Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Thursday, June 9, 2011

ཚ་བ་མདའ་སྨྱུག་དང་འབྲེལ་བ་ཡོད་མེད་ཀྱི་སྐད་ཆ་འགའ།

སེང་རྡོར།
____ ཚ་བ་མདའ་སྨྱུག་ལགས་གར་ཡོད་མ་ཤེས་ལོ་འཁོར་རེ་ཟུང་ཕྱིན་པར་རྗེས་དྲན་ཞུ།


འདི་ནས་ལྡོག་སྟེ་བརྩིས་ན་མི་ལོ་དྲུག་གི་སྔོན་རེད། སྤྱི་ལོ་ཉིས་སྟོང་ལྔའི་དགུན་དཀྱིལ་ཞིག་ལ་ཁོ་བོས་སངས་རྒྱས་ཀྱི་མདོ་ག་པར་ཡོད་དམ་ཞེས་པའི་རྩོམ་ཡིག་ཐུང་ངུ་ཞིག་བྲིས་ཏེ་ལོ་དེར་ཕ་ཡུལ་ནས་བསྐྲུན་པའི་དྲེལ་གཞུང་རིག་རྩལ་ཚོགས་པའི་གཏམ་གླེང་ཆེད་བསྒྲིགས་ཅེས་པའི་དེབ་ཏུ་བཀོད་བཞག ཚེག་ཡིག་འབྲུ་ཉུང་ཞིང་ལུང་དཔེ་བརྗོད་ཀྱིས་དབུལ་ནའང་། ཤོག་ལྷེ་འགའ་ལས་མེད་པའི་རྩོམ་ཐུང་དེ་རྗེས་ཀྱི་རྟུལ་ཕོད་བྲི་དགོས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན། རྟུལ་ཕོད་ནང་བཅད་ལྷུག་གཉི་གའི་ལམ་ནས་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཞེས་པའི་རྩོམ་ཆ་གཅིག་བྲིས་ཡོད། དམ་པ་ཁང་དཀར་སོགས་ཀྱི་དཔེ་དེབ་རེ་ཟུང་བཀླགས་པས་ཡིག་ཚོགས་ཅུང་མང་དུ་འཕེལ་ཡོད་མ་གཏོགས། ནང་དོན་ཕལ་ཆེར་སྔར་གྱི་དེ་ག་རང་ངོ་།
གཞེས་ནིང་ལོར་དྲ་ཐོག་ཏུ་ཞུགས་རྗེས། ཚ་བ་མདའ་སྨྱུག་ལགས་ཀྱི་ལོག་རྟོགས་སྙིང་སྟོབས་ཞེས་པ་མཇལ་ཐུབ་སོང་། ལོག་རྟོགས་སྙིང་སྟོབས་དེ་གཞུང་བཀའ་པོད་ལྔ་ཡི་རིགས་དབྱེ་བཀར་ཐོག་བར་བར་དགེ་རྒན་ཆེན་མོ་དོར་ཞི་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱི་ལྟ་ཚུལ་ཕྱོགས་སྔར་བཀོད་དེ་བྲིས་པའི་རྩོམ་རིང་ཞིག་རེད། དེའང་གསལ་པོར་བཤད་ན་གནའ་བོའི་སྟོན་པ་ནས་དེ་རིང་གི་རྗེས་མཇུག་སེར་སྐྱ་གཅིག་ཀྱང་ཤོར་མ་བཅུག་པའི་ཡི་གེའི་ལས་འགུལ་རྩུབ་པོ་ཞིག་རེད། ཨ་ལགས་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་འབྲི་སྟངས་དང་རྣམ་པའི་ཆ་ནས་འདྲ་པོ་ཡོད།
ཟླ་འོད་གཞོན་ནུའི་འཁྲི་ཤིང་དང་དེ་ལས་ཀྱང་སྔ་བའི་མདའ་སྨྱུག་ལགས་ཀྱི་རྩོམ་དག་བཀླགས་ན། ཁོང་གིས་ཀྱང་མཁན་པོ་བཀྲ་ཤིས་བསྟན་པ་རབ་རྒྱས་སོགས་སངས་རྒྱས་དངོས་ཀྱི་ཚད་དུ་བཀུར་ཐུབ་པའི་འབབ་ཚིགས་ཤིག་བརྒྱུད་མྱོང་བ་ཤེས་ལ། ལོག་རྟོགས་སྙིང་སྟོབས་ཀྱིས་ས་མཚམས་ཕྱེ་བའི་བྲིས་རྩོམ་གསར་མ་ཁག་མཇལ་སྐབས། དུས་ཚོད་ཀྱི་སྐས་རྐང་དང་ལྡན་པར་རིམ་པས་མཁན་པོ་དགེ་བཤེས་སོགས་ལ་ཁོ་ཆད་ཅིང་བློ་ལོག་སྟེ། མཐར་ནི་ལོག་པར་རྟོགས་པའི་སྙིང་སྟོབས་ཆ་ཚང་རྙེད་པ་སྟེ། སྡོམ་པ་ནི་རང་དབང་གི་དགྲ་བོ་ཡིན། རྒྱུད་ལ་སྡོམ་པ་ལེན་པ་ནི་སྐེ་ལ་ལྕེབ་ཐག་གོན་པ་ཡིན་ཞེས་པའམ། དེ་ཚོ་ཡོད་ཚད་ལ་བརྗེད་ཟས་བརྗེད་ཆུ་འདྲ་དྲངས་པ་ཡིན་ན་མ་གཏོགས་སོགས་ཀྱི་རིང་ཐུང་ཕོ་འདོམ་དགུ་བརྒྱ་ཡོད་པའི་དགག་གཟེར་ནག་པོ་ཞིག་བསྐྱུར་ཏེ་ཕེབས་སོང་བ་གོ་ཡོང། ལོག་རྟོགས་སྙིང་སྟོབས་ཞེས་པའི་ཚིག་སྒྲོས་གཞན་ཞིག་ནི་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་རང་རེད། ཡང་ན་དེ་ལས་ཀྱང་ངམ་ནག་སྟེ། ལོག་རྟོགས་སྙིང་སྟོབས་ཅེས་པའི་ཁོག་ཏུ་ཁོ་བོའི་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལྟ་བུ་བརྒྱ་ཐམ་པ་ཡང་བསྡུས་ཏེ་འདུག ཁང་དཀར་ལགས་སོགས་ཀྱིས་རྒྱུ་ཆའི་ཚུལ་དུ་བཏོན་པ་གང་ཞིག་མདའ་སྨྱུག་ལགས་ཀྱིས་གཅིག་གཅིག་གཉིས་གཉིས་སུ་གཏན་ལ་ཕབ་ཚར་ཡོད།
གཞན་ཞིག་ནི། ལོག་རྟོགས་སྙིང་སྟོབས་སོགས་མཇལ་ན་ཁོང་གི་ཐོས་པ་དེ་དགེ་འདུན་ཆོས་འཕེལ་དང་མཉམ་པོར་ལྟ་ཆོག་པ་ཞིག་འདུག གང་བྲིས་ཐམས་ཅད་པོ་གཙང་ཆེན་གྲུ་ཡིས་གཤགས་པ་ནང་བཞིན་ཐོགས་ས་ཅི་ཡང་ཡོད་མི་འདུག་སྟེ། རང་རེའི་ཤར་ལྷོ་ཕྱོགས་མཚམས་ནས་བསྒྲུགས་ཁུལ་བྱས་པ་དག་དང་གཏན་མི་འདྲའོ། ཁོང་རྣམས་ཀྱི་ཐོས་པ་དེ་དྲ་ཐོག་པེ་ཏོའི་གཤེར་སྒོའི་ནང་དྲི་བ་ཞིག་བརྒྱབ་པ་བཞིན་ཐམས་ཅད་ཀུན་ཀྱང་ཀློང་དུ་བརྡོལ་ཡོད་འདུག དེའི་རྐྱེན་གྱིས་ཁོ་བོས་རྒྱུན་པར་དགེ་འདུན་ཆོས་འཕེལ་དང་ཚ་བ་མདའ་སྨྱུག་སོགས་ཀྱི་དེ་རྩོམ་སྟངས་ཤིག་དང་རྩོམ་ལུས་ཤིག་ལ་ལྟོས་པ་ཅང་མེད་པར། དཔེ་ཀློག་གི་ཁམས་ཆེན་པོ་ཞིག་གིས་ཐག་བཅད་འདུག་ཅེས་ཟེར་པ་ཡིན་ནོ། དེ་ནི་ལད་མོ་བྱེད་ཐུབ་ས་ཞིག་མིན་ལ་ལད་མོ་བྱས་ཏེ་ཡོང་བ་ཞིག་ཀྱང་མིན། ངེས་པ་དོན་གྱི་མང་ཐོས་ཁོང་འདྲ་བོད་ཙམ་ཕར་ཞོག་འཛམ་གླིང་ཆེན་པོ་འདིར་ཡང་མང་པོ་ཞིག་ཨེ་ཡོད་མི་ཤེས།
ཕྱིར་བདག་གི་སྟེང་བབས་ན། ཚ་བ་མདའ་སྨྱུག་གི་ལོག་རྟོགས་སྙིང་སྟོབས་ཤེས་པ་ནས་བཟུང་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཇེ་རྒྱས་ཇེ་ཞིབ་གཏོང་དགོས་སྙམ་པའི་འཆར་གཞི་དེ་ཧྲིལ་གྱིས་མཚམས་བཞག་པ་ཡིན། རྒྱུ་མཚན་ཧ་ཅང་སླ་སྟེ། ངས་བཤད་དགོས་པ་དག་ཁོང་གིས་ཡོངས་སུ་བཤད་ཟིན་ལ། ངས་བཤད་མ་ཤེས་པ་མང་ཞིག་ཀྱང་ཁོང་གིས་བཤད་ཟིན་ཏེ་ཡོད། དེ་ནི་ང་རང་སྤྲོ་དགོས་པའི་དོན་དག་ཅིག་སྟེ། རང་གཅིག་པུའི་སོམ་ཉིའི་མདུད་པ་ཁེར་རྐྱང་དེར་གློ་བུར་དུ་དྲིས་ལན་རྙེད་བྱུང་བས་སོ། ཡང་ན་བསམ་བློ་གཏོང་ཕྱོགས་རང་དང་འདྲ་བ་རེ་གནམ་འོག་ཏུ་མེད་མི་སྲིད་པའི་ཡིད་ཆེས་རྙེད་པས་སོ། འོན་ཀྱང་བགྲང་བྱ་རེ་ཟུང་བསྐྱལ་མ་ཐག ཡང་བསྐྱར་གང་ཞིག་ན་ཅི་ཞིག་ལུས་འདུག་པའམ་ག་རེ་ཆད་ཡོད་པ་ལྟ་བུའི་སེམས་ཁྲལ་རེ་མི་སྐྱེས་ཐུ་མེད་བྱུང་། དེ་ནི་ཅི་ཞིག་ཡིན་སྲིད་དམ།
ལར་ཆོས་ལུགས་གང་ཡང་རྟོག་གེའི་རིག་པས་འགྲེལ་ཐབས་མེད་པ་ངས་ད་ལྟ་ཡིན་རུང་ཁས་ལེན། འོན་ཏེ། ཁོ་བོའི་རྩོམ་ཐུང་ཁག་ཡིན་ན་འདྲ། ཚ་བ་མདའ་སྨྱུག་གི་རྩོམ་རིང་དེ་ཡིན་ན་འདྲ། དགག་རྒྱུ་གང་ཞིག་དགག་ཚར་པའི་ཤུལ་དུ་ཆོས་ལུགས་ལ་བསྐྱུར་པའི་སྐད་ཆ་ནི་ཁོ་བོ་ལྟར་ན་ཆོས་ལུགས་གང་ཡང་རིག་གནས་ཤིག་ཡིན་པར་ངེས་པ་རྙེད་ན་ཞེས་པ་དེ་ཙམ་དང་། ཚ་བ་མདའ་སྨྱུག་ཁོང་ལྟར་ན་ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ཅེས་པ་འདི་ཙམ་རེད། སྟེས་དབང་ཞེས་པ་ཡིན་རྒྱུ་རེད་དེ། དགོན་སྡེའི་དངོས་གཞིའི་སྦྱངས་རིམ་ཁག་ཐད་ཀར་མ་སོང་བའི་ཁོ་བོའི་ངག་དང་ནང་བསྟན་མཚན་ཉིད་རིག་པའི་བསླབ་བྱ་སྐོར་ཞིག་དངོས་སུ་རྫོགས་ཟིན་པའི་ཚ་བ་མདའ་སྨྱུག་གི་གཏམ་གཉིས་མ་བགྲོས་ངང་གིས་ཐོད་ཐུག་ཡོད་ཨང་། ལར་ན་དེ་ཙམ་གྱིས་ཀྱང་ཚོད་ཚོད་དུ་སྤོབས་པ་ལྟ་བུ་རེ་ཐོབ་རྒྱུ་འདུག་མོད། ཉལ་ཐོག་ལག་པ་བྲང་ཐོག་གིས་དལ་མོར་འདང་བརྒྱབ་ན། ཡོངས་རྫོགས་ཤེས་ཚར་པའི་ཚ་བ་མདའ་སྨྱུག་གི་གསུང་ཡིན་ན་འདྲ་ལ། ཕྱེད་ཙམ་ལས་གོ་མེད་པའི་ཁོ་བོའི་སྐད་ཆ་ཡིན་ནའང་འདྲ། ཆོས་ལུགས་ལ་བསྐྱུར་པའི་གནས་མལ་དེ་ཅུང་ཟད་དོག་དྲགས་པ་ཨེ་ཡིན་གྱི་སེམས་འཚུབ་རེ་ཁད་ཀྱིས་སྐྱེས་འོངས་སོ།
ཁོ་བོའི་ཉོག་བཤད་དག་མ་གླེང་ཡང་ཆོག་མོད། ཆོས་ལུགས་ཞེས་པ་དེ་རྟ་རྒན་ཞིག་ཡིན་རྒྱུའི་དབང་དུ་བྱས་ན་ལྕག་བཞུ་ཡོབ་རྡུང་གིས་བརྒྱུགས་བརྒྱུགས་མཐར་དབུགས་ཁམ་གང་ལེན་དབང་བྱིན་པ་ནི་ལོག་རྟོགས་སྙིང་སྟོབས་མཇུག་གི་ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ཅེས་པ་འདི་ག་ཙམ་རེད། སྙན་ངག་བཞིན་ཕྱི་བསློགས་ནང་བསློགས་བྱས་ཚེ་བཅོས་མའི་དད་པ་ཞེས་པའི་ཁོག་ཏུ་ཧ་ཅང་མང་པོ་ཞིག་བསྡུས་ཡོད་ཅེས་བཤད་ཐུབ་མོད། རྒྱུན་ལྡན་ལྟར་ན་བཅོས་མའི་དད་པ་ཞེས་པ་འདི་སྒྲ་དོན་གང་ཐད་ནས་དེ་ཙམ་འཁྱེར་བདེ་ཡག་པོ་ཞིག་མིན་པ་ལྟ་བུར་སྣང་།
བདག་ནི་རང་དང་གཞན་གྱིས་ལབ་པ་ལྟར་དགོན་སྡེའི་སྦྱངས་རིམ་ཁག་དངོས་སུ་མ་སོང་བར་ལྷན་སྐྱེས་དང་དཔེ་ཀློག་ཙམ་གྱིས་འུར་རྒྱག་མཁན་ཡིན་ཕྱིར། ཁོབས་སུ་མ་ཆུད་པའི་ཆ་འགའ་ཞིག་ཡོད་ན་སྐྱོན་མི་སྲིད། སོ་སོས་རིམ་པས་ཇེ་གསལ་གཏོང་ཆོག་ལ་གཞན་དག་ཀྱང་འཕར་བ་རྗེས་ཐོག་གཅིག་གིས་མི་ཡོང་ལས་ཆེ་མོད། ཚ་བ་མདའ་སྨྱུག་ཁོང་གཞན་དང་མི་འདྲ་སྟེ། ཆོས་ལུགས་ཕྱོགས་ཀྱི་མཁས་པ་དོ་ཟླ་མེད་པ་ཞིག་ལ་བརྩི་ཆོག་པ་ཡིན་པས། ཚིག་གཅིག་གཉིས་ཙམ་གྱིས་ཀྱང་གཞན་ལ་ཤུགས་རྐྱེན་བློ་ཡུལ་ལས་འདས་པ་རེ་སྟེར་སྲིད་པ་རེད། དེའི་ཕྱིར་ཁོང་གིས་ད་དུང་ཆོས་ལུགས་ཐད་གཞན་འགའ་རེ་བཤད་མེད་པ་ལྟ་བུའི་སྟོང་ཆ་མཐོང་གི་ཟེར་པ་ཡིན།
དེ་ལྟ་ནའང་། ལོག་རྟོགས་སྙིང་སྟོབས་ཐད་ནས་ཁོང་ལ་དོན་དང་མཐུན་པའི་དགག་ལན་ཞིག་སུས་ཀྱང་བསྐྱོན་ཤེས་ཐབས་མེད་དེ། རྩོམ་རྩལ་དང་ཁ་སྟབས་ཙམ་གྱིས་ཟེར་པ་མིན། ཆོས་ལུགས་ཀུན་དང་བྱེ་བྲག་སངས་རྒྱས་ཆོས་ལུགས་ཀྱི་རྒྱུ་རྙོག་དངོས་ནི་ཁོང་ཉིད་ཀྱིས་གསུངས་པ་དང་ཨ་ན་མ་ན་ཡིན་པས་དོན་དངོས་ལ་བསྙོན་ནུས་པའི་རིག་པ་ཞིག་སྲིད་འདིར་གཞི་མི་གྲུབ་པས་སོ།
ངས་བལྟས་ན་ཚ་བ་མདའ་སྨྱུག་གམ་ལོག་རྟོག་སྙིང་སྟོབས་ཞེས་པ་འདི་སངས་རྒྱས་ཆོས་ལུགས་ཀྱི་རྩ་བར་བཀོད་པའི་བསྐལ་བའི་རྟགས་ཐམ་རིང་མོ་ཞིག་ཡིན་པ་རེད། འདི་ཕན་ཆད་དགག་རྒྱུ་མེད་ལ་དགག་ནའང་སྙིང་པོ་མེད། སངས་རྒྱས་ཆོས་ལུགས་འདི་རྟོག་གེ་རིག་པ་དང་བསྲེས་ཐོག་ཚད་མ་སོགས་ཀྱི་རྒྱབ་རོགས་འོག་ད་ལྟའི་བར་དཀའ་ལས་གང་ཡང་མ་བརྒྱབ་པར་ཀུན་གྱིས་བདེན་པ་ཉག་གཅིག་ཏུ་ཁུར་ཏེ་འོངས་ཕྱིར་ལྕགས་དམར་སྐམ་གཅུན་གྱི་བཀའ་བསྒོ་འདི་སྤྱིར་ན་འབབ་སྟེ་ཡོད་མོད། ད་དུང་མུ་མཐུད་དགག་ཕྱིན་ཆོས་ལུགས་ཀྱིས་བསྐྱེད་པའི་ཉེས་པ་དེས་མི་ཚད་པའི་ཉེས་པ་གཞན་ཞིག་མི་འབྱུང་བའི་ངེས་པའང་མི་འདུག་པ་འདྲ།སྟབས་ཉེས་ན་མཐའ་ཟད་པའི་མཐའ་ཞིག་སྟེ་ཤེས་བྱ་ལ་བསྙོན་པ་ལྟ་བུའི་ཕྱིན་ཅི་ལོག་པའང་ཁ་དར་སྲིད་པ་ཞིག་རེད།
འདི་ཡང་གཙོ་བོ་ཁ་སང་དེ་རིང་གི་དྲ་ཐོག་བལྟས་ནས་བཤད་པ་ཡིན། རགས་ཕྱོགས་ནས་མི་ཡོངས་རྫོགས་པོ་ཆོས་ལུགས་ལ་དགག་པ་བསྐྱོན་མཁན་ཡིན་པ་ལྟ་བུར་སྣང་། དེ་འདྲ་རང་ག་ལ་ཡིན་མོད། དུས་འདིར་ཆོས་ལུགས་ལ་ཁ་རྡུང་གཏོང་མཁན་ཉུང་ཉུང་ཞིག་གཞི་ནས་མ་རེད། ཁ་རྡུང་གཏོང་མཁན་མང་ཆེར་ལ་གང་ནས་འོངས་པ་མི་ཤེས་པའི་སྡང་ཞེན་ཞིག་ཀྱང་ཡོད་པ་འདྲ། འདི་རྒྱུན་ལྡན་ཞིག་ལ་ཅིས་ཀྱང་མཐོང་དཀའོ། དེ་ལ་རྒྱུ་རྐྱེན་མང་མོད་གཙོ་བོ་གཅིག་ནི། ཚ་བ་མདའ་སྨྱུག་ཁོང་དང་ངེད་སོགས་ཀྱིས་ཆོས་ལུགས་ནི་རིག་གནས་ཤིག་ཡིན་ཞེས་པའམ་ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ལྟ་བུའི་སྐད་ཆ་ཐུང་ངུ་རེ་ལས་མ་བསྐྱུར་པས་རེད་འདོད།
མི་རྣམས་ལོག་རྟོགས་སྙིང་སྟོབས་དང་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལྟ་བུའི་ཁ་བྱང་གིས་བསླུས་པ་དང་ལོག་རྟོགས་སྙིང་སྟོབས་གཞུང་དངོས་ཀྱི་ལེའུ་རིང་མོ་ཁག་ལས་མཇུག་བྱང་ཐུང་ངུའི་ནང་གི་ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ལྟ་བུའི་ཚིག་ཕྲེང་ཕྱེད་པ་ཙམ་དེར་དོ་སྣང་རྩ་བ་ནས་སླེབས་ཀྱིན་མེད་ཚོད་རེད། དེ་ལ་དོ་སྣང་མ་བྱུང་བས་དགོངས་གཞི་ཅན་གྱི་ཚིག་ཕྱེད་པ་དེ་དག་ཕལ་ཆེར་མ་བྲིས་པ་དང་ཁྱད་མེད་པ་ལྟ་བུ་ཆགས་སོང་བ་རེད།
འདི་མུར་ཕྱིན་ཚེ་སྒྱུ་རྩལ་དང་དཔལ་ཡོན་གྱི་ཆ་རུ་གྱུར་པ་གང་ཞིག བསམ་བློ་དང་ཤེས་རིག་གི་ངོ་བོར་གྲུབ་པ་གང་ཞིག མི་ཆོས་དང་ལྟ་སྤྱོད་ཀྱི་གཞུང་རྟར་སྨིན་པ་གང་ཞིག་སྟེ། ཆོས་ལུགས་མ་རེད་ཅེ་ན་ཆོས་ལུགས་ཡིན་པ་དང་ཆོས་ལུགས་རེད་ཅེ་ནའང་ཆོས་ལུགས་མིན་པ་སོགས་ཀྱི་ཧ་ཅང་མང་པོ་མང་པོ་ཞིག་ལ་གནས་མ་ཡིན་པའི་བརྡབ་གསིག་དང་ཆག་གྲུམ་མི་འབྱུང་བའི་ངེས་པ་མེད་པ་འདྲ། འདི་ནི་ཁོ་བོས་གོང་ནས་ཅི་ཞིག་ལུས་འདུག་པའམ་ག་རེ་ཆད་ཡོད་པ་ལྟ་བུའི་སེམས་ཁྲལ་རེ་མི་སྐྱེས་ཐུ་མེད་རེད་ལབ་པའི་འགག་རྩའི་དོན་པོ་ཡིན། དེ་ལྟ་ན། ཕྱི་ཕྱིར་ང་རང་ཚོས་ཆོས་ལུགས་ཀྱི་སྡོང་རྒན་འདི་རེ་ཞིག་བརྐོ་མཚམས་བཞག་སྟེ་ལས་ཀ་གཞན་དག་ལ་དྲན་པ་བསྐོར་ན་ག་འདྲ་ཡིན་ནམ་ཞེས་པའོ།

4 comments:

  1. གང་ཞིག་བཤད་པའི་སྙིང་དོན་ངོ་མ་ནི། ཚིག་ཉོག་གིས་བསྒྲིབས་ནས་མི་གསལ་བར་འདུག དེས་ན་ཁྱོད་ཚོས་དོན་གྱི་དགག་པ་ཞིག་རྒྱག་བསམ་ན་གོ་ངེས་ཤིག་དང་། རྒྱུ་མཚན་ལྡན་ངེས་ཤིག་བྱ་ན་འོས་པར་སེམས། ཁྱོད་ཀྱིས་ཚ་བ་མདའ་སྨྱུག་ཟེར་བ་འདི་བསམ་བློ་སྨིན་པོ་ཞིག་ཏུ་བརྩིས་འདུག་ཀྱང་། དོན་གྱིས་དེ་ལྟར་ག་ལ་ཡིན། དཔེར་ན། ཁོའི་ལོག་རྟོགས་སྙིང་སྟོབས་ཞེས་པའི་མིང་བྱང་འདི་ཙམ་ལ་སོམས་དང་། དེའི་ཚིག་དོན་གཉིས་ཐད་ནས་ནོར་སྐྱོན་ཤིན་ཏུ་ཆེ་བར་མ་ཟད། ཐ་ན་ཁོ་རང་གིས་ཀྱང་ཚིག་དེའི་དོན་བཤད་ནོར་བྱས་པ་འམ་བཤད་མ་ཤེས་ནས་ལུས་ཡོད་ཅིང་། དེའི་རྗེས་སུ་ཁྱོད་རང་མིག་བཙུམ་ནས་མཆོངས་འདུག་ག
    མཁར་སྒང་བསོད་ནམས་དབང་ལྡན་གྱིས།

    ReplyDelete
  2. ཚ་བ་མདའ་སྨྱུག་གིས་མདོ་སྔགས་བསྲེས་འདུག་ལ། གང་བྱུང་གིས་སངས་རྒྱས་ལ་ངོ་རྒོལ་ཡང་བྱས་འདུག དོན་ངོ་མ་བསམ་ན་ཆོས་དད་རང་མོས་ཟེར་དག་དང་གཅིག་མཚུངས་རེད།

    ReplyDelete
  3. ཚ་བ་མདའ་སྨྱུག་གིས་སངས་རྒྱས་ལ་ངོ་རྒོལ་བྱས་འདུག་ཟེར་བ་དོན་དང་ལྡན་མེད། སངས་རྒྱས་ཀྱི་བལྟ་བ་ལ་སུན་འབྱིན་བྱས་ཡོད། སུན་འབྱིན་བྱས་པ་ངོ་རྒོལ་ལ་བརྩིས་ན་ངོ་་རྒོལ་གྱི་གོ་དོན་གཞན་ཞིག་འཇོག་དགོས། ངས་སངས་རྒྱས་ལ་ངོ་རྒོལ་བྱེད་དོན་མེད་ཚ་བ་མདའ་སྒྱུག་གི་གསུང་མང་པོར་མོས་མཐུན་ཡོད། དེ་ལས་ཀྱང་ཐུ་བ་ཞིག་ལ་ངས་སངས་རྒྱས་ལ་སུན་འབྱིན་པ་དེ་ཡིད་ལ་འཐད་འཛིན་བཞིན་ང་རང་སངས་རྒྱས་པ་ཞིག་ཡིན་པར་བསམ་བཞིན་ཡོད། མདའ་སྨྱུག་ཀྱང་དེ་བཞིན་ཡིན་པ་ཇའདྲ།

    ReplyDelete
  4. ཚ་བའི་མདའ་སྨྱུག་ཟེར་བ་དེ་ཡག་ཉེས་སུ་ཡིན་ནམ། མི་དེས་སྣང་བ་གང་དྲན་བཤད་འདུག མདོར་ན་ཁོ་རང་དོགས་པ་ག་རེ་ཟ་བ་ཚང་མ་འདི་རུ་བྲིས་འདུག མིང་ལ་ངོ་མ་ག་རེ་ཟེར་གྱི་ཡོད་དམ།

    ReplyDelete

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com