Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Friday, April 25, 2014

ཟླ་བར་སྒུག་པ།

སྦྲ་རིགས་ཐོགས་མེད (ལྦར་སོ་སློབ་ཆེན། )

༧པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོ་མཆོག་རྗེས་སུ་དྲན་པ།

རླུང་གཡུགས་པའི་མཚན་མོ་དེར། གློག་ཆད་སོང་བས་ཐ་ན་ཁྱིམ་མཚེས་ཚང་གི་སྒེའུ་ཁུང་ཐོག་གི་འགུལ་རིས་སྙིང་རྗེ་བོ་དེ་ཚོ་ཡང་མཐོང་རྒྱུ་མེད་པར་གྱུར།
མུན་ནག་ནང་དུ་ལག་སྙོབས་བྱས་ནས་ལཱ་སྒྲོན་ཞིག་འཚོལ་དགོས་བསམ་མོད།  བསམ་བློ་ཞིག་བཏང་དུས། གློག་ཐོན་པའི་སྔ་གཞུག་ཏུ་ལཱ་སྒྲོན་དང་བཞུ་མར་ཡོད་ཚད་གད་སྙིག་ཁྲོད་དུ་གཡུགས་ཟིན་པ་དྲན།

སྐབས་དེར་གཞི་ནས་ཕྱི་རོལ་གྱི་ཟླ་བ་དྲན་སོང་། དབུགས་ཐེངས་གཅིག་ལ་སྒོ་རའི་ནང་དུ་ཟླ་བ་བལྟ་བར་བརྒྱུགས།
ཁྱིམ་མཚེས་དག་སྔོན་ནས་སྒོ་རའི་ནང་དུ་འཛོམས་ནས་ཟླ་བར་བལྟས་འདུག
འོན་ཀྱང་། གསལ་ཞིང་དྭངས་པའི་ཟླ་བའི་ཕྱེད་ཙམ་སྔ་མོ་ནས་སྤྲིན་པས་གཡོགས་ཟིན་འདུག

མི་ཚང་མར་སྨྲ་བ་མེད་པར་ཟླ་བ་ཕྱེད་དེའི་འོད་སྣང་ལ་ཧད་འདུག་པར་བལྟས་ན།
ཁོ་ཚོས་ཟླ་བ་ནི་དེ་འདྲའི་མཛེས་སྡུག་ལྡན་པ་ཞིག་ཡིན་པ་དེ་རིང་གཞི་ནས་ཤེས་པ་འདྲ།

རིམ་བཞིན་ཟླ་བ་ཕྱེད་ཀ་དེ་ཡང་སྤྲིན་གྱིས་ཡོངས་སུ་བསྒྲིབས་སོང་།
སྐབས་དེར་ཡོད་ཚད་མུན་ནག་ཏུ་གྱུར་བས་ཐ་ན་ང་ཚོས་ཕན་ཚུན་གྱི་གདོང་ཡང་མཐོང་ཐབས་བྲལ།
ང་ཚོས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་མུན་ནག་ཁྲོད་ནས་མེ་ཤིང་བསྒྲུགས།
མཐའ་མར་ང་ཚོ་མེ་ཕུང་ཆུང་ངུ་ཞིག་གི་མཐའ་སྐོར་དུ་འཛོམས་ཐུབ་ཙམ་བྱུང་།

“བུད་ཤིང་འདི་མ་རྫོགས་བར་དུ་ང་ཚོས་ཟླ་འོད་བསྐྱར་དུ་མཐོང་ངེས་ཡིན།”
རྒན་པོའི་སྐད་ཆ་འདིས་ང་ཚོའི་སེམས་ལ་རེ་བ་ཆེན་པོ་ཞིག་བྱིན།

བུད་ཤིང་རྫོགས་བཞིན་པ་དང་མཉམ་དུ་མེ་ཤུགས་ཀྱང་ཆུང་དུ་ཕྱིན།
འོན་ཀྱང་། ང་ཚོས་སྔར་བཞིན་མུན་ཁྲོད་དུ་རེ་བའི་ངང་ཟླ་བར་སྒུག་ནས་ཡོད།


No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com