དུས་བབ་དྲ་རྒྱ་ལས་བཤུས།
དྲི་བ། སྐུ་ཉིད་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་རེག་དུག་གི་ན་ཚ་དེ་ཚབས་ཆེ་ཆུང་གང་འདྲ་ཞིག་ལ་གཟིགས་ཀྱིན་ཡོད་དམ།
ལན། ན་ཚ་དེ་བོད་མིའི་སྤྱི་ཚོགས་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་སུ་ཚབས་ཆེན་པོར་མཐོང་གི་ཡོད་ལ། ཉེན་ཁ་ཡང་ཆེན་པོ་རེད། འཛམ་གླིང་ནང་དེང་སྐབས་ཚན་རིག་དང་ཉམས་ཞིབ་ཐོག་ཡར་རྒྱས་ཤུགས་ཆེར་འགྲོ་བཞིན་ཡོད་ནའང་། ན་ཚ་འདིའི་རིགས་ལ་སྨན་བཅོས་བྱེད་མ་ཐུབ་པར་སྐད་རྒྱག་གི་ཡོད། ལྷག་པར་དུ་བོད་མིར་མི་འབོར་ཉུང་ཉུང་ཞིག་ལས་མེད་སྟབས་མི་གཅིག་ལ་ན་ཚ་འདི་ཡོད་ནའང་བོད་མི་རིགས་ཉམས་ཆག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད། བོད་མིའི་གཤིས་སྤྱོད་ནང་ན་ཚ་འདིའི་རིགས་བྱུང་སྐབས་སྦ་གསང་བྱེད་པ་དང་ངོ་ཚ་བྱེད་རྒྱུའི་གོམས་གཤིས་ཤིག་ཡོད། དེར་བརྟེན་སྤྱི་ཚོགས་ནང་ན་ཚ་འདིའི་རིགས་ཡོད་མཁན་གཅིག་བསླེབ་ནའང་རྩྭ་ལ་མེ་མཆེད་པ་ལྟར་ལམ་སང་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཡོད།
དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་བོད་མི་ཅི་ཙམ་ལ་གཉན་ནད་རེག་དུག་གི་ན་ཚ་ཡོད་པར་ཚོད་དཔག་གནང་བཞིན་པ་དང་། སྨན་རྩིས་ཁང་ལ་ན་ཚ་དེ་ཡོད་མཁན་གྱི་བོད་མིས་སྨན་བསྟེན་བྱེད་མྱོང་ངམ།
ལན། དེ་ལ་རིགས་གཉིས་ཡོད། གཅིག སྨན་རྩིས་ཁང་ལ་ནད་པ་རང་ཉིད་ཚུར་ཡོང་སྟེ་སྨན་བསྟེན་བྱས་ན་མ་གཏོགས་ཕར་ཉམས་ཞིབ་བྱེད་པ་དང་། ན་ཚ་དེ་ཡོད་རིགས་ལ་སྨན་སྤྲད་དེ་ཕན་ཐོགས་གང་འདྲ་ཡོད་མེད་བརྟག་དཔྱད་བྱེད་ཀྱི་མེད་སྟབས་ལབ་ཐུབ་ཀྱི་མེད། ཡིན་ནའང་། ང་ཚོས་དེ་སྔོན་ཧོ་ལན་ཌིར་འབྲེལ་བ་བྱས་ཏེ་སྨན་རྩིས་ཁང་གི་ངོས་ནས་ཕར་སྨན་པ་གཏོང་གི་ཡོད་ལ། སྨན་པ་གཏོང་ས་དེ་འཛམ་གླིང་ནང་ན་ཚ་འདིའི་རིགས་ཧ་ཅང་མང་བོ་ཡོད་སའི་ལུང་པ་ཞིག་རེད། ཉམས་ཞིབ་བྱས་མྱོང་མེད་སྟབས་ན་ཚ་འདིའི་རིགས་ལ་བོད་སྨན་གྱིས་བརྒྱ་ཆ་བརྒྱ་ཕན་གྱི་འདུག་ཟེར་རྒྱུ་ཁག་ནའང་། ང་ཡང་ཐེངས་མང་བོར་སྨན་བཅོས་བྱེད་དུ་འགྲོ་མྱོང་བས། བརྟག་དཔྱད་དང་ཉམས་ཞིབ་བྱས་ཏེ་རེག་དུག་གི་ན་ཚར་ངོས་འཛིན་བྱས་པའི་ནད་པ་དེ་འདྲ་ཕྱི་ལུགས་ཀྱི་སྨན་པས་ཟླ་བ་གསུམ་དང་དྲུག་ལ་མ་གཏོགས་གསོན་ཐུབ་ཀྱི་མ་རེད། གཟུགས་པོའི་གནས་སྟངས་ཀྱི་ཆ་ནས་ལྕོགས་ཀྱི་མ་རེད་ཟེར་བ་དེ་འདྲ་བོད་སྨན་ཟོས་ཏེ་ལོ་ལྔ་དང་དྲུག ད་ལྟའང་མ་ཤི་བར་བསྡད་ཡོད་པ་ཧ་ཅང་མང་བོ་ཡོད། དེར་བརྟེན་བོད་སྨན་གྱིས་ཕན་གྱིན་འདུག
གང་ཡིན་ཟེར་ན་མིའི་བསམ་བློའི་ངོས་ནས་བརྒྱ་ཆ་བརྒྱ་ཕན་གྱི་ཡོད། བོད་སྨན་གྱི་ཁྱད་ཆོས་མ་འདྲ་བ་དེ། ནད་པར་སྨན་བཅོས་བྱེད་སྐབས་ནད་པར་དམིགས་བསལ་གྱིས་ལམ་སྟོན་མ་འདྲ་བ་དང་། ནད་པར་ན་ཚ་གང་འདྲ་ཞིག་ན་རུང་རང་གི་སེམས་ནང་དུ་ན་ཚར་བའི་རྗེས་སུ་དོ་སྣང་བྱེད་དགོས་པ་དང་། དོ་སྣང་བྱེད་སྟངས་ཤེས་དགོས་པར་མ་ཟད། ན་ཚ་དེ་རང་གི་གཟུགས་པོའི་ནང་བསླེབས་པའི་རྒྱུ་མཚན་རང་ཉིས་ཀྱིས་ངོས་ཟིན་པ་བྱས་ཏེ། དེའི་ཐོག་ཟས་བཅུད་དང་ཉིན་རེའི་སོ་སོའི་མི་ཚེ་སྐྱེལ་སྟངས་སྐོར་ལ་ཡིད་གཟབ་དགོས་པའི་བསླབ་བྱ་བརྒྱབ་དུས། བསླབ་བྱ་དེས་ནད་པ་མང་བོར་སེམས་ཀྱི་ཚོར་བ་བདེ་བ་ཞིག་དང་། ཡག་པོ་བསླེབས་ཏེ་གཟུགས་པོའི་ནང་དུ་སྨན་ལྟར་ཕན་རླབས་ཆེན་པོ་ཡོང་གི་ཡོད། བོད་སྨན་བསྟེན་སྐབས་སྨན་འཐུང་བ་ཙམ་གྱིས་མི་ཆོག་པར་ཟས་དང་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་གལ་ཆེན་པོ་ཡིན་སྟབས། ནད་པར་སློབ་གསོ་ཐེབས་ཏེ་ན་ཚ་དེས་སྡུག་བསྔལ་ག་ཚོད་མྱོང་གི་ཡོད་ནའང་། བདེ་བའི་ཚོར་བ་ཤུགས་ཆེ་རུ་ཕྱིན་ཏེ་གཟུགས་པོའི་ནང་དུ་ན་ཚ་སྔོན་འགོག་བྱེད་པའི་ཤུགས་དེ་རང་བཞིན་གྱིས་སླེབས་ཡོང་གི་ཡོད། དེ་བཞིན་ནད་པས་ཟ་མ་ཟ་དགོས་པ་དེ་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ལ། ཟ་མ་མ་ཟོས་ན་གཟུགས་པོ་འཚོ་ཐུབ་ཀྱི་མེད་པ་དེ་ཡང་ཤེས་ཀྱི་ཡོད། ཟ་མ་ཟ་བ་དེ་བོད་ཀྱི་སྨན་གཞུང་ནང་དུ་ལུས་ཟུངས་བདུན་ཟེར་ལ། ལུས་ཟུངས་བདུན་གྱི་དྭངས་མ་དེ་གཟུགས་པོའི་ནང་གི་སྙིང་དང་རྩ་ལམ་དུ་ཕྱིན་ཏེ། མིའི་ཚེ་སྲོག་གནས་པའི་གཞི་བྱེད་ཀྱིན་ཡོད། དེ་གལ་ཆེན་པོ་རེད།
གཉིས་པ། སྨན་དེ་ནད་པའི་གཟུགས་པོའི་ནང་གི་གནས་བབ་དང་ན་ཚའི་ཚབས་ཆེ་ཆུང་ལ་བལྟས་ཏེ་སྤྲོད་སྐབས། སྨན་གྱིས་ཕན་པ་མ་གཏོགས་གནོད་རྒྱུ་གང་ཡང་མེད། གང་ཡིན་ཟེར་ན་བོད་སྨན་ནི་ཕྱི་རྒྱལ་གྱི་སྨན་ལྟར་དམིགས་ཡུལ་གཅིག་གི་ཆེད་དུ་དམིགས་ཏེ་བཟོས་པ་མིན་པར། མི་སོ་སོའི་གཟུགས་པོའི་གནས་སྟངས་ནང་རླུང་མཁྲིས་བད་ཀན་གསུམ་གྱིས་གཉེར་བའི་ཆ་སྙོམས་དང་མ་སྙོམས་ཟེར་བ་ཡོད་སྟབས། རླུང་མཁྲིས་བད་ཀན་གསུམ་ནི་མི་ཚང་མའི་གཟུགས་པོའི་ནང་དུ་ཡོད་པ་ཞིག་རེད། དེ་མེད་ན་མིའི་གཟུགས་པོའི་ནང་དུ་བསམ་བློ་གཏོང་བ་དང་འགུལ་སྐྱོད་བྱེད་པ་སོགས་དོན་ལྔ་སྣོད་དྲུག་གི་ལས་ཀ་བྱེད་པར་སྟངས་འཛིན་བྱེད་ཐུབ་ཀྱི་མེད། དེར་བརྟེན་རླུང་མཁྲིས་བད་ཀན་གསུམ་གྱི་ཆ་ཤས་ལ་བལྟས་ཏེ་བོད་སྨན་གྱི་སྦྱོར་བ་ནི་ཕྱི་རྒྱལ་གྱི་སྨན་དང་མ་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་རེད། དེའི་ཆ་ནས་ནུས་པ་ཆེན་པོ་འདོན་ཐུབ་ཀྱིན་ཡོད།
དེ་མིན་བཙན་བྱོལ་ནང་ངས་ཚོད་དཔག་བྱས་ན་རེག་དུག་ཅན་སུམ་བརྒྱ་ཙམ་ཞིག་མེད་དམ་སྙམ། དེ་ཡང་བོད་མིའི་མི་འབོར་ལ་ཆ་བཞག་སྟེ་ལབ་ཀྱིན་ཡོད། ང་ཚོའི་ས་གནས་ཁག་གི་ཡན་ལག་སྨན་ཁང་ནང་སྨན་ཟ་མཁན་ཡོང་གི་ཡོད་ལ། དམག་སྒར་ཁག་ནས་ཀྱང་སྨན་ཟ་མཁན་ཡོང་གི་ཡོད། ངྷ་ས་ལྟ་བུར་མཚོན་ན་བོད་རིགས་ལས་ཀ་མེད་མཁན་མང་བོ་ཡོད་སྟབས། ཉལ་ཐ་འཐེན་མཁན་ལྟ་བུའི་རིགས་ཀྱང་མང་བོ་ཡོང་གི་འདུག དཔེར་ན་སྨན་རྩིས་ཁང་གིས་ཆ་རྐྱེན་ཞན་པ་དང་འཚོ་བ་སྐྱོ་བའི་ནད་པའི་རིགས་ལ་སྨན་རིན་མེད་དུ་སྤྲོད་ཀྱིན་ཡོད་ལ། ངས་སྨན་རིན་མེད་དུ་སྤྲད་པ་ཙམ་གྱིས་འགྲིག་གི་མེད་པར་གཟུགས་པོའི་ནང་དུ་ཕན་གནོད་གང་འདྲ་ཡོང་གི་ཡོད་མེད་ལ་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་བཤད་ཀྱིན་ཡོད་སྟབས། ད་ལྟ་བར་དུ་སྨན་མུ་མཐུད་དེ་ཟ་མཁན་མང་བོ་འདུག
དྲི་བ། སྐུ་ཉིད་ཀྱིས་གསུངས་པ་ལྟར་གཙོ་བོ་བོད་སྨན་རང་གི་ཐོག་ནས་ཕྱི་ལུགས་ཀྱི་སྨན་དང་མི་འདྲ་བའི་ནུས་པ་ཞིག་འདོན་ཐུབ་ཀྱི་ཡོད་ན། མ་འོངས་པར་ན་ཚ་དང་སྨན་གཉིས་ཀར་ཞིབ་འཇུག་བྱས་ཏེ་རེག་དུག་གི་ཆེད་དུ་སྨན་གསར་བཏོད་བྱེད་པའམ། ཐབས་ལམ་གཞན་བཙལ་ན་རྙེད་ཀྱི་རེད་དམ།
ལན། རྙེད་ཐག་ཆོད་རྙེད་ངེས་རེད། ང་ཚོའི་བོད་སྨན་གྱི་སྨན་གཞུང་དེ་གཞི་ཆེན་པོ་རྒྱ་མཚོ་ནང་བཞིན་རེད། རྒྱ་མཚོའི་ནང་དུ་མི་ཞིག་ཕྱིན་ཚེ་སོ་སོའི་རིག་པས་མ་འདང་བའི་དཀའ་ངལ་ལས་རྒྱ་མཚོའི་ནང་གི་ནོར་བུ་རྫོགས་འགྲོ་རྒྱུ་མེད། གཉིས་ནས་རྒྱ་གར་དང་ཕྱི་རྒྱལ་ལུང་པའི་ཁྲིམས་ལུགས་ཀྱི་ཐོག་ནས་སྨན་གྱི་རྒྱུ་ཆའི་ནང་དུ་མང་བོ་ཞིག་བཀག་འགོག་ཡོད་པ་དང་། བེད་སྤྱོད་གཏོང་མི་ཆོག་པ་དེ་འདྲ་ཡོད། གང་ལྟར་བོད་སྨན་གྱི་ཐོག་ནས་ན་ཚ་དེར་བརྟག་དཔྱད་བྱས་ཏེ་སྨན་གསར་བཏོད་བྱ་དགོས་བྱུང་ན། བྱ་མ་ཐུབ་པ་གང་ཡང་མི་འདུག་སྙམ། གཙོ་བོ་སོ་སོས་རིག་པ་བཏང་མ་བཏང་རེད། དཔེར་ན་ད་ལྟ་སྨན་བཟོས་ཡོད་པ་དེ་ཚོས་གཉན་གྱི་སྲིན་འབུའི་ན་ཚ་སྟེ། གཉན་ནད་ཙམ་མིན་པར་གློ་ནད་གཉན་ཚད་ཟེར་བ་དེ་གཉན་ནད་རེག་དུག་གི་སྤུན་མཆེད་རེད་ཟེར་གྱིན་ཡོད་ལ། དེར་ཡང་བོད་སྨན་སྤྲད་ན་ཧ་ཅང་གི་ཕན་པ་ཡོང་གི་འདུག དེའི་རིགས་ཀྱང་འགོས་ནད་རིགས་རེད། གཉན་ནད་རེག་དུག་ལྟ་བུ་ཡིན་ན་ནད་འབུའི་ཆ་ནས་ཡོང་གི་ཡོད་ལ། ཤུགས་ཆེ་ཆུང་དང་རིགས་མ་འདྲ་བ། ཡོང་སའི་འབྱུང་ཁུངས་མ་འདྲ་བ་རེད། གང་ལྟར་ཆ་རྐྱེན་ལྡན་པ་དང་མཐུན་རྐྱེན་ཡག་པོ་བྱུང་ན། ཉམས་ཞིབ་བྱས་ཏེ་ནད་པ་དེ་འདྲར་སྨན་བཅོས་བྱས་ན་ད་ལྟའི་ཆར་བརྒྱ་ཆ་བརྒྱ་མ་བྱུང་ནའང་། མིའི་མི་ཚེ་ཡུན་རིང་པོར་གནས་པ་དང་དཀའ་ངལ་ལས་ཐར་ཏེ་ཅུང་ཙམ་ཞི་བའི་ངང་གནས་ཐུབ་པ་སོགས་ཀྱི་ཕན་ནུས་མང་བོ་ཡོང་གི་ཡོད། མ་འོངས་པར་ཡང་གོ་སྐབས་ཆེན་པོ་འདུག
དྲི་བ། ད་ལྟའི་ཆར་ན་ཚ་འདི་འཛམ་གླིང་ནང་ཁྱབ་བརྡལ་དུ་འགྲོ་བཞིན་པ་དང་མི་ཧ་ཅང་མང་བོར་དཀའ་ངལ་འཕྲད་ཀྱིན་ཡོད་ཐོག འདི་ལ་ཕན་ནུས་ལྡན་པའི་སྨན་ཞིག་བྱུང་མེད་སྟབས་སྨན་རྩིས་ཁང་ངམ། ཡང་ན་སྐུ་ཉིད་ལྟ་བུའི་སྨན་པ་བགྲེས་པོ་དེ་འདྲ་མཉམ་དུ་འདི་ལ་བརྟག་དཔྱད་བྱེད་པ་དང་། ནུས་པ་འདོན་རྒྱུའི་ཐུགས་རེ་འདྲ་ཡོད་དམ།
ལན། ད་ལྟའི་ཆར་སྨན་རྩིས་ཁང་རང་གིས་ན་ཚ་འདིའི་རིགས་ལ་དམིགས་སུ་བཀར་ཏེ་ཉམས་ཞིབ་བྱ་རྒྱུའི་ལས་འགུལ་བརྩམས་མེད་མོད། མ་འོངས་པར་ཡོང་མི་སྲིད་པ་མིན། ད་ལྟ་ང་ཚོར་སྨན་གྱི་ཕྱོགས་ནས་ཆ་རྐྱེན་དེ་ཙམ་མ་འདང་བ་མེད་ནའང་། དེ་མིན་གྱི་ཆ་རྐྱེན་གཞན་གྱིས་འདང་གི་མེད། གཙོ་བོ་དེ་ལྟ་བུའི་ནད་རིགས་ལ་བརྟག་དཔྱད་བྱ་སའི་ཚད་ལྡན་གྱི་བརྟག་དཔྱད་ཁང་ཞིག་དགོས་པ་རེད།
དཔེར་ན་ནད་པ་ཁག་ཅིག་སྨན་ཁང་ལེགས་པོ་ཞིག་ཏུ་མ་བྱིན་པར་དང་ཐོག་འགོས་ནད་འདུག་ཟེར་བ་དང་། དེ་ནས་མི་འདུག་ཟེར་བ་ལྟ་བུ་ཡོང་གི་འདུག ངས་སྔོན་མ་ལྡི་ལིར་ལོ་ཉི་ཤུའི་རིང་སྨན་པ་བྱས་ཏེ་བསྡད་རིང་དམག་ཁུངས་ནས་ན་ཚ་དེའི་རིགས་འདུག་ཟེར་མཁན་གྱི་བཟའ་ཚང་ཞིག་ཡོད། ཁོང་གཉིས་ལེག་ནོ་དང་ལྡི་ལིར་བརྟག་དཔྱད་བྱེད་དུ་ཕྱིན་ཏེ་འདུག་ཟེར་གྱིན་འདུག རྗེས་སུ་བོད་སྨན་བསྟན་ཏེ་ལོ་གསུམ་བཞི་འགོར་རྗེས་ཧ་ཅང་ཡག་པོ་དྲག་སྐྱེད་བྱུང་སོང་། དེར་བརྟེན་དེ་ཚོའི་གྲས་ལ་བརྟག་དཔྱད་བྱེད་ས་ཚད་ལྡན་ཞིག་བྱུང་ན། དང་ཐོག་ནད་ཚ་དེ་ངོ་འཕྲོད་རྒྱུ་གལ་ཆེན་པོ་རེད། སྨན་ཁང་ཡིན་ནའང་རེད་ཟེར་བ་དང་མ་རེད་ཟེར་བ་ལྟ་བུའི་ཐག་ཆོད་ལ་མ་ཆོད་ཀྱི་སྐད་ཆ་མང་བོ་ཡོང་གི་ཡོད་སྟབས། ནད་པར་བརྟག་དཔྱད་བྱེད་སྐབས་བརྟག་དཔྱད་ལེགས་པོ་བྱེད་པའི་འཕྲུལ་ཆས་ཚད་ལྡན་དགོས་པ་དང་། དེས་ནད་ཚ་དེ་ཡོད་པར་བརྒྱ་ཆ་ཅི་ཙམ་ཞིག་ཁེག་ཐག་ཐུབ་པ། ལྷག་པར་འཕྲུལ་ཆས་དེ་བེད་སྤྱོད་ཚད་ལྡན་གཏོང་ཐུབ་མཁན་གྱི་མི་དགོས་པ་རེད།
ད་ལྟ་ང་ཚོར་ཧྥ་རི་སན་དང་ཕྱི་རྒྱལ་ཁག་ཏུ་ནད་པ་དེ་འདྲ་ཡོད། སྨན་ཟོས་ཏེ་ལོ་གསུམ་བཞི་བྱིན་རྗེས་ནད་ཚ་མི་འདུག་ཟེར་གྱིན་འདུག ཁྲག་ནང་དུ་བརྟག་དཔྱད་མ་འདྲ་བ་མང་བོ་བྱེད་ཀྱིན་འདུག་ལ་བརྟག་དཔྱད་བྱས་རྗེས་སྔོན་མ་མང་བོ་ཡོད་ནའང་། དེང་སྐབས་མི་འདུག ནད་འབུ་ཉུང་དུ་ཕྱིན་འདུག་ཟེར་བ་དང་། རེ་ཟུང་གིས་ནད་འབུ་རྩ་བ་ནས་མེད་པར་ཆགས་ཏེ་མི་འདུག་ཟེར་བ་ལྟ་བུ་ཡོང་གི་ཡོད་ནའང་། བརྟག་དཔྱད་བྱས་པ་དེ་ཁོང་ཚོས་ཡིད་ཆེས་ག་ཚོད་ཅིག་བྱེད་ཀྱིན་ཡོད་མེད་ལབ་ཐུབ་ཀྱི་མི་འདུག དེར་བརྟེན་གཙོ་བོ་བརྟག་དཔྱད་ཁང་ཚད་ལྡན་ཞིག་མེད་ན་ཞིབ་འཇུག་བྱ་ཁག་པོ་རེད།
དྲི་བ། གོང་ནས་སྐུ་ཉིད་ཀྱིས་ནད་པ་ཚོར་སྨན་བསྟེན་བྱེད་སྐབས་སློབ་སྟོན་བྱ་རྒྱུ་དེ་གལ་ཆེན་པོ་རེད་གསུངས་སོང་། སློབ་སྟོན་བྱེད་སྐབས་ནད་པ་དེའི་བསམ་བློའི་ནང་འདུ་ཤེས་གཙོ་བོ་གང་དང་གང་ཁྱེར་དགོས་སམ།
ལན། འདུ་ཤེས་གཙོ་བོ་དེ་ན་ཚ་ག་རེ་བྱུང་ནའང་སོ་སོ་ལན་པ་རེད། སུ་གཅིག་ཀྱང་ལན་པ་མ་རེད། ང་སྔོན་མར་ལྡི་ལིར་སྡོད་སྐབས་རྒྱ་གར་ནད་པ་རེ་འགས་ང་ལ་ན་ཚ་དེ་དཀོན་མཆོག་གིས་གནང་བྱུང་ལབ་ཀྱིན་འདུག ངས་ཁོང་ཚོར་དཀོན་མཆོག་གིས་གནང་གི་མེད། དཀོན་མཆོག་གིས་ལམ་ཁ་འདིར་ཕྱིན་ན་བདེ་བ་དང་འདིར་ཕྱིན་ན་སྡུག་བསྔལ་ཡོད། འདི་བྱས་ན་སྐྱོན་དང་གན་བྱས་ན་དགེ་བ་རེད་ཅེས་ལམ་སྟོན་གནང་གི་ཡོད། ལྷག་པར་དུ་ང་ཚོའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཆ་མཚོན་ན་སངས་རྒྱས་རང་གིས་དཀའ་སྤྱད་གྲངས་མེད་ལ་ཚོགས་བསགས། སྒྲིབ་པ་སྦྱངས་ཏེ་སངས་རྒྱས་པ་རེད། དེའི་ལམ་སྟོན་ནང་དུ་ང་འདི་ལྟ་བུའི་ལམ་ཁ་ཞིག་ཏུ་ཕྱིན་པ་ཡིན། ང་ལ་དེ་ལྟ་བུ་ཞིག་བྱུང་། ཁྱེད་ཚོ་ཡང་གན་དང་འདི་ལྟ་བུ་ཞིག་ཏུ་ཕྱིན་ན་ཡག་པོ་ཡོད་ཅེས་གསུངས་ཡོད། དེར་བརྟེན་སོ་སོ་རང་ཉིད་ཀྱིས་དོ་སྣང་བྱ་དགོས་པ་གལ་ཆེན་པོ་རེད་ལ། གཟུགས་པོའི་ནང་དུ་ན་ཚ་དེ་ལྟ་བུ་ཞིག་ཡོང་ན་སོ་སོ་རང་གི་ལས་ངན་པའམ། བྱ་བ་ངན་པ། མ་ཤེས་པ་སོགས་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་རང་ཉིད་ལ་སྐྱོན་ཡོང་གི་ཡོད་པ་དེ་ངོས་ལེན་བྱ་དགོས་པ་རེད། དེ་ངོས་ལེན་བྱས་རྗེས་དང་ལེན་བྱ་དགོས་པའི་བསླབ་བྱ་ནི། སྨན་པར་དུས་ལྟར་བསྟེན་པ་དང་སྨན་དུས་ལྟར་འཐུང་བ། ཟས་ལེགས་པོར་ཟ་བ། སྨན་པས་འཛུམ་སྟོན་གནང་བ་ལྟར་སྤྱོད་ལམ་ལ་འཛེམ་པ་བཅས་ནི་གལ་ཆེ་ཤོས་རེད། དེ་ལྟར་བྱས་ན་སྨན་གྱི་ངོ་སོ་འཐོན་གྱི་རེད་ལ། རང་ཉིད་ཀྱང་དྲག་སྐྱེད་ཡོང་གི་རེད།
གཙོ་བོ་ན་ཚ་དེ་ལྟ་བུ་ཞིག་བྱུང་རྗེས་ཐབས་ལམ་ཁྱོན་ནས་མ་བཙལ་བར་འདུག་རྒྱུ་མེད་པར། ཐབས་ལམ་འཚོལ་དགོས་པ་རེད། ཐབས་ལམ་ག་རེ་ཡིན་ནའང་ཡོད། ལས་དང་འབྲེལ་བ་ཡོད་པའི་སྨན་པ་དང་ལས་དང་འབྲེལ་བའི་སྨན་ཡོད། གང་ལྟར་ཐབས་ལམ་མང་བོ་ཡོད་སྟབས་སོ་སོ་དང་འབྲེལ་བའི་ཐབས་ལམ་གང་ཡོད་པ་དེ་ངོ་འཕྲོད་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་རང་ཉིད་ལ་སེམས་གསོ་བཏང་སྟེ་ན་ཚ་ཡིན་ནའང་དྲག་སྐྱེད་ཡོད་ཅིང་། གལ་སྲིད་མ་དྲག་ནའང་དཀའ་ངལ་ཉུང་དུ་འགྲོ་རྒྱུ་ཡོད་པའི་ཡིད་ཆེས་བྱེད་དགོས།
No comments:
Post a Comment
བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།