དྷི་ལྷ་ལྡན།
༡ ལེབ་ཀྱིས་བསླངས་པ།
ཅི་ཞིག་གི་དུས་ན་བོད་ཀྱི་ཤེས་ཡོན་པའི་སྡེ་ནས་མི་རིགས་ཀྱི་སྲོག་རྩ་དང་། རིག་གཞུང་གི་འགག་སྒོ་ཡོད་ཚད་སྐད་ཡིག་ལ་འབྲེལ་ཡོད་པའི་རྟོགས་པ་སད་དེ་སྐད་ཡིག་གི་ཆེད་དུ་འུར་བརྒྱབ་པ་རེད། རེད་དེ་སྐད་ཡིག་རང་གི་སྲོག་རྩ་ནས་དམ་དུ་བཟུང་ཞིང་། སྐད་ཡིག་རང་གི་ངོ་གདོང་ནས་རླབས་ཆེ་བའི་ལས་དོན་མང་པོ་ཞིག་བསྒྲུབས་པ་སྟེ། བརྡ་འཕྲིན་དུས་རབས་ཀྱི་གཞུང་ལམ་སྟེང་དུ་ཤར་གྱིས་བཞག་པ་དང་། རྒྱལ་སྤྱིའི་སློབ་གྲྭ་ཆེ་ཁག་དག་ཏུའང་བོད་ཡིག་གིས་ས་ཁོང་བཟུང་ཞིང་། སྤྱི་ཚོགས་ཀྱི་ཉེར་མཁོ་མང་དག་ཅིག་ལ་བོད་ཡིག་བཀོལ་སྤྱོད་ཀྱི་གཞི་རྒྱ་ཆེ་རུ་བཏང་བ་སོགས་བྱུང་ཡོད་ནའང་།
བོད་པ་རང་རེའི་སྤྱི་དམངས་ཁྲོད་ཀྱི་མི་བུ་སྒེར་བ་རེ་རེ་དང་། རང་ས་རང་ཡུལ་གྱི་འཚོ་བའི་ཁྲོད་ཀྱི་སྐད་ཆའི་འགྱུར་བ་རེ་རེ་ལ་བསྐྲུན་སྤེལ་བཅོས་གསུམ་གང་ཡང་མ་ཐུབ་པར། “བསྲེས་སྐད”དང“་གཞན་སྐད”ཀྱི་གནོན་
ཤུགས་འོག་བོད་མིའི་ཕ་སྐད་གཙང་མ་དེའི་སྲོག་དབུགས་རླུང་གསུམ་གྱི་རྒྱུ་བ་གཅོད་ལ་ཁད་པ་དང་། ཕ་སྐད་ཀྱི་གོ་དང་ཐོབ་ཐང་ཡོད་ཚད་འཕྲོག་ཅིང་མཐའ་རུ་སྤྱུགས་ལ་ཁད་པའི་ཚད་དུ་ལྷུང་སོང་བ་རེད།
རེད་དེ། ཉེ་ཆར་དགེ་ཚུལ་ཁྲིམས་བློ་གྲོས་ཀྱིས་སྐད་ཡིག་གི་སྐོར་གྱི་ལེགས་རྩོམ་སྟེ། 《འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་རྣམ་གཞག་ལུག་རྫི་རྒན་པོའི་ཀི་སྒྲ》ཞེས་པ་བརྩམས་གནང་ཞིང་། ཁོང་གིས་མགོ་བརྩམས་ཤིང་བོད་ཡུལ་སྣ་འདུས་ཀྱི་མི་བུ་མང་དག་ཅིག་གིས་ཐ་སྙད་གསར་འདོགས་ཀྱི་མིང་མཛོད་ཅིག་བསྒྲིགས་པ་དེས། བོད་མི་བྱིངས་ལེབ་ཀྱིས་བསླངས་ཤིང་། བོད་དམངས་ཕལ་འུར་གྱིས་སྤུར་ཏེ་ཚང་མ་སྐད་ཡིག་གི་སྟེང་དུ་བསྐོར་སོང་བ་རེད།
དེ་ནི་བོད་ཁུལ་ཡོངས་དང་། ལྷག་ཏུ་དམངས་ཁྲོད་ན་ཁོའི་མིང་གི་སྙན་པ་དེས་ལེབ་ཀྱིས་ཁེབས་ཡོད་པས་དཔེ་དེབ་དེ་དག་གི་ནུས་ཤུགས་ཀྱང་ཁོའི་མཚན་སྙན་དང་བསྡོངས་ཏེ་བོད་དམངས་ཁྲོད་དུ་འཛུལ་ཞིང་། ཚང་མས་དགའ་གུས་མོས་གསུམ་གྱིས་དང་དུ་བླངས་ཏེ་རོང་འབྲོག་དམངས་ཁྲོད་ཀྱི་རྒན་པོ་སྐྲ་དཀར་ནས། བྱིས་པ་སོ་དཀར་ཡན་འུར་གྱིས་སྤུར་ཏེ། ཡོངས་ཀྱིས་སློབ་ཅིང་བཀོལ་གྱིས་འདུག་པས། དུས་ད་ལྟ་ནི་འབྲོག་པའི་རྩ་ཐང་དང་། རོང་བའི་ཞིང་ཐང་ཡོངས་ན་བོད་སྐད་གཙང་མ་ཞིག་གི་གླུ་སྐད་སླར་ཡང་སྙན་ལྷང་ལྷང་དུ་གྲགས་ཏེ་འོང་གིན་ཡོད་ན། འདི་ཉིད་བོད་མིའི་རང་གཤིས་སུ་གྲུབ་པའི་ཨ་གསར་དང་འུར་འགྲོགས། ལད་ཟློས་དང་ཚུལ་ཆོས་ཙམ་མིན་པར་ཡུན་གྱིས་བརྟན་ཞིང་བྱིངས་ཀྱིས་ཁྱབ་པའི་རེ་སྨོན་ཡོད་ལ། ཆེན་པོ་དག་གིས་ཀྱང་མར་འཐེན་དང་གཞོག་གཏུབ་སོགས་མི་བྱེད་པར་ཐུན་མོང་གི་དམིགས་ཡུལ་དེར་ཐུན་མོང་གིས་ཤུགས་རྒྱག་པའི་རེ་འདུན་ཀྱང་ཡོད།
༢ ཤིང་རྟའི་ལམ་སྲོལ།
བོད་ཀྱི་སྤྱི་དམངས་ཁྲོད་དེ་འདྲའི་བསྲེས་སྐད་དང་གཞན་སྐད་མང་པོ་ཞིག་འཛུལ་ཏེ་འོང་བའི་རྒྱུ་མཚན་མེད་པ་མིན་ཏེ། ༡ ཁོར་ཡུག་གི་གནོན་ཤུགས་ཏེ། རང་ས་རང་ཡུལ་ནས་ཀྱང་བོད་མི་རྣམས་གྲངས་ཉུང་མི་རིགས་སུ་གྱུར་ཞིང་། ཕ་ས་ཕ་ཁྱིམ་ནས་ཀྱང་རང་གི་ཕ་སྐད་དེས་རང་གི་ལྟོ་གོས་འཚོལ་བ་དང་། སྨན་ཁང་དང་དངུལ་ཁང་སོགས་འཚོ་བའི་ཁྲོད་ཆེས་ཆེར་འབྲེལ་དགོས་པ་དག་ཏུའང་ས་ཆོད་མེད་པ་དེས་གཞན་སྐད་ཅིག་མི་ཤོདཀྱང་ཨེ་འཁྲོལ་དང་། མི་འཁྱོངས་ཀྱང་ཨེ་ཤོད་ཅིག་མི་ལྟ་ག་མེད་དུ་གྱུར་སོང་བ་རེད། ༢ གསར་བྱུང་གི་དངོས་རྫས་དང་གསར་དར་གྱི་བྱ་ལས་སྣ་ཚོགས་པ་དེ་དག་ལ་བོད་རང་གི་ཐ་སྙད་ཅིག་མེད་སོང་དུས། བོད་རང་གི་ཕ་སྐད་ཀྱིས་བཤད་འདོད་ཀྱང་ཐབས་མེད་དུ་གྱུར་ཏེ་ཡོད་པ་རེད།
དེ་བས་གནད་དོན་སྔ་མ་དེ་ནི་ཐག་གཅོད་གཞན་ཞིག་ནས་འཚོལ་དགོས་པ་ལགས་མོད། ཕྱི་མ་དེ་ནི་ཁོང་ཁོང་གིས་མགོ་བརྩམས་ཏེ་བསྒྲུབས་པའི་ཐ་སྙད་གསར་འདོགས་ཀྱི་ལས་དོན་གཉེར་སྟངས་འདི་ག་ལས་མེད་པ་རེད། སྤྱིར་སྟངས་བཤདན་དེའི་ཡར་སྔོན་ནས་ཀྱང་ཐ་སྙད་གསར་འདོགས་ལ་ཤུགས་རྒྱག་མཁན་ཡོད་འདུག་མོད། དེ་དག་གིས་དེ་ཙམ་གཡོ་འགུལ་བཟོ་མ་ཐུབ་ཅིང་། འདི་ཉིད་ཀྱིས་ལེབ་ཀྱི་བསླངས་ཤིང་ཡོངས་ཀྱི་སྤུར་བ་དེས་འུ་ཚོའི་གནའ་བོའི་གཞུང་ལུགས་ནས་བྱུང་བའི་ཐ་སྙད་ཅིག་སྦྱར་ན་ཤིང་རྟའི་སྲོལ་འབྱེད་ཅེས་པ་དེར་གྱུར་ཡོད་པ་སྟེ། མིང་མཛོད་འདིའི་རྐྱེན་གྱིས་སྔོན་ཆད་བསྒྲིགས་ཤིང་དཔེ་ཆའི་ཁྲོད་སྐད་མེད་དུ་གཉིད་ཡོད་པ་དག་གི་ནུས་ཤུགས་ཀྱང་ཧྲིལ་གྱིས་བསླངས་བཞག་པ་དེས། ཀློག་མཁན་ཙམ་མིན་པར་ཐ་སྙད་གསར་འདོགས་ཀྱི་ལས་དོན་སྒྲུབ་མཁན་དག་ལའང་བཀའ་དྲིན་ཆེ་བ་ཞིག་ཏུ་འཁུམས།
དེ་བས་སྔོན་ཆད་ནས་ཀྱང་རྣམ་གཞག་འདི་ཡོད་པ་ལགས་པས་གསར་བཏོད་ཅིག་མིན་ནའང་། རྒྱ་ཆེན་པོར་སྤེལ་ཞིང་། ཡོངས་ཁྱབ་ཀྱིས་སྒུལ་བ་དེས་ཤིང་རྟའི་ལམ་སྲོལ་འབྱེད་མཁན་དུ་གྱུར་ཡོད་པ་སྟེ། གཞུང་ལུགས་ཆེན་པོ་ཞིག་དཔེ་རུ་དྲངས་ན། ཡིག་ཆ་འགའ་ཞིག་ཏུ་སངས་རྒྱས་བསྐྱངས་ཀྱིས་དབུ་མ་ཐལ་འགྱུར་བའི་རྣམ་གཞག་བཀྲོལ་བར་བྱས་ནའང་། རྒྱས་བསྡུས་དང་རྒྱ་ཁྱབ་ཆེ་ཆུང་ཞིག་གིས་རྐང་ལམ་ཙམ་ལས་ཤིང་རྟའི་སྲོལ་འབྱེད་དུ་གྱུར་མ་ཐུབ་ཅིང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཐལ་འགྱུར་བའི་རྣམ་གཞག་ལུང་རིག་གིས་རྒྱས་པར་གཏན་ལ་ཕབ་ཅིང་། ཡོངས་ཁྱབ་ཏུ་བཏང་བ་དེས་ཁོང་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་སོང་བ་ལྟ་བུའོ། །འདི་རང་རེའི་སྐད་དུ་ཤིང་རྟའི་སྲོལ་འབྱེད་ཅེས་པ་ཞིག་ཡོད་པ་དེ་ཅི་ཡིན་པ་ཞོར་དུ་ངོ་སྤྲོད་པ་དང་ལྷན་དུ་དེ་ལྟར་ཡིན་པར་བསྟན་པ་ཡིན།
༣ གཏོར་བཤིག་དང་ཞིབ་བཞེངས་།
བྱ་དངོས་གང་ཡིན་ཀྱང་ཉེས་ཆ་གཏོར་བཤིག་དང་ལེགས་ཆ་ཞིབ་བཞེངས་མ་བྱས་ན་མུ་ནས་མུ་རུ་རྫོབ་ཅིང་ཉོག་པར་འགྱུར་བའི་གནས་ལུགས་དེས། ཐ་སྙད་གསར་འདོགས་ཀྱི་མིང་མཛོད་འདིའང་འུར་གཅིག་གིས་ལགས་སོ་ཞེས་སུ་རྗོད་ཅིང་། ཕྱོགས་གཅིག་ནས་ལག་ཏུ་བསྟར་རྐྱང་བྱས་ན་འགྲིག་མིན་ཅི་རིགས་ཤིག་ཀྱང་ཡོད་སྲིད་ན། དེ་ལ་དེ་མིན་གྱི་གསེད་དགྲོལ་བྱེད་པ་ནི “ཀ་ཁའི་བདག་པོ”དང “ ཀ་ཁའི་རིག་གཞུང”གི་དོན་དག་ཅིག་ཏུའང་ངེས་ལ། ཁོ་པ་ཚོས་དེབ་ཀྱི་བར་གསེང་ན་བསམ་འཆར་བསྡུ་ལེན་གྱི་ཤོག་ལྷེ་ཞིག་བཞག་ཡོད་པ་དེ་ཡི་རེ་བཞག་ཀྱང་ཡིན་སྲིད།
རེད་དེ་དོན་མེད་ཀྱི་རྩོད་གླེང་སྟེ། “ཚུལ་ཁྲིམས་བློ་གྲོས་མེད་ན་ཐ་སྙད་གསར་འདོགས་ཡོད་མེད”སོགས་ཐུན་མོང་གི་སྐད་ཡིག་གླེང་ས་ན་མི་སྒེར་དང་ཚོགས་པ་སྒེར་གྱི་ལྟ་བ་འཁྱེར་ནས་ཡོང་བ་ནི་ལྡོག་ཕྱོགས་ཀྱི་གཏོར་བཤིག་ཁོ་ནར་ངེས།
མ་གཞི་བསམ་འཆར་དང་ནོར་བཅོས་ནི་ལྷག་བསམ་དང་རེ་འདོད་ཀྱི་ཁོངས་སུ་གཏོགས་པ་ལགས་ན། དེ་ལ་བདག་པོའི་ངོས་ནས་ཀྱང་ཅི་བཞིན་དང་ལེན་དང་གསལ་བཤད་ཅིག་བྱེད་པ་ནི་འོས་འགན་ཞིག་ཏུ་ངེས། དཔེར་ན་བྱ་བྱིའུ་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་པོ་ལགས་ཀྱིས་བྱ་བྱིའུ་ཡི་ཐ་སྙད་འགའ་ནོར་བཅོས་བྱས་པ་ཞིག་མཐོང་སོང་མོད། དེ་ལ་ཡིན་མིན་གྱི་སྐད་བརྡ་ཅི་ཡང་གོ་བར་མ་གྱུར་ན། དེ་དང་དེ་ལྟ་བུ་དག་ལ་མིང་མཛོད་རང་སྟེང་ནས་ཁ་ཞིག་གྲགས་རྒྱུ་ནི་ང་དང་ཁོ་ཚོའི་རེ་བ་ཡིན་ཏེ། ཀ་ཁའི་རིག་གཞུང་དང་ཀ་ཁའི་ཚེ་སྲོག་གི་སླད་དུ་ངལ་བ་གདོང་དུ་བསུས་ཤིང་། ཉིན་མཚན་རེ་བས་སྐྱེལ་གྱིན་པའི་རྒན་ལགས་ཀྱི་འབད་པ་ཡག་ནས་ལེགས་སུ་ཕྱིན་པ་དང་། འུ་ཚོའི་སྐད་ཡིག་གི་ཚེ་སྲོག་འཆི་མེད་རྟག་བརྟན་གྱི་ངོ་བོར་ལྷུན་གྱིས་གྲུབ་པའི་སླད་དུའོ། །
སླར་ཡང་བཤད་འདོད་པ་གཅིག་ནི། ཐ་སྙད་གསར་འདོགས་ཀྱི་ཐད་ནས་བྱ་དངོས་གཅིག་ལ་མིང་མང་པོ་འདོགས་པར་རྒོལ་ཞིང་། དེའི་ཁ་གཏད་དུ“གཅིག་གྱུར” ཞེས་པའི་སྐད་ཆ་བཀོལ་མཁན་ཀྱང་འགའ་ཞིག་མཆིས་མོད། ཁོ་བོས་ནི་དོན་དང་མཐུན་ཞིང་རྗོད་པ་བདེ་བའི་མིང་ཞིག་ཡིན་ཕྱིན་བྱ་དངོས་གཅིག་ལ་མིང་མང་དུ་ཡོད་ཀྱང་ཉེས་འགལ་མ་མཆིས་ཏེ། “དོན་གཅིག་ལ་མིང་གི་རྣམ་གྲངས”ཞེས་པ་དེ་འུ་ཚོའི་སྲོལ་རྒྱུན་གྱི་ཁྲོད་དུའང་ཡོད་ལ། བྱ་དངོས་ཡོད་ཚད་ལ་མིང་གཅིག་རེ་ལས་བཀོལ་དུ་མེད་པར་གྱུར་ན་དེ་ནི་སྐད་ཆ་ནུས་མེད་ཅིག་མིན་པའི་ངེས་པའང་མེད། དེ་བས་སྐད་ཡིག་གཞན་དག་ལའང་བྱ་དངོས་གཅིག་ལ་མིང་དུ་མ་བཀོལ་དུ་ཡོད་པ་དང་། ང་ཚོའི་སྲོལ་རྒྱུན་གྱི་བྱ་དངོས་དག་གི་ཐ་སྙད་ལ་ཏོག་ཙམ་བསམ་གཞིག་བྱེད་ཅིང་། “དོན་གཅིག་མིང་གི་རྣམ་གྲངས”ཞེས་པར་འཁྱུག་ཙམ་བལྟ་བར་བྱས་ན“གཅིག་གྱུར”ཞེས་པའི་སྐད་ཆ་དེ་ཡང་སྐབས་འདིར་དེ་འདྲའི་འབྱོར་མོ་ཞིག་མིན་ཀྱང་སྲིད། དེ་ནི་ང་དང་རྒན་ལགས་བར་གྱི་བསམ་གཞིག་གཏོང་ཕྱོགས་ཀྱི་ཁྱད་པར་དེ་ཡང་ཡིན་སྲིད། མ་གཞི་རྒན་ལགས་དང་བདག་གི་བསམ་བློ་གཏོང་ཕྱོགས་ཡོངས་ཆུ་ལ་ཆུ་བཞག་བཞིན་དབྱེར་མེད་དུ་འདྲེས་ཆོག་ཆོག་རྐྱང་ཡིན་པའི་ངེས་པའང་མེད་དེ། བདག་གི་བསམ་བློ་ནར་མ་སོན་པ་ཡིན་ཀྱང་སྲིད་མོད་བསམ་བློ་གཏོང་སྟངས་འགའ་ཞིག་ནི་བཙན་གྱིས་མ་བསྟུན་ན་བབ་ཀྱིས་མཐོ་མ་ཐུགས་སའང་ཡོད་དེ། དེ་ནི《བདག་དང་རྒན་ལགས་ཀྱི་བསམ་བློ་གཏོང་སྟངས》ཞེས་པ་ལས་བཤད་པ་ལྟར་ལགས།
No comments:
Post a Comment
བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།