉིན་མོ་རྒྱ་ནག་གི་ལོ་གསར་རེད་ལ་དེ་དུས་ང་ནང་དུ་སླེབས་ངེས་རེད་ཟེར། ད་ལོ་བོད་ཀྱི་ལྕགས་སྟག་གནམ་ལོ་གསར་ཚེས་དང་ང་ཚོའི་ལོ་གསར་ཉིན་གཅིག་ལ་འཁེལ་གྱི་ཡོད་པ་རེད་ཟེར། དེ་ལྟར་ཤོད་སྐབས། ངས་ཀྱང་འདི་ལོ་ལོ་གསར་གཉིས་དུས་གཅིག་ཏུ་འཁེལ་གྱི་ཡོད་པ་རྟོགས་བྱུང་། མོས་འདི་ཕྱོགས་སུ་ལོ་གསར་གང་འདྲ་ཡོད་དམ་ཞེས་དྲིས་སྐབས། སྤྱིར་བཏང་ང་རང་བོད་ནས་ཡོང་བ་ཞིག་ཡིན་སྟབས། ཕ་མ་སྤུན་མཆེད་ཚང་མ་བོད་ལ་ཡོད་ལ་ཆུང་དུས་ལོ་གསར་བཏང་བ་ལྟ་བུའི་ཚོར་སྣང་ཡང་ཡོང་གི་མི་འདུག མི་ཡི་ལུང་པར་ལོ་གསར་བཏང་བའི་ཚོར་སྣང་དེ་ཙམ་སླེབས་ཀྱི་མི་འདུག་ཅེས་བཤད་པ་དང་། མ་གཞི་ནས་ན་ནིང་ཁྱེད་རང་གིས་ཤེས་གསལ་ལྟར་བོད་ནང་གསུམ་གཅིག་བཞིའི་དོན་རྐྱེན་ཟེར་བ་བྱུང་སྟབས། མྱ་ངན་གྱི་ལོ་གསར་སྲུང་བརྩི་བྱས་པ་རེད་ལ། འདི་ལོ་ཡང་བོད་ནང་ལོ་གསར་གཏོང་གི་མིན་ཟེར་མཁན་ཡང་ཡོད་པ་རེད། དེར་བརྟེན་འདིར་ཕྱོགས་སུ་ཡང་ལོ་གསར་གྲ་རྒྱས་པོ་གཏོང་གི་མ་རེད་ཅེས་ལབ་པ་ཡིན།



དེ་ནས་ངས་ཁྱེད་རང་ལོ་གསར་ཏག་ཏག་ལ་ནང་དུ་སླེབས་ན། ངའི་རེ་བར་ཁྱེད་ཀྱིས་ཕ་མ་སྤུན་མཆེད་རྣམས་ལ་ལོ་གསར་ལ་ལག་རྟགས་ཡག་ཤོས་ཤིག་འཁྱེར་རྒྱུ་ཡོད་པ་རེད། དེ་ངེས་པར་དུ་ལོ་གསར་ལ་སྤྲོད་རོགས་གྱིས་ཞེས་བཤད། མོས་ང་ལ་ལག་རྟགས་གང་ཡང་སྤྲོད་རྒྱུ་མེད་ཟེར། ངས་མ་རེད་མ་རེད། ངས་ཟེར་བའི་ལག་རྟགས་དེ་རྡོར་གདན་དུ་༸གོང་ས་མཆོག་གིས་བཀའ་སློབ་གང་གནང་བའི་སྙིང་པོ་རྣམས་ཕ་མ་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་ཚང་མར་ལོ་གསར་ཉིན་དེ་རང་ལ་གསུངས་རོགས་གནང་། དེ་ནི་ལོ་གསར་གྱི་ལག་རྟགས་ཆེས་ལེགས་ཤོས་དེ་རེད་ཅེས་བཤད་པས། མོས། རེད་རེད་ངས་ནང་དོན་གལ་ཆེན་རིགས་ཟིན་བྲིས་སུ་བྲིས་ཡོད་ལ། ཁོང་ཚོར་གང་ཐུབ་ཅི་ཐུབ་ཀྱིས་ཤོད་ཀྱི་ཡིན་ཞེས་ཁས་ལེན་བྱས་སྟབས། ང་རང་མོ་རང་མཉམ་དུ་སྐད་ཆ་ཡུན་རིང་བཤད་པར་དགའ་སྣང་དང་སྤྲོ་སྣང་ཞིག་ཀྱང་བྱུང་།



དེ་རྗེས་མོས་ཁྱེད་རང་བོད་དུ་ལོག་གི་མིན་ནམ་ཟེར། ངས་ང་རང་བོད་དུ་ཕ་མ་སྤུན་མཆེད་ཐུག་པར་འགྲོ་འདོད་ཡོད་ལ། ཕ་ཡུལ་གྱི་དྭངས་གཙང་གི་ཆུ་བོ་འཐུང་འདོད་དང་། སྔོ་ལྗང་གི་སྤང་ལྗོངས་ཀྱང་འགྲིམས་འདོད་ཡོད། འོན་ཀྱང་། ཕ་ཡུལ་དང་ཁ་བྲལ་ཏེ་ཡུན་རིང་སོང་བའི་སྐྱབས་བཅོལ་བ་ཞིག་གློ་བུར་དུ་བོད་དུ་འབྱོར་ན། མི་དཀར་ལ་ཞྭ་ནག་གཅིག་གཡོགས་ཏེ་མུན་ནག་འདོམ་གང་དུ་ཚུད་རྒྱུ་ལས་མེད་ཅེས་གླེང་སྐབས། མོས་ཀྱང་ཡིད་ཆེས་ཀྱི་རྣམ་འགྱུར་དང་སྙིང་རྗེ་བའི་ཚུལ་གྱིས་དེ་བདེན་པ་རེད། བདེན་པ་རེད། བདེན་པ་རེད་ཅེས་ཟེར་གྱིན་རྐུབ་སྟེགས་ལ་བསྙེས་ཏེ་རྨི་ལམ་གྱི་ཞིང་ཁམས་འགྲིམས་འགོ་ཚུགས་སོང་།



ངས་ཀྱང་ངེད་གཉིས་སྐད་ཆའི་བརྒྱུད་རིམ་ལ་བསམ་གཞིགས་བྱེད་ཀྱིན་ལོ་གསར་ཚེས་གཅིག་ཉིན་སྐད་ཆ་དེ་དག་ཨུ་ཚུགས་ཀྱིས་ཡིག་ཐོག་དགོད་རྒྱུར་སེམས་ཐག་བཅད་དེ་དལ་ལྷོད་ངང་བསམ་དོན་བསམ་གཞིགས་གཞན་ཞིག་གི་ཀློང་དུ་མྱུལ་འགོ་ཚུགས་ཏེ། ནག་ཐིང་ཐིང་གི་མཚན་ལྗོངས་རིང་མོ་དཀར་སང་སང་གི་ཉིན་པར་སླེབས་སྐབས། ང་རང་ལྡི་ལིར་འབྱོར་ཡོད་པ་གཞི་ནས་ཚོར་བྱུང་།



(དྲ་གྲོགས་ཚོ། འདི་ནི་རྟོགས་པ་འཆར་ཡན་གྱི་སྒྲུང་གཏམ་ཞིག་མིན་ལ། ཡུན་རིང་གསོག་སྒྲུབ་བྱས་པའི་འཚོ་བའི་ཉིང་བཅུད་ཅིག་ཀྱང་མིན། འདི་ནི་འགྲུལ་བཞུད་ཐེངས་གཅིག་གི་གླེང་མོལ་ཙམ་ཡིན།།)

--

1 comment:

  1. ཡག་པོ་བྲིས་འདུག མུ་འཐུད་སྤེལ་རོགས།

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com