Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Wednesday, December 15, 2010

དགུ་ཚིགས་རགས་བཤད།

རྔ་བ་རྒྱལ་ཁམས་པ།

དགུ་ཚིགས་ཞེས་པ་ནི། རླངས་རླུང་དང། རྡུལ་རྫས། གཟའ སྐར་ས་ཡའམ༎ ཡང་ན་དུང་ཕྱུར་མང་བོ་འཐེན་ཤུགས་ལ་བརྟེན་ནས་མཉམ་དུ་བཟླུམས་པ་ལ་དགུ་ཚིགས་ཅེས་བརྗོད། ང་ཚོས་དགུ་ཚིགས་ཕྱོགས་ལ་བསམ་བློ་གཏོང་སྟངས་ཡག་ཤོས་ནི། སའི་གོ་ལ་འདིའི་ངོས་ཀྱི་ཤར་ལྷོ་ནུབ་བྱང་གི་ཕྱོགས་ཕལ་ཆེར་གླིང་དང་གླིང་ཕྲན་གྱི་ཚུལ་དུ་གནས་ཡོད་པ་ལྟར། དགུ་ཚིགས་དག་ཀྱང་མཁའ་ཀློང་ཡངས་པོ་འདིའི་ངོགས་ན། གླིང་དང་གླིང་ཕྲན་གྱི་ཚུལ་དུ་ཁྱུ་སྐོར་བྱས་ནས་གནས་པ་ཞིག་ཡིན་ཞེས་བཤད་ན་མི་ཆོག་རྒྱུ་མི་འདུག་སྙམ། དགུ་ཚིགས་དང་མཁའ་དབྱིངས་ལ་ལྟོས་ན་ང་ཚོ་ཧ་ཅང་ཆུང་དྲགས་པས། ཡ་ཐོད་ན་ཡོད་པའི་ཆུ་བུར་གྱི་མིག་གཉིས་ཀྱི་མཐོང་རྒྱའི་ཡུལ་ཞིག་ཏུ་འགྱུར་དཀའ་བར་གྱུར་པ་རེད། དཔེར་ན། ང་ཚོས་གློག་བརྙན་གྱི་རས་གཞི་ཧ་ཅང་ཆེན་པོའི་ངོས་ཀྱི་བརྙན་རིས་ལ་ལྟ་སྐབས། ང་ཚོ་རང་ཉིད་གློག་བརྙན་གྱི་ངོས་སུ་ཐིམ་སྣང་ལྟ་བུས་ལྟ་མཁན་གྱིས་བལྟ་ཡུལ་གྱི་རྒྱ་ཁྱོན་མཐོང་མི་ཐུབ་པ་ལྟ་བུ་རེད།

གལ་ཏེ་ཁྱེད་རང་གནམ་རིག་སྐོར་གྱི་གློག་བརྙན་ལ་གཟིགས་རྒྱུར་དགའ་མོས་ཡོད་མཁན་ཞིག་ཡིན་ན། དགུ་ཚིགས་རྣམས་ཀྱི་ཆགས་སྟངས་ཅི་འདྲ་ཞིག་ཡིན་མིན་གོང་དུ་ངས་བརྗོད་པ་ལྟར་ཧ་ལམ་ཙམ་ཞིག་ཧ་གོ་རྒྱུ་རེད། དགུ་ཚིགས་ཀྱི་རྒྱ་ཁྱོན་ཧ་ཅང་རྒྱ་ཆེ་ཞིང་། དགུ་ཚིག་ཁ་ཤས་ཀྱི་ཤར་མཐའ་ནས་ལྷོ་མཐའ་དང་། ནུབ་མཐའ་ནས་བྱང་མཐའ་བར་འགྲུལ་བཞུད་བྱེད་པ་ལ་འོད་ལོ་འབུམ་ཐེར་མང་བོ་འགོར་བཞིན་ཡོད་པ་རེད། གནམ་རིག་པ་དག་གིས་ལོ་བར་མང་བོའི་རིང་ཉམས་ཞིབ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། དགུ་ཚིགས་རྣམས་ནི་དབྱིབས་དང་། ཁ་དོག རྣམ་པ་སོགས་མི་འདྲ་བ་སྣ་ཚོགས་པའི་ངོ་བོར་ཆགས་པ་ཞིག་དང་། ཕྱོགས་ཡོངས་ནས་གཅིག་མཚུངས་ཡིན་པའི་དགུ་ཚིགས་ཤིག་ད་ཕན་མཐོང་མྱོང་མེད་པ་རེད།
དགུ་ཚིགས་ཞེས་པ་རྒྱུ་རྫས་ཅི་ཞིག་ལས་གྲུབ་པ་ཞིག་ཡིན་ནམ།
གལ་སྲིད་འོད་ཀྱི་སྣང་བ་འདི་མེད་ན། ཉིན་མཚན་གྱི་སྣང་བ་ཡོང་བའི་གནས་མེད་ཅིང་། འོད་སྣང་ལ་བརྟེན་ནས་ང་ཚོ་འཇིག་རྟེན་འདིར་འཚོ་སྡོད་ཀྱི་སྤྲོ་སྣང་ཞིག་བྱུང་བ་རེད། ཚན་རིག་པ་དང་། གནམ་རིག་པ་དག་གིས་དཀྱུས་མའི་འོད་ཀྱི་སྣང་བ་དང་། ལྷག་པར་སྐར་མའི་འོད་སྐུད་དག་ལས་དགུ་ཚིགས་ཞེས་པ་ཐོག་མར་གསར་དུ་རྙེད་ཡོད། དེ་ལ་བརྟེན་ནས་གནམ་རིག་གི་ཤེས་བྱའི་སྒོ་མོ་གསར་པ་ཞིག་འབྱེད་ཐུབ་པ་བྱུང་འདུག འོ་ན་དོན་དངོས་ཐོག་དགུ་ཚིགས་འགྲུབ་བྱེད་ཀྱི་རྒྱུ་རྫས་ངོ་མ་དེ་ཅི་ཞིག་ཡིན་ནམ། ཚན་རིག་པ་དག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། དགུ་ཚིགས་ནི་སྐར་ཚོགས་དང་། གོ་ལ། སྐར་ཕྲན། རླངས་སྤྲིན། རྡུལ་རྫས་སོགས་ལས་གྲུབ་པ་ཞིག་ཡིན་པར་འདོད་ལ། མཁའ་དབྱིངས་ན་གནས་པའི་དངོས་པོ་འདི་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། འོད་སྣང་མེད་པའམ། ཡང་ན་འོད་སྣང་འཕྲོ་ལྡོག་གི་རྒྱུ་རྫས་མིག་གིས་མཐོང་རྒྱུ་ཞིག་ཡོད་པ་དེ་དང་། དེ་བཞིན་ཁ་དོག་དང་འོད་སྣང་གིི་འཕྲོ་ལྡོག་མེད་ཀྱང་། དངོས་པོ་འདི་དག་གི་འཐེན་ཤུགས་ཀྱི་རྩ་བར་གྱུར་པའི་རྫས་རིགས་ཤིག་གནས་པར་འདོད་ཅིང་། རྫས་རིག་དེ་ལ་སྣང་མིན་རྫས་རིགས་ཞེས་བརྗོད། རྫས་རིགས་དེ་རྒྱང་ཤེལ་སོགས་ལས་མཐོང་མི་ཐུབ་པ་ཞིག་ཡིན་པས། སྣང་མིན་རྫས་རིགས་ཞེས་བརྗོད་པ་ཨེ་ཡིན་སྙམ། གང་ལྟར་ཡང་། ཚན་རིག་པ་ཚོས་རྫས་རིགས་དེ་ནི་འཇིག་རྟེན་ཁམས་འགྲུབ་བྱེད་ཀྱི་རྩ་བའི་རྒྱུ་རྐྱེན་ནམ། ནུས་ཤུགས་གཙོ་བོ་དེ་ཡིན་པར་འདོད།
ང་ཚོ་དགུ་ཚིགས་གང་གི་ཐོག་ན་ཡོད་དམ།

ཉི་མ་སོགས་གཟའ་སྐར་གཞན་དག་གིས་ས་གཞི་འདི་ལ་སྐོར་བ་རྒྱག་གི་ཡོད་པར་འགྲེལ་བརྗོད་གནང་ཡོད། ཚན་རིག་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས། ས་གཞི་འདི་འཇིག་རྟེན་གྱི་ལྟེ་བ་མ་ཡིན་པ་མ་ཟད། འོ་ལམ་དགུ་ཚིགས་ཀྱི་ལྟེ་བ་ཙམ་ཡང་མ་ཡིན་ཚུལ་གསལ་བོར་ཤེས་རྟོགས་བྱུང་ཡོད། ང་ཚོའི་ཉི་ཁྱིམ་བཀའ་དྲིན་ཅན་དེ་འོ་ལམ་དགུ་ཚུགས་ཞེས་པའི་འབོད་པའི་དགུ་ཚིགས་ཀྱི་ཐོགས་ཆགས་ཤིང་། འོ་ལམ་དགུ་ཚིགས་དེ་ནི་དགུ་ཚིགས་རིགས་བཞིའི་ནང་གི་སྐོར་དཀྲིས་དགུ་ཚིགས་ཀྱི་རིགས་ཡིན་ལ། དགུ་ཚིགས་དེའི་དཔུང་འདབ་བཞི་བའི་ཕྱི་ངོས་སྨིན་དྲུག་དཔུང་བའི་སྟེང་ང་ཚོའི་ཉི་ཁྱིམ་གནས་ཤིང་། ཉི་ཁྱིམ་དེ་ལ་གཟའ་ཆེན་ལྷག་པ་ནས་སྐར་མ་མཚོ་རྒྱལ་བར་གཟའ་སྐར་བརྒྱད་ཡོད་ལ། དེ་དག་གིས་ཉི་མ་ལ་གཡས་སྐོར་གྱི་ཚུལ་དུ་འཁོར་བཞིན་ཡོད། ཕལ་ཆེར་ལོ་ཁ་ཤས་ཤིག་གོང་། ཚན་རིག་པ་དག་གིས་སྐར་ཆུང་ཕུ་ལོས་ཁྲོ་ཞེས་པ་ཉི་ཁྱིམ་དང་རྒྱང་ཐག་རིང་དྲགས་པས། རང་ཁྱིམ་ནས་ཕྱིར་ཕུད་པའི་གསར་འགྱུར་ཞིག་མཐོང་སྐབས་སེམས་པ་མ་སྐྱིད་པ་ལྟ་བུ་ཞིག་ཀྱང་བྱུང་། སའི་གོ་ལ་ནས་འོ་ལམ་དགུ་ཚིགས་ཀྱི་དབུས་བར་འོད་ལོ༢༥༠༠༠༠ཡོད་ཅིང་། འོ་ལམ་དགུ་ཚིགས་ཀྱི་སྐར་མ་ཕལ་ཆེར་གྱི་བར་ཐག་ལ་ཆ་སྙོམས་འོད་ལོ་༥་རེ་ཡོད་པ་དང་། དགུ་ཚིགས་ཀྱི་དབུས་ན་གནས་པའི་སྐར་མ་དག་གི་བར་ཐག གོང་གསལ་ལས་ཆེས་ཧ་ཅང་ཉེ་བོ་ཡིན་སྟབས། འོ་ལམ་དགུ་ཚིགས་ཀྱི་དབུས་དེ་བསམ་ཡུལ་ལས་འདས་པའི་བཀྲགས་མདངས་ཆེན་པོར་གྱུར་པ་ཞིག་རེད། མུ་འགོད།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com