Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com

Sunday, April 27, 2014

ཁ་དང་གྲོད་ཁོག་འབའ་ཞིག་སྒོ་ཕྱེ་བ།

ར་ས་ཕོ་ཉ།

ཟླུམ་པོ།=རིལ་རིལ་དང་གོར་གོར། བྲལ་བ།==ཁ་བྲལ་བ་ལྟ་བུ། ཡིད་དུ་འོང་བ།==མཛེས་པོ། དལ་བ།==མགྱོགས་པོ་མིན་པ། ཕྱུག་པ།== དཔལ་འབྱོར་ཆེ་བ། ཆིག་ལབ།==སོ་སོས་སོ་སོར་སྐད་ཆ་བཤད་པ། ཟུམ་པ།==མེ་ཏོག་ཁ་རྒྱག་པ་ལྟ་བུ།

འཛམ་གླིང་འདིར་ཁམས་དང་མོས་པ་མི་འདྲ་བའི་སེམས་ཅན་ཇི་སྙེད་ཅིག་ཡོད་མོད་ཀྱང་། མི་ཚེའི་ཉམ་མྱོང་གི་རྐྱེན་པས་སེམས་ཅན་མང་པོ་ཞིག་གི་ཁམས་ཀྱི་ཁ་ཕྱོགས་ནི་གཅིག་ཏུ་བསྒྱུར་ཡོད། ཐེངས་ཤིག་འཛམ་གླིང་འདིར་སེམས་ཅན་རིས་མེད་ཟེར་བ་ཞིག་གསར་དུ་སླེབས་པ་རེད། སེམས་ཅན་དེས་འཛམ་གླིང་ཟླུམ་པོ་དེ་དང་པོར་མཐོང་དུས་དགའ་ཚོར་ཚད་མེད་བྱུང་། གང་ཡིན་ཟེར་ན། ཁོས་ད་བར་གླིང་ཕྲན་མང་པོ་ཞིག་ཏུ་བསྐྱོད་མྱོང་ཀྱང་། དེ་དག་ཕལ་མོ་ཆེ་སྐམ་པོ་བརླན་དང་བྲལ་བ། ཤིང་དང་རླུང་མེད་པ། ཁ་དོག་སྐྱ་བོ་རྐྱང་པ་ཡིན་པ། ནམ་མཁས་རྡོ་དེ་ཚོས་གང་སར་བརྡུང་ནས་ཡོད་པ་དེ་འདྲ་ཡིན།
འཛམ་བུ་གླིང་དེ་ནི་དེ་ལྟར་མ་ཡིན་པར་ཤིན་ཏུ་ཡིད་དུ་འོང་བ། མེ་ཏོག་དང་འབྲས་བུས་རྒྱན་པའི་ཤིང་ནགས་ཀྱིས་ཁེངས་པ། བརླན་ཞིང་ཡང་བའི་གཙང་པོ་དང་། རྒྱ་ཆེ་ཞིང་རྦ་རླབས་འཕྱུར་བའི་རྒྱ་མཚོ། གངས་ཀྱིས་ཐོར་ཅོག་བཅིངས་པའི་རི་བོ་དང་། བསིལ་ཤིང་དལ་བར་རྒྱུ་བའི་མཁའ་རླུང་སོགས་ཀྱིས་ཕྱུག་པ་ཡིན་དུས། རིས་མེད་སེམས་པ་རང་དབང་མེད་པར་ཤོར། རིས་མེད་འཛམ་གླིང་དེ་དང་པོར་འབྱོར་དུས་ཐང་ཆེན་པོ་ཞིག་གི་ནང་།

སང་ཤི་མནངས་ཤིར་ངེས་པའི་སྤོ་བོ་རྒས་པོ་ཞིག་གིས་ཁང་པ་ཐོག་བརྩེག་དགུ་ཅན་ཞིག་རྒྱག་གིན་བསྡད་ཡོད་ལ། དེར་མི་ཚོས་ཕྱིན་ནས་ ''འོ་ཛི། ཇོ་ལགས། ཁྱེད་རང་ནི་སྐུ་གཟུགས་ཐང་རུ་ཐང་རུ་འགྲོ་གི་འདུག་ག རྗེས་མ་ཁང་པ་གྲུབ་སོང་ན་སྐྱིད་པོ་བཞུགས་ཆོག་ས་རེད། " ལབ་ཀྱི་ཡོད་པ་དང་། སྤོ་བོ་དེས་ "ཐུགས་རྗེ་ཆེ། ཁྱེད་ཚོས་སྨོན་ལམ་རྒྱབ་རོགས། ལོ་ལྔའམ་བཅུའི་རྗེས་ཁང་པ་ཚར་ན་སྐད་གཏོང་གི་ཡིན། "ལབ་ནས་གསེར་སྲང་ལྔ་རེ་སྤྲད་ཀྱི་ཡོད། རིས་མེད་ཧང་སངས་ནས། "འོ་ཛི། སྤོ་བོ་དེ་སང་མནངས་ཤི་མཁན་ཡིན་ནའང་། ད་དུང་མ་ཤེས་པར་ཁང་པར་བརྩེག་གི་འདུག་དྲན་ནས། སྤོ་བོའི་སར་ཕྱིན་ནས། "སྤོ་ལགས། ཁྱེད་རང་གིས་ཁང་པ་དེ་འདྲ་བརྩེགས་པ་མ་གནང་། དེ་ལས་ད་ལྟ་མི་ལུས་ཐོབ་ཐོག་དེར་བསོད་ནམས་བསགས་ན་དགའ་བ་ཡོད། ཁྱེད་རང་ནི་སང་ཤི་མནངས་ཤི་རེད་ཤག" ལབ་པས། སྤོ་བོ་དེ་ཁོང་ཁྲོ་ཟ་ཐག་ཆོད་དེ་གསེར་སྲང་སྤྲོད་རྒྱུ་ཕར་བཞག རྒྱུག་པ་འཁྱེར་ནས་བརྡུང་སར་ཡོང་བས་རིས་མེད་བྲོས་དགོས་པ་བྱུང་།
དེ་ནས་རིས་མེད་གྲོང་གི་མཐའ་ཞིག་ཏུ་སོང་བས། དེར་ཁྱི་ཞིག་ཡོད་པ་དེས་རིས་མེད་ལ་དགའ་པོ་ཞེད་དྲག་བྱས་པས། རིས་མེད་ཀྱི་འབའ་ཁུག་ནང་ནས་གསེར་ཊམ་གཅིག་བཏོན་ནས་སྤྲད་པས་ཁྱི་དེ་མི་དགའ་བར་ཕར་སོང་ནས་ཉལ་བསྡད་པ་རེད། དེ་ནས་རིས་མེད་ཀྱིས་བསམ་པར་འཛམ་གླིང་མཛེས་པོ་འདིའི་ནང་སེམས་ཅན་ལྐུགས་པ་དེ་འདྲ་འདི་ག་བསམས་ནས་བསྡད་པའི་སྐབས་ལ། རྨོ་བོ་རྒས་ཁོག་ཞིག་གིས་ཆིག་ལབ་ཏུ། "དཱ་མིག་གིས་ནི་མཐོང་གི་མི་འདུག རྣ་བས་ནི་གོ་གི་མི་འདུག ད་གྲོད་ཁོག་ལྟོགས་དུས་ཁ་ལག་དེ་ཟ་ཐུབ་ཙམ་འདུག"ལབ་པས་གཞི་ནས་རིས་མེད་ལ་རིག་པ་རྙེད་དེ། གསེར་ཊམ་དེས་ཁ་ལག་མང་ཐག་ཆོད་ཉོས་ནས་ཁྱི་དང་རྨོ་ལ་སྤྲད། དེ་ནས་ཡར་ཕྱིན་ནས་ཁང་པ་རྒྱག་བཞིན་པའི་སྤོ་བོ་ལ་སྤྲད་པས། ཁོང་ཚོ་དགའ་ཐག་ཆོད། ད་དུང་སྤོ་བོས་"བུ་ཁྱོད་ཡིན་ན་བཟང་། རྗེས་མ་ངའི་ཁང་པ་ཚར་སོང་ན་ཤོག་ཨང་། ཁྱེད་དང་ང་གཉིས་ལོ་མང་པོ་ཕན་ཚུན་རོགས་པ་བྱས་ནས་བསྡད་ཆོག" ལབ་བོ།།

དྲང་པོ་བཤད་ན་མིས་མི་དགའ།།
གསེར་དངུལ་སྤྲད་ན་ཁྱིས་མི་དགའ།།
ཁ་ལག་སྤྲད་ན་གཉིས་ཀས་དགའ།།
འདི་ནི་འཇིག་རྟེན་རྨོངས་པས་ལན།།

སྒྲུང་དེའི་ནང་དོན་ནི། དེང་སང་གི་སྤྱི་ཚོགས་ནང་མི་དང་ཁྱི་གཉིས་ལ་ཁྱད་པར་དེ་ཙམ་མེད་པར། གཉིས་ཀར་ལེགས་ཉེས་འབྱེད་པའི་མིག་དང་རྣ་བ་ཟུམ་ཞིང་། འབུ་དང་རྩེ་ཤིང་བཞིན་དུ་འཇིག་རྟེན་འདི་འཚོ་ཐབས་ཁ་དང་གྲོད་ཁོག་འབའ་ཞིག་སྒོ་ཕྱེ་ནས་ཡོད་ཅེས་པ་ཡིན།

No comments:

Post a Comment

བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།

རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com