Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com
Showing posts with label གསར་འགྱུར།. Show all posts
Showing posts with label གསར་འགྱུར།. Show all posts

Monday, April 14, 2014

ལྟ་གྲུབ་ཀུན་བཏུས་ཞེས་བྱ་བའི་ཕྱག་དེབ་མགྱོགས་མྱུར་འདོན་འཆར།

༧གོང་ས་མཆོག་གི་དགོངས་བཞེད་ལྟར་རྩོམ་སྒྲིག་གནང་བཞིན་པའི་༼འཕཊ་ཡུལ་གྱི་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས༽རྩོམ་སྒྲིག་པ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་བཤེས་བྱང་ཆུབ་སངས་རྒྱས་ལཊ་སུ་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་གནང་ཕྱོཊ་དང་ད་ལྟའི་གནས་སྟངས་ཐད་བཅར་འདྲི་ཞུས་ཡོད། 

དྲི་བ། ཐོག་མར་དགེ་བཤེས་ལཊ་ནས་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་གི་བྱུང་རིམ་ངོ་སྤྲོད་ཅིག་གནོངས་དང༌།

ལན། སྤྱིར་བཏང་ྋགོང་ས་མཆོག་ལ་འཕཊ་ཡུལ་གྱི་ནང་པའི་གཞུང་ལས་བྱུང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཞེས་པ་འདི་ལྟ་བུ་ཞིག་བསྒྲིག་རྒྱུའི་ཐུགས་འདུན་སྔ་མོ་ནས་ཡོད་ཐོག ཕྱི་ལོ་ ༢༠༡༠ ཟླ་ ༦ པར་ངྷ་སྟེང་བོད་ཁྱིམ་དུ་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་སྐབས་ནང་པ་སངས་རྒྱས་པའི་བཀའ་བསྟན་གྱི་བརྗོད་བྱ་ཚན་རིག་དང་ལྟ་གྲུབ། ཉམས་ལེན་བཅས་སྡེ་ཚན་གསུམ་དུ་འདུ་ཚུལ་གྱི་རྣམ་གཞག་རྒྱས་པར་བཀའ་བསྩལ་བ་དང༌། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལ་དམིཊ་བསལ་གྱིས་སྒྲིག་འཛུཊ་ཤིག་བཙུཊ་ཏེ། རྩོམ་སྒྲིག་མི་སྣ་དྲག་འདེམས་ཀྱིས་ནང་ཆོས་ནང་བཤད་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་སྟོན་པའི་༼ཚན་རིག་དང་ལྟ་གྲུབ་ཀུན་བཏུས༽ཞེས་པ་ཞིག་གསར་སྒྲིག་གི་ཐུགས་འགན་རྐང་བཞེས་གནང་དགོས་པའི་བཀའ་སློབ་ཕེབས་པ་མ་ཟད། ནང་པའི་གཞུང་དུ་བཤད་པའི་ཚན་རིག་དང་ལྟ་གྲུབ་སྐོར་གྱི་བརྗོད་བྱ་དབྱེ་སྟངས་དང༌། བརྗོད་བྱའི་རྐང་གྲངས་བཅས་ལ་ལམ་སྟོན་གནང། དེ་ནས་མཁན་རིན་པོ་ཆེ་མཆོག་དང་། སྐུའི་གསུང་སྒྱུར་དགེ་བཤེས་རྡོ་རྗེ་དགྲ་འདུལ། ཡང་སྟེང་རིན་པོ་ཆེ། དགེ་བཤེས་ཐུབ་བསྟན་དཔལ་བཟང་། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་བཅས་རྩོམ་སྒྲིག་འགན་འཛིན་ཚོཊ་ཆུང་གིས་བརྗོད་དོན་ས་བཅད་ཀྱི་རགས་ཟིན་ཐོག་མར་བསྒྲིཊ་ཏེ་ྋགོང་ས་མཆོག་ལ་སྤྱན་བསྟར་ཞུས་པའི་ཕྱིར་ཕེབས་ལམ་སྟོན་གཞིར་བཟུང་གདན་ས་ཁག་ནས་དགེ་བཤེས་ ༧༠ དྲག་འདེམས་ཀྱིས་ས་བཅད་བགོ་འགྲེམས་གནང་བ་རེད། དེའི་རྗེས་༧གོང་ས་མཆོག་གིས་སེ་ར་ཐེག་ཆེན་གླིང་དུ་ལམ་སྟོན་བཀའ་སློབ་གནང་བ་ལྟར། དགེ་བཤེས་རྣམ་པས་བཀའ་དང་བསྟན་བཅོས་བོད་སྐད་དུ་འགྱུར་བ་ཡོངས་རྫོཊ་ལས་བརྗོད་གཞི་དང་འབྲེལ་བའི་ལུང་ཁུངས་ས་བོན་འཚོལ་སྡུད་གནང་སྟེ། ༢༠༡༠ ནང་རྩོམ་སྒྲིག་འགན་འཛིན་ཚོཊ་ཆུང་གི་ཚོཊ་མི་དང་དཔྱད་ཞིབ་པ་དགེ་བཤེས་བདུན་ཅུ་བཅས་འབྲས་སྤུངས་སུ་འཛོམས་ཏེ་རྩོམ་གཞིའི་ལུང་ཁུངས་ས་བོན་ཐོག་བགྲོ་གླེང་དང༌། ༢༠༡༡ ལོར་༧གོང་ས་མཆོག་གིས་དགའ་ལྡན་དུ་དཔྱད་ཞིབ་པ་དགེ་བཤེས་རྣམ་པར་རྩོམ་སྒྲིག་གི་ལས་རིམ་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་དང༌། ལོ་དེའི་ཕྱི་ཟླ་ ༤ ནང་གདན་ས་གསུམ་གྱི་གྲྭ་ཚང་དྲུག་ནས་ང་ཚོ་རྩོམ་སྒྲིག་པ་དྲུག་འདེམས་སྒྲུག་བྱས་ཏེ་ལས་གཞི་མགོ་འཛུཊ་ཞུས་པ་རེད།

  དྲི་བ། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་གནང་དགོས་པའི་དམིཊ་ཡུལ་གཙོ་བོ་ག་རེ་ཡིན་ནམ། 
ལན། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་གི་དམིཊ་ཡུལ་གཙོ་བོ། ྋགོང་ས་མཆོག་གི་རླབས་ཆེན་དགོངས་གཞི་དང་རྩ་ཆེའི་ལམ་སྟོན་བཀའ་སློབ་སྔ་ཕྱི་རིམ་ཕེབས་ལྟར། བཀའ་འགྱུར་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་ཡོད་པ་རྣམས་ཀྱི་བརྗོད་བྱ། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་དང་དེ་དང་འབྲེལ་བའི་ལྟ་གྲུབ། ཉམས་ལེན་བཅས་སྡེ་ཚན་གསུམ་དུ་དབྱེ་ཡོད་པ་ལས། ཚན་རིག་དང་ལྟ་གྲུབ་ཀྱི་སྡེ་ཚན་གཉིས་དང༌། ལྷག་པར་སེམས་ཁམས་རིག་པའི་སྐོར་རྣམས་དུས་རབས་ ༢༡ ནང་ཧ་ཅང་གི་ཕན་ཐོཊ་ཡོད་པ་ཞིག་དང་འབྲེལ་པ་ཡོད་པ་ཡིན་དུས། འཛམ་གླིང་སྤྱི་ལ་ཞབས་འདེཊ་བསྒྲུབ་རྒྱུ་དེ་རེད། དེ་ལ་བརྒྱུད་ལམ་གཙོ་ཆེ་བ་གཉིས་རེད། གཅིག་ནི་དེང་སྐབས་འཛམ་བུའི་གླིང་ལ་ཁ་ལོ་ལྟ་བུ་བསྒྱུར་བསྡད་པའི་ཚན་རིག་པས་དཔྱད་ཞིབ་བྱ་རྒྱུའི་སྡེ་ཚན་ནང་ཕྱི་དངོས་པོའི་རྣམ་གཞག་ཙམ་ལས། ནང་ཤེས་པའི་རྣམ་གཞག་གི་སྐོར་མེད་པ་ལྟ་བུ་ཡིན་སྟབས། ཕྱི་དངོས་པོའི་རྣམ་གཞག་གཏན་ལ་ཕབ་པ་ལས་ཀྱང་གཏན་ལ་འབེབས་མཁན་རང་ཉིད་ཀྱི་རང་བཞིན་དང༌། རང་ཉིད་ཀྱི་བདེ་སྡུག་གི་ཚོར་བ་སོཊ་ཀྱི་ཐོག་ཏུ་ཚུར་ཉམས་ཞིབ་བྱ་རྒྱུ་གལ་ཆེན་བ་ཡིན་དུས། ནང་སེམས་ཀྱི་རྣམ་གཞག་རྒྱ་ཆེ་རུ་དང་ཞིབ་ཚགས་ཆེ་རུ་གཏོང་བ་བཅས་ཤེས་བྱའི་རྣམ་གཞག་བཤད་པའི་ཚན་རིག་གི་གཞུང་ཆ་ཚང་བ་ཞིག་ཡོང་ཐབས་བྱ་རྒྱུ་དང༌། གཉིས་པ། མ་འོངས་པའི་འཛམ་གླིང་གང་འདྲ་ཡོང་མིན་ད་ལྟའི་གཞོན་སྐྱེས་ཚོ་ལ་རག་ལས་སྟབས་དེ་དག་གི་སྦྱང་གཞིའི་ཤེས་ཡོན་གྱི་སྡེ་ཚན་ནང་ནང་ཆོས་ནས་བཤད་པའི་ཚན་རིག་དང་ལྟ་གྲུབ་གཉིས་པོ་འཇུག་ཐབས་བྱ་རྒྱུ་དེ་རེད། ང་རང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣམས་ཀྱི་ནང་དུའང༌། གནའ་སྲོལ་བཞིན་ཆོས་སྡེ་ཆེན་པོ་ཁག་ཏུ་སློབ་གཉེར་རྒྱུན་རིང་པོར་བྱ་རྒྱུའི་གོ་སྐབས་མེད་པའི་རིགས་ལའང་བཀའ་བསྟན་གྱི་བརྗོད་བྱ་གཞི་དང་ལྟ་གྲུབ་ཀྱི་རྣམ་གཞག་ལ་ཁུངས་དང་འབྲེལ་བའི་གོ་བ་རགས་རིམ་སྟེར་ཐུབ་པ་དང་། ཚན་རིག་པ་དང་ཉམས་ཞིབ་པའི་ཁྲོད་དུ་སངས་རྒྱས་པའི་གཞུང་ལས་བཤད་པའི་སེམས་ཁམས་ཀྱི་རྣམ་གཞག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་དོ་སྣང་གསར་པ་སླེབ་བཞིན་པ་རྣམས་ཀྱིས་ཚན་རིག་དང་ལྟ་གྲུབ་ཀུན་ལས་བཏུས་པ་འདི་ཉིད་ཀྱིས་ལྡེ་མིག་བྱས་ཏེ། གཏིང་ཟབ་ལ་རྒྱ་ཆེ་བའི་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་ལ་ཞིབ་འཇུག་གི་སྒོ་མོ་ཡངས་པོར་འབྱེད་ཐུབ་པ་སོཊ་མདོར་ན་འཛམ་གླིང་སྤྱི་ལ་ཕན་ཐོཊ་ཡོད་པའི་རྒྱུ་ཆ་ང་ཚོར་ཡོད་པ་ཡིན་དུས་དེ་ཡོང་ཐབས་སུ་གོང་གསལ་སྡེ་ཚན་གཉིས་པོ་ནང་ཆོས་ཀྱི་གཞུང་ལུཊ་རྒྱ་མཚོ་ལྟ་བུ་ལས་ཟུར་དུ་བཏོན་ཏེ་བསླབ་བྱའི་རྣམ་གྲངས་ཀྱི་ངོ་བོའི་ཐོག་ནས་སྦྱང་བའི་གཞིར་གསར་སྒྲིག་ཞུས་པ་ཞིག་རེད།

 དྲི་བ། ཐེངས་འདིའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་པ་སུ་སུ་ཡིན་ནམ། རྩོམ་སྒྲིག་མི་སྣའི་འདེམས་སྟངས་གང་འདྲ་ཡིན་ནམ། 
ལན། ༢༠༡༡ ལོའི་ཟླ་ ༤ བའི་ནང་༧གོང་ས་མཆོག་གི་བཀའ་འབྲེལ་བརྒྱུད་རྩོམ་སྒྲིག་འགན་འཛིན་ཚོགས་ཆུང་གིས། བློ་གསལ་གླིང་གི་དགེ་བཤེས་ངག་དབང་སངས་རྒྱས། བྱང་རྩེ་དགེ་བཤེས་དཔྱི་ས་དྲུང་ཆེན་སྤྲུལ་སྐུ། སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག སེར་སྨད་དགེ་བཤེས་བྱམས་པ་ཡེ་ཤེས། སེར་བྱེས་དགེ་བཤེས་ཡ་མ་བསོད་ནམས། གུས་པ་ཤར་རྩེ་དགེ་བཤེས་བྱང་ཆུབ་སངས་རྒྱས་བཅས་ང་ཚོ་དྲུག་རྩོམ་སྒྲིག་པར་འདེམས་སྒྲུག་གནང་བ་རེད། འདེམས་སྒྲུབ་བྱེད་སྐབས་ཆ་རྐྱེན་གཙོ་བོ་གཞུང་ཆེན་ཆ་ཚང་ཐོན་པའི་ཐོག་རིག་གནས་དང་དེང་དུས་ཀྱི་གློག་ཀླད་བྱང་ཆ་ཡོད་དགོས་པའི་ཆ་རྐྱེན་གཞིར་བཞག་སྟེ་གྲྭ་ཚང་སོ་སོའི་བརྒྱུད་ནས་འདེམས་གནང་བ་རེད། ངེད་ཅག་གི་ནང་ནས་སེར་སྨད་དགེ་བཤེས་བྱམས་པ་ཡེ་ཤེས་དང༌། སེར་བྱེས་དགེ་བཤེས་ཡ་མ་བསོད་ནམས་གཉིས་དགེ་ལུཊ་རྒྱུཊ་སྤྲོད་ཆེན་མོའི་ཕྱག་ལས་སོཊ་ལ་བརྟེན་ནས་དགོངས་ཞུས་ཀྱིས་རྩོམ་སྒྲིག་གི་ཕྱག་ལས་ཐོག་མའི་ཟླ་བ་གསུམ་ཙམ་ལས་གནང་རྒྱུ་མ་བྱུང༌། ད་ལྟ་ང་ཚོ་དགེ་བཤེས་བཞིས་རྩོམ་སྒྲིག་ཞུ་བཞིན་པ་ཡིན།

 དྲི་བ། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་སྐབས་དཀའ་ངལ་གཙོ་བོ་ག་རེ་འཕྲད་ཀྱི་འདུག་གམ། 
ལན། རྩོམ་སྒྲིག་གི་བརྒྱུད་རིམ་ནང་དཀའ་ངལ་ཕྲད་པ་གཅིག་གཉིས་ཤིག་ཞུས་པ་ཡིན་ན། གཅིག ང་ཚོས་ནང་པའི་གཞུང་ནས་བཤད་པའི་ཚན་རིག་དང་ལྟ་གྲུབ་བཅས་སྡེ་ཚན་གཉིས་སུ་ཕྱེ་སྟེ་རྩོམ་སྒྲིག་ཞུ་སྐབས། དཀའ་ངལ་གཅིག་དེ་ཚན་རིག་དང་ལྟ་གྲུབ་དབྱེ་མཚམས་ཀྱི་ཐོག་ནས་འཕྲད་ཀྱི་འདུག སྐབས་རེར་ཚན་རིག་བཤད་ཡོང་དུས་ལྟ་གྲུབ་རང་བཞིན་གྱིས་སླེབས་ཡོང་གི་འདུག མ་བཤད་པ་ཡིན་ན་འཐུས་སྒོ་མ་ཚང་བ་ལྟ་བུའི་དཀའ་ངལ་ཡོང་གི་འདུག གཉིས་པ། དེབ་དེ་གོ་བདེ་བོ་དང་ཁ་གསལ་བོ་ཞིག་རྩོམ་སྒྲིག་ཞུ་དགོས་སྟབས། མཚམས་སྦྱོར་དང་སྤྱི་བཤད་དུ་འགྲེལ་བཤད་གོ་བདེར་བྱས་ཀྱང༌། གཞུང་དངོས་གཞིའི་ཐད་འབྲེལ་ཡོད་ཀྱི་བཀའ་བསྟན་གཞུང་ཚུར་འཇུག་དུས་གོ་ཁག་པོ་ཆགས་ཀྱི་འདུག གསུམ། ནང་པ་ཡིན་མིན་ཚང་མས་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སྦྱང་གཞིར་གསར་སྒྲིག་ཞུ་གི་ཡོད་པས་གཙོ་བོ་ཆོས་དང་མ་འབྲེལ་བ་དང་ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐད་རྣམས་བེད་སྤྱོད་མི་དགོས་པ་གཙོར་འདོན་ཐོག་ལའང་དཀའ་ངལ་ཡོང་གི་འདུག བཞི། སྤྱིར་དེབ་འདི་རྒྱ་གཞུང་འབའ་ཞིག་ལས་བཏུས་ཡོད་ཀྱང་། བོད་ཀྱི་ཆོས་བརྒྱུད་རྣམས་ཀྱིས་རྒྱ་གཞུང་གི་དགོངས་པ་འགྲེལ་ཚུལ་དང་ཆོས་བརྒྱུད་གཅིག་གི་ནང་དུའང་ཡིག་ཆ་སོ་སོས་འགྲེལ་ཚུལ་ལ་མི་མཐུན་པ་ཡོད་པས་དེའི་ཐད་ལའང་དཀའ་ངལ་ཅུང་འཕྲད་ཀྱི་འདུག 

དྲི་བ། ད་ཆར་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་གི་གནས་སྟངས་གང་འདྲ་ཆཊ་ཡོད་དམ།
 ལན། ཐོག་མར་ང་ཚོ་རྩོམ་སྒྲིག་པ་རྣམས་ ༢༠༡༡ ལོའི་ཟླ་ ༤ ནང་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་དུ་འཛོམས་ཏེ་རྩོམ་སྒྲིག་གི་ལས་རིམ་དབུ་འཛུགས་ཞུས་པ་རེད། སྐབས་དེར་ྋགོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ་ཀུན་བཏུས་རྩོམ་སྒྲིག་ཞུ་ཕྱོགས་དང༌། ཚན་རིག་དང་ལྟ་གྲུབ་ཀྱི་དབྱེ་མཚམས། བརྗོད་གཞི་གནད་འགག་ཆེ་རིགས་སོགས་ཀྱི་ཐད་ལམ་སྟོན་བཀའ་སློབ་ཕེབས་པའི་དགོངས་དོན་ལྟར་སྔར་ཡོད་རྩོམ་གཞིའི་ལུང་ཁུངས་ས་བོན་ལ་ཞིབ་འཇུག་ཐོག་ད་དུང་ལུང་ཁུངས་གསར་པ་འཚོལ་སྡུད་དང་། འབྲེལ་ཡོད་བཀའ་བསྟན་ཁག་ལ་ཞིབ་འཇུག་དང་འབྲེལ་བརྗོད་གཞི་ཁག་ལ་གང་ཐུབ་ཀྱིས་ཁ་གསལ་གོ་བདེའི་འགྲེལ་བཤད་ཞིབ་མོར་བྱས་ཏེ། ཚན་རིག་དང་ལྟ་གྲུབ་ཀུན་ལས་བཏུས་པའི་དེབ་ཀྱི་སྒྲོམ་གཞི་བསླངས། ལོ་དེའི་ཟླ་ ༡༢ ནང་འབྲས་སྤུངས་སུ་གདན་ས་གསུམ་གྱི་དགེ་བཤེས་མཁས་དབང་ ༣༠ ཙམ་དང༌། རྩོམ་སྒྲིག་འགན་འཛིན་ཚོགས་ཆུང༌། ངེད་ཅག་རྩོམ་སྒྲིག་པ་བཅས་ནས་དེབ་ཀྱི་རགས་ཟིན་དང་ཐོག་མའི་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་གནང་བ་རེད། དེའི་རྗེས་ལྟ་གྲུབ་ཀུན་བཏུས་སྤྱི་ཁྱབ་སློབ་སྟོན་པ་སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་རྩ་བའི་སྒྲོམ་གཞིར་སྐབས་བསྟུན་གྱིས་བསྐྱར་བཅོས་དང་། དཀར་ཆག་ལེགས་བསྒྲིགས་གནང་བ་ྋགོང་ས་མཆོག་ལ་སྤྱན་བསྟར་ཞུས་པའི་ཕྱིར་ཕེབས་ལམ་སྟོན་བཀའ་སློབ་གཞིར་བཟུང་ཐོག་རྩོམ་སྒྲིག་ཞུས་པའི་སྔ་ཕྱིའི་རགས་ཟིན་རྣམས་མཁས་དབང་མང་དག་ཅིག་ལ་གཟིགས་ཞིབ་ཏུ་ཕུལ་བ་དང༌། ༢༠༡༣ ཟླ་ ༡ འབྲས་སྤུངས་སུ་སེམས་དང་སྲོག་གི་ཚོགས་པས་ྋགོང་ས་མཆོག་དབུ་བཞུགས་ཐོག་ཚན་རིག་དང་ནང་པའི་ལྟ་གྲུབ་བར་གྱི་མཁས་པའི་བགྲོ་གླེང་ཚོགས་སྐབས། རྩོམ་སྒྲིག་འགན་འཛིན་ཚོགས་གཙོ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གི་གཙོ་སྐྱོང་འོག གདན་སའི་གྲྭ་ཚང་དྲུག་ནས་དཔྱད་ཞིབ་མཁས་དབང་དགེ་བཤེས་གསུམ་རེ་དང༌། སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་སོཊ་མི་སྣ་ཁག་ཅིག་དང༌། ང་ཚོ་རྩོམ་སྒྲིག་པ་བཅས་ྋགོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ། ར་སྟོད་གྲྭ་ཚང་དུ་ཉིན་གསུམ་རིང་ཚན་རིག་སྐོར་གྱི་རགས་ཟིན་ཐ་མའི་བརྗོད་གཞི་ཁག་ལ་བགྲོ་གླེང་གནང་བ་རེད། ༢༠༡༣ ལོའི་ཟླ་ ༩ ནང་ྋགོང་ས་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཕོ་བྲང་དུ། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང༌། རྩོམ་སྒྲིག་འགན་འཛིན་ཚོགས་ཆུང་གི་ཚོགས་མི་རྣམ་པ། ཟུར་ཉན་ལ་ཕེབས་པའི་མཁས་དབང་ཁག ངེད་ཅག་རྩོམ་སྒྲིག་པ་བཅས་འཛོམས་ཏེ་ནང་པའི་གཞུང་ནས་བྱུང་བའི་ཚན་རིག་གི་རྣམ་གཞག་སྐོར་གྱི་བརྗོད་དོན་ཁག་ལ་ཉིན་ ༥ རིང་དོན་ཚན་རེ་རེ་ཞིབ་ཕྲ་སྙན་སྒྲོན་དང་འབྲེལ་བགྲོ་གླེང་དཔྱད་བསྡུར་གནང་སྟེ། ྋགོང་ས་མཆོག་གི་རྩ་ཆེའི་ལམ་སྟོན་ལྟར་མཐའ་མཇུག་གི་བཟོ་བཅོས་གང་དགོས་ཀྱིས་གཏན་འབེབས་ཞུས་ནས། ད་ལྟའི་ཆར་ཚན་རིག་སྐོར་པོད་གཉིས་ཡོངས་སུ་གྲུབ་པ་དང༌། ལ་དྭགས་དུས་འཁོར་དབང་ཆེན་སྐབས་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དབུ་འབྱེད་དང་འགྲེམས་སྤེལ་བྱ་འཆར་རེད། ལྟ་གྲུབ་སྐོར་སྔ་མའི་སྒྲོམ་གཞིའི་ཐོག་ད་དུང་གསར་སྣོན་དང་ཞིབ་ཚགས་ཟིན་རྗེས་མཐའ་མའི་བགྲོ་གླེང་དང༌། དེའི་རྗེས་སུ་༧གོང་ས་མཆོག་ལ་སྙན་སྒྲོན་ཞུ་རྒྱུའི་བང་བསྒྲིགས་བསྡད་ཡོད་ལ། དེ་མིན་ཉེ་ཆར་༧གོང་ས་མཆོག་གིས་ཚན་རིག་སྐོར་གྱི་དེབ་རྒྱས་པ་དེ་སྤུས་དག་པོ་དང་ཞིབ་ཚགས་པོ་བྱུང་ཡོད་ཅིང༌། ད་དུང་ལས་དང་པོ་བ་རྣམས་འཇུག་པ་བདེ་བའི་ཆེད་དུ་བཀའ་བསྟན་ལུང་ཁུངས་ཀྱི་སྤྲོས་པ་མེད་ཅིང་ད་ལྟའི་དེབ་འདིའི་ནང་གི་སྙིང་པོ་བསྡུས་ཏེ་བསྡུས་པ་ཞིག་གམ་རྒྱས་འབྲིང་བསྡུས་གསུམ་དགོས་ཀྱི་འདུག་ཅེས་གསུངས་པ་ལྟར། ད་ལྟའི་ཆར་ལྟ་གྲུབ་ཀྱི་དེབ་རྩོམ་སྒྲིག་བྱེད་ཞོར་དུ་ཚན་རིག་གི་དེབ་འབྲིང་བ་སྒྲིག་བཞིན་པ་དང༌། ༢༠༡༥ ནང་ལྟ་གྲུབ་སྐོར་ཡང་ཆ་ཚང་ལེགས་གྲུབ་ཡོང་བའི་རེ་བ་བྱེད་བཞིན་ཡོད། 

དྲི་བ། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་འདིས་མ་འོངས་པར་ཕན་ཐོགས་གང་འདྲ་ཞིག་ཡོང་བར་དགོངས་ཀྱི་ཡོད་དམ། 
ལན། འདི་ལོའི་ཟླ་ ༣ ཚེས་ ༡༦ ཉིན་རྩོམ་སྒྲིག་འགན་འཛིན་ཚོགས་ཆུང་དང༌། དེབ་འདི་དབྱིན་ཡིག་ཐོག་ཕབ་སྒྱུར་བ་གཉིས། གུས་ཅག་རྩོམ་སྒྲིག་པ་བཅས་ྋགོང་ས་མཆོག་ལ་མཇལ་བཅར་སྐབས། ཁོང་གིས་བཀའ་གནང་བར། དེབ་འདི་གཉིས་གཙོ་བོ་དེང་རབས་ཀྱི་གཞོན་སྐྱེས་དང་ཚན་རིག་པ་དང་ཉམས་ཞིབ་པ་སོགས་ཀྱི་ཆེད་དུ་བསྒྲིགས་པ་ཞིག་ཡིན་སྟབས། དབྱིན་ཡིག་དང་རྒྱ་ཡིག རྒྱ་གར། སོག་པོ། ཉི་ཧོང་། འཇར་མན། ཧྥ་རན་སི། སི་པན། ཨི་ཊ་ལི། ཝེ་ཐི་ནམ། ཀོ་རི་ཡ་སོགས་སྐད་ཡིག་མང་པོ་ཞིག་གི་ཐོག་ཕབ་སྒྱུར་དགོས་པ་དང༌། རྒྱ་གར་སྐད་ཡིན་ནའང༌། ཧིན་རྡུ་གཅིག་པུ་མིན་པར་རྒྱ་གར་ནང་ཁྱབ་ཆེ་བའི་སྐད་ཡིག་ཁ་ཤས་ཐོག་བསྒྱུར་དགོས་སྐོར་བཀའ་ཕེབས་པ་བཞིན། སྐད་ཡིག་དུ་མའི་ཐོག་ཕབ་བསྒྱུར་ཞུས་རྗེས་ཕྱི་རྒྱལ་བ་ཚོས་སྐད་ཡིག་གཞན་ལ་བརྟེན་མ་དགོས་པར་སོ་སོའི་སྐད་ཡིག་གི་ཐོག་ནས་སློབ་སྦྱོང་བྱ་རྒྱུ་ཞིག་ཡོད་སྟབས་ཕན་ཐོགས་ངེས་ཅན་ཡོང་རྒྱུ་ཞུ་མ་དགོས་པ་རེད། ད་ལྟའི་ཆར་ྋགོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཚན་རིག་པ་དང་གཞོན་སྐྱེས་མང་པོ་ཞིག་གིས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་ཀྱང༌། ཁོང་ཚོར་དཀའ་ངལ་གཙོ་བོ་ནི་ང་ཚོའི་དཔེ་ཆ་མང་པོ་ཞིག་རྒྱས་པོ་དང་མཁྲེགས་པོ་ཡིན་པ་དང༌། གཉིས་ནས་སྐད་ཡིག་མང་པོ་ཞིག་གི་ཐོག་མེད་སྟབས། ཁོང་ཚོ་དོ་སྣང་ཡོད་མཁན་ཚོར་ལམ་སང་ལྟ་ཆོག་ཆོག་ཅིག་དང་སློབ་སྦྱོང་བྱེད་ཆོག་ཆོག་ཅིག་ཡོད་པ་མ་རེད། ང་ཚོའི་དེབ་འདི་བཀའ་བསྟན་ནང་ཡོད་བསྡད་པའི་གཞིའི་རྣམ་གཞག་དང་ལྟ་གྲུབ་སྐོར་གྱི་སྙིང་པོ་བསྡུས་ཏེ་གོ་བདེ་ཞིང་ཁ་གསལ་བ། རྒྱས་པོ་དང་མཁྲེགས་པོ་མེད་པ་དེབ་གཞི་གཅིག་གཉིས་ཀྱི་ནང་བསྒྲིགས་ཡོད་སྟབས། དཔེ་ཆ་ལྟ་མཁན་དང་ལྷག་པར་དཔེ་ཆ་མང་པོ་ཀློག་རྒྱུའི་དུས་ཚོད་ཀྱི་དཀའ་ངལ་ཡོད་པ་རྣམས་ལ་ལྟ་བདེ་འཚོལ་བདེ་ཡོང་རྒྱུར་ཕན་ཐོགས་ཡོང་གི་རེད་སྙམ། ལྷག་པར་ང་ཚོའི་དེབ་འདིའི་ནང་བཀའ་བསྟན་གཉིས་ཀྱི་ཆོས་ཚན་མི་<འདྲ་བ་ ༢༠༠ ལྷག་ནས་གཞུང་ཚན་ལུང་ཁུངས་ ༡༠༠༠ ཡས་མས་བསྡུས་ཡོད་སྟབས། ཉམས་ཞིབ་བྱེད་མཁན་དང་རྩོམ་སྒྲིག་བྱེད་མཁན་ཚོའི་རྒྱུ་ཆ་གལ་ཆེན་ཆགས་ཀྱི་རེད་སྙམ། 

དྲི་བ། ནང་ཆོས་ནས་བཤད་པའི་ཚན་རིག་དང་ལྟ་གྲུབ་ཅེས་པ་གོ་དོན་གང་འདྲ་ཞིག་ཡིན་པ་དང་དེབ་འདིས་དེང་དུས་ཀྱི་ཚན་རིག་ལ་རམ་འདེགས་ཀྱི་ནུས་པ་ག་རེ་ཐོན་ཐུབ་པར་དགོངས་ཀྱི་ཡོད་དམ། 
ལན། ནང་ཆོས་ནས་གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་འཆད་པ་ན། བཟང་ངན་དང་བླང་དོར་གྱི་དབྱེ་བ་མ་ཕྱེ་བར་རང་རང་གི་རང་བཞིན་ནམ་དངོས་པོའི་གནས་ཚུལ་གང་ཡིན་པ་དེ་གཏན་ལ་ཕབ་ཡོད་པ་རེད། དེ་ལ་ནི་ནང་ཆོས་ནས་གསུངས་པའི་ཚན་རིག་ཟེར་གྱི་ཡོད་པ་རེད། ནང་ཆོས་ཀྱི་ཆོས་སྐད་ལྟར་ན་གཞི་དངོས་པོའི་གནས་ཚུལ་ཞེས་པ་དེ་ཡིན། ཐ་སྙད་དེ་ྋགོང་ས་མཆོག་གིས་གསར་གཏོད་མཛད་གནང་བ་ཞིག་རེད། གཞིའི་གནས་ཚུལ་ལ་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་རང་གི་ངང་གིས་ཡོད་ལ། སྡུག་བསྔལ་ཞེས་པ་དེ་རྒྱུ་མེད་རྐྱེན་མེད་དུ་གྲུབ་པའམ་མི་མཐུན་པའི་རྒྱུ་ལས་བྱུང་བ་ཞིག་མིན་པར་རྒྱུ་དང་རྐྱེན་སྣ་ཚོགས་པ་ཚོགས་པས་བྱས་པ་དང༌། རྒྱུ་རྐྱེན་དེ་དག་ཀྱང་བསྒྱུར་དུ་མེད་པའི་གཏན་དུ་བ་ཞིག་མིན་པས་བདེ་སྡུག་གཉིས་པོ་དེ་འགྱུར་བའི་རང་བཞིན་ཅན་ཡིན་པའི་ཚུལ་སོགས་གཞི་དངོས་པོའི་གནས་ཚུལ་གཞི་ལ་བཞག་པའི་ཐོག་ནས་ལྟ་གྲུབ་ཀྱི་སྐོར་འགྲེལ་བརྗོད་བྱེད། ནང་པའི་ལྟ་གྲུབ་ཅེས་པ་ནི་རྩ་བ་བརྟེན་ནས་འབྱུང་བའི་རྟེན་འབྱུང་ངམ་བརྟེན་ནས་བཏགས་པའི་རྟེན་འབྱུང་གཞི་ལ་བཞག་པའི་ཐོག་ནས་གཞི་དངོས་པོའི་གནས་ཚུལ་ལམ་བདེན་དོན་ལ་དཔྱོད་པའི་ཐབས་དང་དེས་རྙེད་པའི་གྲུབ་དོན་ཞིག་ལ་འཇོག་དགོས་ལ། བརྟེན་ནས་འབྱུང་བའི་རྟེན་འབྱུང་ངམ་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་དང་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་ལྟ་བ་གཉིས་ནི་ནང་ཆོས་ཀྱི་ལྟ་གྲུབ་གཙོ་བོ་རེད། སྤྱིར་རྒྱལ་བའི་བཀའ་དང་འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱི་གཞུང་དག་ལས་ཡུལ་དུས་གནས་སྐབས་མི་འདྲ་བའི་གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་པ་དང་བསྟུན་ཏེ་གསུངས་པ་དུ་མ་ཞིག་ཡོད་སྟབས། འདིར་བཤད་པའི་གནས་དུ་མ་ཞིག་དེང་དུས་ཚན་རིག་པས་བཤད་པ་དང་མཐུན་དགོས་པའི་ངེས་པ་མེད་ལ། ནང་པ་སྤྱིའི་བཞེད་པ་ཡིན་པས་ཁྱབ་པའང་ཡོད་པ་མ་རེད། ཡིན་ནའང་དེང་དུས་ཚན་རིག་པས་དཔྱད་ཞིབ་བྱ་ཡུལ་དང་གྲུབ་མཐའ་གོང་འོག་གི་འདོད་ཚུལ་དང་ཁྱད་པར་ཤེས་པ་ལ་ཕན་ཐོགས་ཡོང་གི་རེད། གཙོ་ཆེ་ཤོས་དེབ་གཉིས་པ་སེམས་ཁམས་རིག་པའི་རྣམ་གཞག་སྐོར་རེད། སེམས་ཁམས་རིག་པའི་སྐོར་ལ་ནང་པའི་གཞུང་ནས་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་གནང་ཡོད་དུས། ཁོང་ཚོར་ཕན་ཐོགས་རླབས་ཆེན་ཡོང་རྒྱུར་སོམ་ཉི་མི་དགོས་པ་ཞིག་རེད། ཕྱིའི་གཟུགས་ཅན་གྱི་སྐོར་ལ་ང་ཚོའི་གཞུང་ནང་བཤད་པ་ལས་དེང་དུས་ཚན་རིག་པས་བཤད་པ་ཞིབ་ཚགས་པ་ལྟ་བུ་ཡོད་ཀྱང་ནང་ཤེས་པའི་རྣམ་གཞག་ཐོག་ནས་ཚན་རིག་པ་དང་ང་ཚོ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་རེད་བསམ་གྱི་འདུག 

དྲི་བ། ད་ལྟ་གྲུབ་ཟིན་པའི་ཚན་རིག་གི་སྟོད་ཆའི་ནང་བརྗོད་བྱ་གཙོ་བོ་ག་རེ་འཁོད་ཡོད་དམ། 
ལན། སྤྱིར་བཏང་གཞི་དངོས་པོའི་རྣམ་གཞག་དང་ཚན་རིག་གི་སྐོར་ལ་བརྗོད་བྱེད་སྐབས་བཅུ་གཉིས་དང༌། བརྗོད་བྱ་ཤེས་བྱ་ཡུལ་གྱི་རྣམ་གཞག ཡུལ་ཅན་བློའི་རྣམ་གཞག བློ་ཡུལ་ལ་ཇི་ལྟར་འཇུག་པའི་ཚུལ། བློས་ཡུལ་ལ་ཇི་ལྟར་འཇུག་པའི་ཐབས། ཡུལ་འཇལ་བ་པོའི་གང་ཟག་བཅས་དོན་ཚན་ཆེ་ཁག་ ༥ བསྡུས་ཡོད། དེབ་ཕྲེང་དང་པོའི་སྔོན་གླེང་ངོ་སྤྲོད་དུ་ནང་པའི་གཞུང་ནས་བཤད་པའི་གཞི་དངོས་པོའི་རྣམ་གཞག་དང་དེང་རབས་ཚན་རིག་གིས་གྲུབ་པའི་རྣམ་གཞག་བར་གྱི་འབྲེལ་བའི་སྐོར་དང་། གཞུང་དངོས་གཞིའི་སྐབས་དང་པོ་སྤྱི་བཤད་ལ། ནང་པའི་གཞུང་ནས་དངོས་པོའི་རྣམ་གཞག་གཏན་ལ་འབེབས་པའི་སྤྱི་སྒྲོམ་མི་འདྲ་བར་གསུངས་པའི་ཚུལ། དངོས་པོའི་རྣམ་གཞག་གཏན་ལ་འབེབས་པའི་ཐབས་དང་དཔྱོད་པའི་སྒོ་རིགས་ལམ་སྦྱོང་བའི་ཐབས། སྐབས་གཉིས་པ་ནས་དྲུག་པའི་བར་གཟུགས་ཅན་གྱི་ངོ་བོ་དང་ཕྱི་ནང་གི་གཟུགས། འབྱུང་བ་དང་འབྱུང་གྱུར་གྱི་ཁྱད་པར། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས། རྒྱུ་འབྲས་ཀྱི་རྣམ་གཞག འདུས་མ་བྱས་ཀྱི་ཆོས། མཚན་མཚོན་གཞི་གསུམ། གཅིག་དང་ཐ་དད་ཀྱི་རྣམ་གཞག སྤྱི་དང་བྱེ་བྲག རྫས་ཆོས་དང་ལྡོག་ཆོས། འགལ་བ་དང་འབྲེལ་པ། དགག་པ་དང་སྒྲུབ་པ། གཞལ་བྱའི་གནས་གསུམ། དུས་ཀྱི་ངོ་བོ་དང་དུས་གསུམ་འཇོག་པའི་ཚུལ། དུས་ཀྱི་ཐུང་མཐའ་ལས་བརྩམས་པའི་དཔྱད་པ། མི་རྟག་པ་ཕྲ་མོ་འཇོག་ཚུལ། གཟུགས་ཅན་རྩོམ་བྱེད་ཀྱི་རྡུལ་ཕྲ་མོའི་རྣམ་གཞག མངོན་པའི་གཞུང་ནས་གསུངས་པའི་སྣོད་བཅུད་ཀྱི་འཇིག་རྟེན་འབྱུང་འཇིག་གི་སྐོར། དུས་འཁོར་ནས་གསུངས་པའི་མཁའ་རྡུལ་དང་གོ་ལའི་འཁོར་བགྲོད། ཨཱརྱ་བྷ་ཊའི་རྩིས་གཞུང་ཨརྱ་བྷ་ཊི་ཡམ་ལས་བཤད་པའི་གོ་ལའི་འཁོར་བགྲོད། འཇལ་བྱེད་ཀྱི་ཚད་དང་གྲངས་ཀྱི་རྣམ་གཞག མདོ་སྡེ་དང་དུས་འཁོར་སྨན་གཞུང་བཅས་ནས་མངལ་དུ་ལུས་ཀྱི་ཆགས་རིམ་གསུངས་པའི་ཚུལ། སྔགས་ཀྱི་གཞུང་ནས་གསུངས་པའི་རྩ་རླུང་ཐིག་ལེའི་རྣམ་གཞག་ཞར་བྱུང་སྨན་གཞུང་ནས་བྱུང་བའི་རྩ་རླུང་དང་ཀླད་པའི་རྣམ་གཞག ལུས་སེམས་ཀྱི་འབྲེལ་པའི་སྐོར་སོགས་ཤེས་བྱ་ཡུལ་གྱི་རྣམ་གཞག་བཅས་ཞིབ་རྒྱས་སུ་བཀོ་ཅད་ཡོད། 

དྲི་བ། ཚན་རིག་སྐོར་གྱི་སྨད་ཆའི་བརྗོད་བྱ་དང་ནང་དོན་གཙོ་བོ་ག་རེ་འཁོད་ཡོད་དམ། 
ལན། ཚན་རིག་སྐོར་གྱི་སྨད་ཆའི་བརྗོད་བྱ་གཙོ་བོ་ཡུལ་ཅན་ཤེས་པའི་སྐོར་རེད། དེར་ནང་གསེས་ཡུལ་ཅན་བློའི་ངོ་བོ་དང་དབྱེ་ཚུལ། དབང་ཤེས་དང་ཡིད་ཤེས་གཉིས་ཀྱི་ཁྱད་པར། དབང་ཤེས་ཀྱི་རྐྱེན་གསུམ། རྟོག་པ་དང་རྟོག་མེད་ཀྱི་བློ། ཚད་མ་དང་ཚད་མིན། འཁྲུལ་པ་དང་མ་འཁྲུལ་པའི་ཤེས་པ་བཅས་ཀྱི་ཁྱད་པར། སེམས་དང་སེམས་བྱུང་གི་ཁྱད་པར། མངོན་པ་གོང་འོག གཞི་བསྡུ་བ། མདོ་དྲན་པ་ཉེར་བཞག གནས་བརྟན་སྡེ་པའི་གཞུང་སོགས་སུ་བཤད་པའི་སེམས་བྱུང་གི་རྣམ་གཞག སེམས་བྱུང་གི་གྲངས་ཕྱོགས་གཅིག་ཏུ་བསྡོམས་པ། ཐེག་པ་ཐུན་མོང་བའི་གཞུང་དང་སྔགས་བླ་མེད་ཀྱི་གཞུང་ནས་བྱུང་བའི་སེམས་ཕྲ་རགས་ཀྱི་རྣམ་གཞག བློ་ཡུལ་ལ་འཇུག་པའི་ཚུལ་ལས་སྣང་ཡུལ་དང་འཇུག་ཡུལ་སོགས་བློའི་ཡུལ་གྱི་རྣམ་གཞག དབང་ཤེས་རྣམ་པ་བཅས་མ་བཅས་ཀྱི་སྐོར། རྣམ་པ་འཆར་ཚུལ་ལ་གཟུང་འཛིན་གྲངས་མཉམ་པ་སོགས་ཀྱི་རྩོད་ཚུལ། སེལ་འཇུག་དང་སྒྲུབ་འཇུག་གི་རྣམ་གཞག ཡུལ་ལ་འཇུག་ཚུལ་གྱི་རིམ་པ་དང་སྦྱར་ནས་བློ་རིག་བདུན་གྱི་རྣམ་གཞག བློས་ཡུལ་འཇལ་བའི་ཐབས་སུ་རིགས་པ་བཞི་དང༌། མཐའ་གཅིག་ཏུ་འཛིན་པའི་ལོག་རྟོག་སེལ་བའི་ཐབས་ཐལ་འགྱུར་གྱི་རྣམ་གཞག མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་སེལ་བའི་ཐབས་སྒྲུབ་ངག་གི་རྣམ་གཞག སྒྲུབ་ངག་གི་ཤུགས་བསྟན་བསྒྲུབ་བྱ་དང་དངོས་བསྟན་གཏན་ཚིགས་ཀྱི་རྣམ་གཞག ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་འགྲོས། ཐོས་བསམ་སོགས་ཀྱི་སྐབས་ཀུན་ཏུ་དྲན་པ་དང་ཤེས་བཞིན་བསྟེན་པ་གལ་ཆེ་ཚུལ། ཞི་ལྷག་གཉིས་སོགས་དཔྱད་འཇོག་གི་སྒོམ་གྱི་སྒོ་ནས་བློ་སྦྱོང་བའི་ཐབས། ཡུལ་འཇལ་བ་པོའི་གང་ཟག་གི་རྣམ་གཞག་སོགས་བཀོད་ཡོད་ལ། དེ་དག་ཀྱང་རྒྱལ་བའི་བཀའ་དང་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་གཞུང་ལ་གཏུགས་ཏེ་བཀའ་བསྟན་གྱི་གཞུང་ཚན་མི་འདྲ་བ་ ༡༨༠ ལྷག་ནས་སྐབས་དོན་དང་འབྲེལ་བའི་ལུང་ཁུངས་༩༦༠ ལྷག་བཏུས་ཡོད། 

དྲི་བ། དཔེ་དེབ་འགྲེམས་སྤེལ་ཞུ་ཕྱོགས་དང་སྐད་ཡིག་གཞན་ནང་ཕབ་བསྒྱུར་གནང་ཕྱོཊ་གང་འདྲ་ཡིན་ནམ། 
ལན། དཔེ་དེབ་འགྲེམས་སྤེལ་དང་ཕབ་བསྒྱུར་གྱི་ལས་དོན་ཚང་མ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཐུགས་འགན་བཞེས་གནང་གི་ཡོད་པ་རེད། དབྱིན་ཡིག་ཐོག་སྒྱུར་མཁན་ཕྱི་རྒྱལ་གྱི་མི་གཉིས་སྐད་བཏང་སྟེ་སྒྱུར་བཞིན་པ་རེད། ཁོང་ཚོས་བསྒྱུར་རྗེས་ཞུ་དག་སོགས་དགེ་བཤེས་ཐུབ་བསྟན་སྦྱིན་པ་སོགས་ཀྱིས་གནང་འཆར་ཡོད་པ་རེད། རིམ་པས་རྒྱ་ཡིག་དང་རྒྱ་གར་སྐད་ཐོག་མི་རིང་བར་བསྒྱུར་གཏན་ཁེལ་འདུག་ལ། དེ་དང་དེ་བཞིན་སྐད་ཡིག་གང་མང་ཞིག་གི་ཐོག་བསྒྱུར་འཆར་ཡོད་པ་རེད། གང་ལྟར་སྐད་ཡིག་ཉི་ཤུ་རྩ་གྲངས་ནང་བསྒྱུར་འཆར་ཡོད་པ་རེད། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐོག་མར་དཔར་བསྐྲུན་གནང་འཆར་འདུག་ལ། རིམ་པས་སྡེ་ཚན་ཁག་གཞན་དང་གཞན་ནས་ཀྱང་དཔར་བསྐྲུན་ཞུ་བའི་རིགས་ཡོང་སྲིད་པ་རེད།

 དྲི་བ། ཐེངས་འདིའི་བཅར་འདྲིའི་གོ་སྐབས་བརྒྱུད་དེ་བོད་པའི་སྤྱི་ཚོགས་ནང་བརྗོད་འདོད་པའི་སྐད་ཆ་ག་རེ་ཡོད་དམ། 
ལན། འདི་ྋགོང་ས་མཆོག་གི་བླ་ན་མེད་པའི་དགོངས་གཞིའི་འོག་བརྒྱུད་རིམ་མང་པོ་ཞིག་བརྒྱུད་ཐོག་རྩོམ་སྒྲིག་ཞུས་ཏེ། ཚན་རིག་སྐོར་གྱི་དེབ་གཉིས་ཐོན་ལ་ཉེ་བ་ཆགས་བསྡད་ཡོད་པ་རེད། ང་ཚོ་ཡིན་ནའང༌། འདས་པའི་ལོ་གསུམ་རིང་ཞབས་ཞུའི་གོ་སྐབས་བཟང་པོ་བྱུང་སྙམ་པའི་སེམས་ལ་དགའ་བ་ཡང་ཡང་ཡོང་གི་འདུག ྋགོང་ས་མཆོག་གིས་ནམ་རྒྱུན་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེ་དག་མཆོད་གཤོམ་ནང་བསྒྲིགས་ཏེ་ཕྱག་མཆོད་འབུལ་བྱ་རྒྱུ་ཙམ་མིན་པར། སློབ་དེབ་ཀྱི་འདུ་ཤེས་འཇོག་དགོས་པ་དང་སློབ་སྦྱོང་བྱ་དགོས་པར་གསུངས་པ་བཞིན་དེབ་འདི་ལྟ་བུ་བརྒྱུད་ནས་བཀའ་བསྟན་གྱི་བརྗོད་བྱ་ཁག་ལ་ངེས་པ་རྙེད་ཐུབ་པ་བྱ་རྒྱུ་དང༌། ྋགོང་ས་མཆོག་གི་དགོངས་གཞིའི་འོག་གྲུབ་པའི་ལས་དོན་དེ་གཙོ་བོ་སྤྱི་ཚོགས་ནང་བེད་སྤྱོད་ཚད་ལྡན་ཞིག་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེབ་ཐོན་རྗེས་ཚང་མས་སྣང་མེད་བྱས་ཏེ་བཞག་པ་ཡིན་ན། ྋགོང་ས་མཆོག་གི་དགོངས་གཞི་ཏག་ཏག་སྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། ད་ལྟའི་ཆར་ང་ཚོའི་གདན་སའི་ནང་ནང་ཆོས་སློབ་སྦྱོང་གནང་སྟངས་དང་གནས་ཚད་ཀྱི་ཐད་ཕྱི་རྒྱལ་བ་ཚོས་ལོ་བརྒྱ་ཕྲག་ཁ་ཤས་རྗེས་ཟིན་རྒྱུ་ཁག་པོ་རེད། འོན་ཀྱང་ང་རང་ཚོའི་མི་མང་སྤྱི་བྱིངས་ཀྱི་ནང་ཆོས་ཤེས་ཚད་དང་ཕྱི་རྒྱལ་བ་ཚོ་བསྡུར་བ་ཡིན་ན་ཁོང་ཚོས་དོ་སྣང་དང་སློབ་སྦྱོང་བྱེད་སྟངས་ཤེས་ཚད་སོགས་སྔོན་ལ་འགྲོ་བར་མཐོང་གི་འདུག གཅིག་བྱས་ན་ལྟ་སྟངས་ནོར་སྲིད་ཡོད་རྒྱུ་རེད། མདོ་དོན་སོ་སོའི་གཅེས་ནོར་དེ་ངོས་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ཞུ་རྒྱུ་གཞན་ཞིག་ལ། དེབ་འདི་སྤྱི་ཚོགས་ཐོག་འཐུས་སྒོ་ཚང་མ་ཚང་དང་རན་མ་རན་གྱི་གནས་ཚུལ་ཡོང་སྲིད་པ་ཞིག་རེད། སྤྱིར་འདི་ལ་རྒྱས་འབྲིང་བསྡུས་གསུམ་བཟོ་གཏན་ཁེལ་ཡོད་ལ། རྒྱས་པ་འདི་ནི་རྒྱུ་ཆ་འདེམས་སྒྲུག་ལྟ་བུའམ་ཐོག་མའི་ལས་གཞི་རེད། ད་དུང་དེ་ལས་སྤུས་ཀ་ཇེ་ལེགས་ཇེ་མཐོར་གཏོང་དགོས་པ། ཡང་ན་དེའི་ནང་ནས་སློབ་མའི་ཁམས་དང་བསྟུན་པའི་ཚན་པ་གང་དགོས་ཟུར་བཏོན་བྱས་ནའང་འགྲིག་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཚོགས་པ་སྡེ་ཚན་གང་འདྲ་ཞིག་ཡིན་ཡང་འབྲེལ་ཡོད་སོ་སོའི་དབུར་བཞུགས་མཁན་ཚོས་ཐུགས་འགན་བཞེས་པའི་ཐོག་ནས་དེབ་དེ་གང་འདྲ་ཞིག་གི་ཐོག་བེད་སྤྱོད་གཏོང་དགོས་མིན་དང༌། ྋགོང་ས་མཆོག་གི་དགོངས་གཞི་ལྟར་སྤྱི་ཚོགས་ནང་ཕན་ཐོགས་<གང་འདྲ་བསྐྲུན་དགོས་མིན་ཚང་མས་དགོངས་པ་བཞེས་རྒྱུ་དང་འབྲེལ་ཡོད་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་སྙམ་གྱི་འདུག བཀའ་དྲིན་ཆེ། གསར་འགོད་པ། དོན་གོ ༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད༽

Thursday, April 26, 2012

མེ་སོར་ལ་ངོ་རྒོལ་བྱས་འདུག

ཁ་སང་ཟླ་བ་༤ ཚེས་ ༢༥ ཉིན་མེ་སོར་གཡས་གཡོན་དུ་ཡོད་པའི་བོད་མི་གཞིས་གྲོང་རྣམས་ཀྱིས། མེ་སོར་རྒྱལ་ཁང་མདུན་ཐང་དུ་པཎ་ཆེན་སྐུ་ཕྲེང་༡༡ རྗེ་བཙུན་བསྟན་འཛིན་དགེ་འདུན་མཆོག་རྒྱ་ནག་གིས་གློད་གྲོལ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་འདུག

Tuesday, April 24, 2012

གཟའ་ཕུར་བུའི་ཟླ་བ། ཕྱི་གླིང་གི་སྲོག་ཆགས།

ཉམས་ཞིབ་པ་མང་པོས་ཚོར་བ་རྣོ་པོའི་ངང་གཟའ་སྐར་ཕུར་བུའི་Jupiterཟླ་བ་དག་ལ་བརྟག་དཔྱད་ཀྱི་བསམ་བློ་གཏོང་བཞིན་ཡོད། ཟླ་བ་དེ་དག་ནི་ང་ཚོའི་ཉི་མའི་ཁྱིམ་བརྒྱུད་ཀྱི་ཕྱི་རོལ་དུ་སྲོག་ཆགས་འཚོ་གནས་ཡོད་པའི་གླིང་ཕྲན་ཡོད་པར་སྒྲུབ་པའི་དཔེ་མཚོན་དུ་འགྱུར་སྲིད་པ་ཡིན། གཟའ་སྐར་ཕུར་བུར་འཁོར་བའི་ཟླ་བ་གསུམ་ཡོད་པ་ནི་་ཡུ་རོ་པ། Europa ཀལ་ལིསེ་ཊོན། Calliston གྷ་ནི་མེ་ཌེ། Ganymede བཅས་ཡིན། ཟླ་བ་དེ་དག་གི་ཕྱི་རོལ་དུ་འཁྱགས་རོམ་གྱི་ཤུན་པས་འཁྲིགས་ནས་ཡོད་ལ། ཤུན་པ་དེ་དག་གི་འོག་ཏུ་གཤེར་གཟུགས་ཅན་གྱི་རྒྱ་མཚོ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལྟར་ན་རྒྱང་རིང་ནས་ཉི་འོད་སྲབ་མོ་དེ་འཁྱགས་རོམ་གྱི་ཁ་ངོས་སུ་ཕོག་པ་ལས་སྐྱེ་ལྡན་གྱི་རྫས་སྦྱོར་དང་ནུས་པ་དེ་འདྲའི་འབྱུང་ཁུངས་དག་གྲུབ་སྲིད་པ་ཡིན། ཆ་རྐྱེན་དེ་དག་ནི་ཐག་རིང་གི་གླིང་ཕྲན་ཞིག་ཏུ་སྲོག་ཆགས་གྲུབ་པ་ལ་མེད་དུ་མི་རུང་བར་སྙམ། ཉེ་ཆར་་རྒྱུ་སྐར་ཚན་རིག་པ་ཨ་ཐེ་ནས་Athena པེ་རི་སིའི་དཔྱད་ཞིབ་ཁང་ཞིག་དུ་འདི་ལྟར་བརྗོད་འདུག “ང་ཚོས་སྐབས་ཤིག་རིང་དེ་དག་འཁྱམས་རོམ་གྱི་གཤིན་པོ་ཞིག་ཏུ་བསམས་མྱོང་ཀྱང་། ད་ལྟའི་ཆར་ས་གཤིས་རིག་པའི་འཁོ་ཆས་ཀྱི་དངོས་པོ་བསམ་ཡུལ་ལས་འདས་པ་མང་པོ་གསར་གཏོད་ཐུབ་ཡོད་པར་སོང་། ཉེ་ཆར་ཇུ་སི་JUICEཞེས་པའི་ལས་འགུལ་ཞིག་གི་གྲོས་ཆོད་བྱུང་ཡོད། འདི་ནི་མཁའ་དབྱིངས་འཕུར་གྲུ་བརྟེན་ནས་འཁྱགས་རོམ་གྱི་གཟུགས་སུ་གྲུབ་པའི་ཟླ་བ་གསུམ་པོ་དེའི་གནས་སྟངས་ཇི་ལྟར་ཡོད་པར་བརྟག་དཔྱད་བྱ་རྒྱུ་ཡིན་ཟེར།” ཡང་ཇུ་སི་ཉམས་ཞིབ་ཚོགས་མི་ཨོལ་གྷ་Olgaཡིས་ “ཡུ་རོ་པ་ཡིས་འཛམ་གླིང་ཕྱི་རོལ་དུ་སྲོག་ཆགས་འཚོ་གནས་ཐུབ་པའི་རྣམ་པ་ཞིག་སྟོན་བཞིན་ཡོད། གང་ཡིན་ཟེར་ན། ཡུ་རོ་པའི་ནང་སྦས་ནས་ཡོད་པའི་རྒྱ་མཚོ་དེ་ཐད་ཀར་ཟླ་བ་དེའི་ས་སྙིང་གི་ཕྱི་ཤུན་མེ་རྡོ་སྟེ། ཚྭ་དང་འབྱུང་བ་གཞན་དག་གི་འབྱུང་ཁུངས་དེ་དང་འབྲེལ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།” ཟེར་འདུག

ཉི་ཧོང་གི་མཚོ་ཡོམ་གྱིས་དེད་པའི་རྐང་སྤོལ་ཨ་ལ་ས་ཀར་སླེབས་པ།

ཉེ་ཆར་སྦེཀ་སེ་ཊར་Baxter་ཟེར་བའི་བཟའ་མི་ཁྱོ་ཤུག་གཅིག་ལ་ཨ་ལ་ས་ཀའི་Alaska་མི་ཌེལ་ཊོན་Middletonཟེར་བའི་མཚོ་གླིང་གི་རྒྱ་མཚོའི་ངོགས་རྐང་སྤོལ་ཞིག་རྙེད་ཡོད། སྦེཀ་སེ་ཊར་གྱི་བཟའ་ཟླ་དེ་ཉི་ཧོང་གི་བུ་མོ་ཡིན་པས། མོའི་རྐང་སྤོལ་སྟེང་གི་སློབ་གྲྭའི་མིང་སོགས་དང་བཀྲ་ཤིས་བདེ་ལེགས་འཁོད་པའི་ཉི་ཧོང་གི་ཡི་གེ་དེ་དག་བཀླགས་རྗེས་རྐང་སྤོལ་དེ་ཉི་ཧོང་ནས་མཚོས་དེད་ནས་ཡོང་བ་ཤེས་རྟོགས་བྱུང་། དེ་ཡང་ན་ནིང་ཟླ་བ་གསུམ་པའི་ནང་ཉི་ཧོང་དུ་ཚབས་ཆེའི་མཚོ་ཡོམ་(མཚོ་ན་མིད་)རྒྱབ་པའི་དུས་་མུ་ར་ཀ་མི་murakamiཟེར་བའི་བུ་ཞིག་གི་རང་ཁྱིམ་མཚོས་དེད་པའི་སྐབས་སུ་འཁྱེར་བ་ཡིན་འདུག བུ་དེས་ཉི་ཧོང་གི་གསར་འགོད་པར་རྐང་སྤོལ་དེ་གཏན་གཏན་ཁོ་རང་གི་རེད་འདུག་པ་དང་། རྐང་སྤོལ་འདི་ནི་༢༠༠༥ ལོར་རང་གི་གྲོགས་པོ་ཞིག་གིས་སྤྲད་ཚུལ་བརྗོད་འདུག
གོང་གསལ་གནས་ཚུལ་དེ་དང་མཐུན་པ་སྔོན་བོད་ཁ་བའི་ལྗོངས་སུ་ཡང་བྱུང་འདུག་པ་བགྲེས་པ་ཚོ་ལས་བདག་གིས་ཐོས་གསལ་ལ། སྔོན་མ་ཀོང་པོ་བྲག་གསུམ་གྱི་མཚོའི་ནང་ནས་གཡག་འཁེལ་དང་སྦྲགས་མ་ཞིག་རྙེད་འདུག་ཅིང་། དེ་དུས་ལུང་པ་གཡས་གཡོན་གྱི་མི་ཚོར་གཡག་དང་འཁེལ་དེ་དག་སུའི་ཡིན་སྐད་ཆ་མང་པོ་དྲིས་ཀྱང་བདག་པོ་མ་བྱུང་སྟབས། གཡག་དེའི་སྲོབ་བཟོས་ནས་དེའི་སྟེང་འཁེལ་དང་བཅས་པ་བསྐྱལ་ནས་དགོན་པའི་སྒོ་ཁར་བཞག་པས། ཉིན་ཅིག་དེར་བྱང་གི་ཨ་ཕོ་ཧོར་ཞིག་མཆོད་མཇལ་ལ་སླེབས་སྐབས་གཡག་དང་འཁེལ་ཚང་མ་ངོ་ཤེས་འདུག དེ་ཡང་སྔོན་མ་ཞིག་ཨ་ཕོ་དེའི་བྱང་དུ་ཚྭ་ལེན་པར་བསྐྱོད་སྐབས་འཁེལ་དང་བཅས་པའི་གཡག་དེ་ནི་བྱང་གནམ་མཚོའི་ནང་ཤོར་བ་ཡིན་པ་བརྗོད་འདུག

Sunday, November 20, 2011

༸གོང་ས་མཆོག་གིས་གསར་འགོད་པར་བོད་ནང་ཐུགས་འཚབ་ཡོད་པ་གསུངས།

༸གོང་ས་མཆོག་གིས་སྦི་སྦི་སི་རླུང་འཕྲིན་ལས་ཁང་ལ་ཉིད་ཀྱིས་བོད་ནང་གི་གྲྭ་བཙུན་ཚོའི་ཐད་ལ་ཐུགས་འཚབ་ཡོད་ཚུལ་དམིགས་བསལ་གྱིས་གསུངས་འདུག དེ་ཡང་༸གོང་ས་མཆོག་གིས་་བོད་ནང་གི་རྒྱ་ནག་གི་བཙན་གནོན་ལ་རྒོལ་ཆེད་རང་ལུས་མེ་བསྲེགས་ཀྱི་ངོ་རྒོལ་མཛད་པའི་གྲྭ་བཙུན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་པ་དེར་ཐུགས་འཚུབ་ཡོད་པ་གསུངས་འདུག ༸གོང་ས་མཆོག་གིས་སྐུ་ཉིད་ཉེ་ཆར་འབྱུང་བཞིན་པའི་ཐེ་ཚོམ་མེད་པར་རང་གྱི་འདོད་དོན་བརྗོད་ནུས་པའི་བློ་ཁོག་ཅན་གྱི་ལས་འགུལ་དེར་བསྐུལ་གཏོང་གནང་མཁན་མིན་པ་དང་། ཡིན་ནའང་། ཁོང་ཚོ་ཇི་འདྲའི་ཁྱད་དུ་འཕགས་པ་ཡིན་པར་བརྗོད་ཀྱི་ཡོད། ཉེ་ཆར་བདུན་ཕྲག་གཉིས་ཀྱི་གོང་དེར། རང་ལོ་༣༥སོན་པའི་བཙུན་མ་ཞིག་གི་རང་ལུས་མེར་བསྲེགས་བྱས་པའི་བར། བོད་མི་༡༡ ཙམ་གྱིས་རང་ལུས་མཆོད་མེར་འབུལ་ཡོད། མང་ཆེ་བ་འདས་གྲོང་དུ་གྱུར་ཡོད། ༸གོང་ས་མཆོག་གིས་རྒྱ་ནག་གིས་རྫུན་གཏམ་བཞིན་ངས་རང་གི་རྗེས་འཇུག་པ་ཚོར་རང་ཉིད་བློས་བཏང་གིས་ལས་འགུལ་དེ་ལྟར་སྤེལ་བར་བསྐུལ་མ་བྱེད་ཀྱི་མེད་གསུངས་པ་དང་། དྲི་བ་ནི་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་དེར་གྲུབ་འབྲས་ག་རེ་བྱུང་བ་དེ་རེད་གསུངས། འདི་དྲི་བ་རེད། འདི་བསྐུལ་མ་རེད། ཞེ་དྲག་གིས་ཤུགས་ཚད་ལྡན་པའི་བསྐུལ་མ་རེད། ཡིན་ནའང་གྲུབ་འབྲས་ག་རེ་བྱུང་སོང་། རྒྱ་ནག་གིས་བསྐུལ་མ་བྱས་པ་ཟེར་བ་ཙམ་ལས་བདག་པོ་གང་ཡང་རྒྱག་གི་མི་འདུག །ཁྱེད་ཀྱིས་རང་གི་རྣམ་དཔྱོད་བེད་སྤྱོད་གྱིས་དང་། ༸གོང་ས་མཆོག་ལ་བོད་ནང་གི་མི་མང་ཚོའི་མི་ཚེའི་དཀའ་སྡུག་ལ་དངངས་འཚབ་ཡོད་ཚུལ་དཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་བོད་མི་མང་པོ་རང་གི་ཚེ་སྲོག་བློས་གཏོང་བྱེད་ཀྱི་ཡོད། སུས་ཀྱང་ཤེས་ཀྱི་མེད་པར། བོད་པ་ག་ཚོད་མནར་གཅོད་འོག་འདས་གྲོངས་སུ་གྱུར་གྱི་ཡོད། སུས་ཤེས། ཡིན་ནའང་མི་མང་པོ་ཞིག་སྡུག་པོ་མྱང་ནའང་། གྲུབ་འབྲས་ག་རེ་ཡོད་རེད། དེ་རྒྱ་ནག་ལ་འགན་ལྕི་པོ་ཡོད། ཅེས་གསུངས་འདུག

Wednesday, October 26, 2011

ཤུ་རྒྱག་པའི་ངོ་རྒོལ། (whistle blowing protest)

སྦྲ་རིགས་ཐོགས་མེད་ལགས་ཀྱིས་གནས་ཚུལ་གནང་བ་ལ། འདི་ཟླའི་ཚེས་༢༤ ཉིན་ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྡི་ལི་ཡན་ལག་ལས་ཁུངས་མདུན་དུ། དགོས་འདུན་དོན་ཚན་གསུམ་སྟོན་པའི་ཐོག་ནས་ངོ་རྒོལ་སྐད་འབོད་གནས་ནས། ས་གནས་འབྲེལ་མཐུད་པ་བརྒྱུད་སྙན་ཞུའི་ཡིག་ཆ་ཁག་ཐད་ཀར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་ཕུལ་ཐུབ་པ་བྱུང་འདུག

Tuesday, October 25, 2011

ད་ལྟ་རང་དཀར་མཛེས་དགོན་པའི་གྲ་པ་ཞིག་རང་ལུས་མེ་བསྲེགས་བཏང་འདུག།


དེ་རིང་ད་ལྟ་(སྤྱི་ལོ ༢༠༡༠། ༡༠། ༢༥། པེ་ཅིན་ཆུ་ཚོད ༡༢ ཡན་མན་ཐོག)རང་ལ་ད་ལྟ་རང་ལ།དཀར་མཛེས་དགོན་པའི་གྲྭ་པ་ཞིག་རང་ལུས་མེ་བསྲེགས་གཏོང་འདུག དེ་རིང་ནམ་བཞག་རྒྱུན་ལྡན་ལྟར་དཀར་མཛེས་དགོན་དུ་དུས་གཏོར་ཚོགས་པའི་སྐབས་ཡིན་པ་དང་།དུས་གཏོར་འཁྱམས་རའི་ནང་གྲྭ་དམངས་དང་ཡུལ་མི་མི་ཉུང་བ་ཞིག་འཛོམས་ཡོད་འདུག སྐབས་དེར་གྲྭ་པ་ཞིག་གི་རང་ལུས་ལ་ས་སྣུམ་བཤོས་ནས་མེ་སྦར་ནས།ལྷུབ་ལྷུབ་ཏུ་གཡོ་བའི་མེ་ལྕེ་གསེབ་ནས། རྒྱལ་བ་རིན་པོ་ཆེ། བོད་ལ་གདན་འདྲེན་ཞུ། བོད་ལ་རང་དབང་དགོས།མི་རིས་འདྲ་མཉམ་དགོས། སོགས་འབོད་ཀྱིན་གློ་བུར་དུ་མེས་ཤུགས་ཆེར་འཚིགས་ནས་འགྱེལ་འདུགགྲ་པ་དང་ཡུལ་མི་ཚོས་སྐྱོབ་ཐབས་གང་དྲག་བྱས་འདུག་ཀྱང་། མེ་ལྕེ་འབར་ཤུགས་ཆེ་དྲགས་པས་སྐྱོབ་ཐུབ་མི་འདུགམར་འགྱེལ་ཚར་བ་དང་མཉམ་དུ་གྲ་པ་ཁག་གཅིག་གིས་སྨན་ཁང་དུ་སྐྱེལ་འདུག གནས་ཚུལ་འདི་ད་ལྟ་རང་ལ་འབྱོར་འདུག་ཡོ་རོབ་རྒྱུད་ནས་གོ་གསལ་བྱུང་།གྲ་པ་དེའི་མིང་དང་གྲོང་སྡེ་སོགས་ད་དུང་ཁ་གསལ་ཤེས་མ་བྱུང་། ད་རྒྱ་གཞུང་གི་ནེན་རྟོག་ཚོས་དྲག་སྤྱོད་ཀྱིས་མང་ཚོགས་བླ་གཅོག་ཐབས་བྱེད་བཞིན་པའི་སྒང་རེད་འདུག བེ་རི་འཇིགས་མེད་དབང་རྒྱལ་གྱིས།

Saturday, October 22, 2011

མོན་གྷོ་ས་གནས་སུ་ལས་འགུལ།


ཚང་མས་ཤེས་གསལ་བཞིན་བོད་མི་སྤྱི་ཡོངས་ལྟར་ཁེ་ཉིན་ཚེས་༡༩ ཉིན་མོན་གྷོ་ས་གནས་སུ་བོད་རིགས་ཡོངས་རྫོགས་ཟས་བཅད་ངོ་རྒོལ་གནང་བ་དང་། ཁ་རྩངས་ཚེས་༢༠ ཉིན་ཕྱི་དྲོ་སྨོན་ལམ་གསུངས་བ་དང་མར་མེ་ཁྲོམ་སྐོར་གནང་བ་དང་། དེ་རིང་ཡང་དེ་ལྟར་གནང་སོང་། དེ་ཡང་།དེ་རིང་ཚོུད་༣ པའི་ཐོག་གཞིས་གྲོང་གསུམ་པའི་སློབ་གྲྭའི་ཐང་ཆེན་དུ་སེར་སྐྱ་མི་མང་རྣམས་མཉམ་འཛོམས་ཀྱི་དབུས་སུ། བོད་མི་མང་སྤྱི་འཐུས་སྦི་ཚེ་རིང་ལགས་ཆེད་ཕེབས་ཀྱིས་གསུང་བཤད་དང་། དེ་རྗེས་བློ་གསལ་གླིང་གྲྭ་ཚང་གི་དབུ་མཛད་ཀྱིས་འདོན་པ་བསྐུལ་ནས་ཚང་མས་བཟང་སྤྱོད་ལ་སོགས་པའི་སྨོན་ལམ་ཚོུད་༥ བར་གསུངས་གནང་མཛད་སོང་། དེ་ནས་དེ་གའི་ས་གནས་བགྲོ་ཚོགས་ཀྱི་དགེ་གུ་རུ་ལགས་ཀྱིས་མཇུག་སྡོམ་གསུང་བཤད་དང་། ས་གནས་དོན་གཅོད་མཆོག་གིས་ཐུགས་རྗེ་འཚམས་འདྲིའི་གསུང་བཤད་གནང་སོང་། དེ་འབྲེལ་མི་མང་རྣམ་པས་མར་མེ་སྒྲོན་ནས་མགྲིན་གཅིག་ཏུ་༸གོང་ས་མཆོག་ཞབས་པད་བརྟན་པ་དང་། བོད་ཀྱི་བདེན་མཐའ་གསལ་བ་སོགས་ཀྱི་སྨོན་ལམ་སྐད་བསངས་འཐོན་པོའི་ངང་གསུངས་རྗེས། ༦ དང་ཕྱེད་ཡོལ་ཙམ་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཞེས་སྐྱོར་བཞིན་རང་རང་གི་གནས་སུ་མར་མེ་དང་སྤོས་སོགས་བསྣམས་ནས་གཤེགས་པར་མཛད་སོང་།

གསུང་བཤད་ནང་སྤྱི་འཐུས་སྦི་ཚེ་རིང་ལགས་ཀྱིས་ད་ལྟའི་ང་ཚོ་སྤེལ་བཞིན་པའི་ལས་འགུལ་དེ་རིགས་མགྱོགས་མྱུར་འཇའ་ཡལ་བ་ལྟ་བུར་མ་སོང་བར་མུ་འཐུད་སྤེལ་དགོས་པ་དང་། དེ་བཞིན་བགྲོ་ཚོགས་ཀྱི་དགེ་གུ་རུ་ལགས་དང་། དོན་གཅོད་བཅས་ཀྱིས་ས་གནས་ཀྱི་མི་མང་རྣམས་སེམས་ཤུགས་ཆགས་མི་དགོས་པར་ད་ལྟའི་ལས་འགུལ་ཅི་ཞིག་སྤེལ་བ་དེ་དག་གང་ཐུབ་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་ཡོད་པ་དང་། མ་ཟད་ཉེ་ཆར་ལྡི་ལིར་མོན་གྷོ་ས་གནས་ཀྱི་འཐུས་མི་༣༠༠ ལྷག་པ་ཆེད་བསྔགས་བོད་རྩ་དོན་གྱི་ཆེད་ཕེབས་ཡོད་པ་དང་། དེ་ལྟར་ཕེབས་མཁན་རྣམས་པར་ཐུགས་རྗེ་ཆེ་ཞེས་གསུངས་སོང་།། ༢༠༡༡་༡༠་༢༡ ཉིན་སྤེལ།

Thursday, October 20, 2011

བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ས་ཕྱོགས་གང་སར་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་བཀོད་ཁྱབས་དབུ་ཁྲིད་འོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་གསུམ་རིང་སྤེལ་འཆར་གྱི་ལམ་སྟོན་གོ་སྒྲིག་གནང་བ་བཞིན། ཟླ་འདིའི་ཕྱི་ཚེས་༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༦ ནས་ཕྱི་དྲོ་ཆུ་ཚོད་༦ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞིས་ལུས་ཁང་གི་ཁྱབས་ཁོངས་ན་ཡོད་པའི་གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱི་གཙོས་གྲྭ་ཚང་ཁག་དགུ་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་། དེ་བཞིན་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུ་དང་། སློབ་གྲྭ་ཁག་བཅས་སེར་སྐྱ་མི་མང་གཅིག་ཁྲི་ལྷག་གིས་གདན་ས་དགའ་འབྲས་གཉིས་ཀྱི་བླ་སྤྱི་གཉིས་དང་གཞིས་གྲོང་གསུམ་མི་མང་མཉམ་འབྲེལ་ཚོང་ཁང་མདུན་ཐང་བཅས་སུ་ཁག་གསུམ་བགོས་ནས་ད་ལྟ་བོད་ནང་དུ་རྩ་ཆེའི་སྐུ་སྲོག་མར་མེར་སྦར་དང་སྦར་བཞིན་པའི་རྒྱལ་གཅེས་དཔའ་བོ་ཚོར་སེམས་གཏིང་གི་མྱང་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་གནང་སོང་། དེ་ཡང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བསྐོས་དགེ་བཤེས་བློ་བཟང་ཤཀྱ་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། བོད་ནང་གི་གཞོན་སྐྱེས་ཚོའི་རྩ་ཆེའི་སྐུ་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱེད་བཞིན་པའི་བརྒྱུད་སྐུལ་གྱི་རིགས་སོགས་གང་ཡང་མིན་ལ། རྒྱ་ནག་དམར་གཞུང་གིས་ད་ལྟའི་བོད་ཐོག་ལག་བསྟར་བྱེད་བཞིན་པའི་དབང་ཆ་གཅིག་སྡུད་ལམ་ལུགས་སམ་སྲིད་བྱུས་དེའི་འོག་ང་ཚོ་བོད་པ་ཚོའི་མ་བཟོད་ནས་འ་ཆད་འུ་ཐུག་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ལྟར་མི་སྤེལ་ཀ་མེ་བྱུང་བ་ཞིག་རེད་མ་གཏོགས། རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ས་ཁྱོན་ཡོངས་ཡར་རྒྱས་དང་སྐྱིད་པོ་ཞེ་དྲག་ཡོད་སྐོར་བཤད་བསྡད་པ་དེ་སྐྱག་རྫུན་ཡིན་པ་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོའི་ཚེ་སྲོག་གི་བདེན་དཔང་བྱས་དང་བྱེད་བཞིན་འདིའི་འཛམ་གླིང་ཐོག་མངོན་གསལ་དོད་པོ་བྱས་ནས་གསལ་སྟོན་དང་རྒྱ་གཞུང་ལ་ངོ་ཚ་བཟོ་བཞིན་པ་འདི་རེད། གལ་སྲིད་ད་དུང་རྒྱ་གཞུང་གིས་བོད་ཐོག་མུ་མཐུད་ནས་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་སྲིད་བྱུས་འདི་ལག་བསྟར་བྱས་པ་ཡིན་ན་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ཙམ་མ་ཟད་ག་རེ་ཡིན་ན་ཡང་ཡོང་སྲིད་པ་ཞིག་རེད་ཅེས་དང་། ཡང་ཁོང་གིས་མུ་མཐུད་ནས་གསུང་དོན། ང་ཚོ་བཙན་བྱོལ་ནང་ཡོད་པའི་གཞུང་མང་གཉིས་ཀྱི་ངོས་ནས་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་པ་རེད་དེ་གཙོ་བོ་དེ་བོད་ནང་དུ་རང་དབང་ཁབ་རྩེ་ཙམ་མེད་པ་མ་ཟད། སྡུག་སྦྱོང་མནར་གཅོད་ཚད་མེད་པ་མྱང་དང་མྱོང་བཞིན་ཡོད་པའི་གནས་སྟངས་དེ་ཚོ་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྐྱེལ་ཐུབ་ཐབས་དང་། ལྷག་པར་དུ་བོད་ཐོག་ཏུ་དངོས་སུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་འགྱུར་བ་དང་བསྒྱུར་བཅོས་ཤིག་མ་བཏང་བར་དུ་མུ་མཐུད་ནས་ཤུགས་དྲག་གི་ལས་འགུལ་སྤེལ་སྒྱུར་འབད་རྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་། དེ་བཞིན་དགའ་བྱང་དགེ་བསྐོས་དགེ་བཤེས་དགེ་འདུན་ཤཀྱ་མཆོག་གིས་བཅར་འདྲིར་ལན་འདེབས་གནང་དོན། སྤྱིར་བཏང་གི་བོད་ནང་གཞིས་ལུས་མི་མང་གི་ཐོག་ལ་རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་དྲག་གནོན་དང་གདུག་རྩུབ་ཚད་མེད་པ་ཞིག་བཏང་དང་གཏོང་བཞིན་ཡོད་པ་དེར་བོད་ནང་གི་བོད་མི་གཞོན་སྐྱེས་ཚོའི་སེམས་ནང་མི་རིགས་དབྱེ་འབྱེད་དང་ཐོབ་ཐང་འདྲ་མཉམ་སོགས་གཅིག་ཀྱང་མེད་པའི་རྒྱུ་མཚན་ལ་བརྟེན་ནས་གཅེས་པའི་ཚེ་སྲོག་ཕང་མེད་དུ་བློས་གཏོང་གནང་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོ་ཧ་ཅང་བློ་ཕམ་པོ་རེད། ཡིན་ན་ཡང་ང་ཚོའི་ངོས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མར་མེ་རུ་སྦར་མཁན་དཔའ་བོ་ཚོར་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཙམ་མ་ཡིན་པར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཁོང་རྣམ་གྱི་ཐུགས་འདོད་མཐའ་དག་འགྲུབ་ཆེད་དུ་བོད་དོན་དེ་སྔར་ལས་ལྷག་པའི་ཚད་མཐོ་བོར་སླེབ་ཐུབ་པར་འབད་རྩོན་བྱེད་རྒྱུ་གཅིག་དང་། ལྷག་པར་དུ་བོད་དོན་རྒྱབ་སྐྱོར་གནང་མཁན་གཞུང་དང་གཞུང་འབྲེལ་མ་ཡིན་པ་མི་སྒེར་བཅས་སུ་སྔར་ལས་ལྷག་བོད་དོན་རྒྱབ་སྐྱོར་གནང་རོགས་དང་རྒྱ་གཞུང་གི་འཛམ་གླིང་རྒྱལ་སྤྱི་སྤྱི་ཡོངས་ཀྱི་ཁྲིམས་སྒྲིག་དང་འགལ་བའི་སྲིད་བྱུས་མང་དག་གཅིག་བོད་ཐོག་ལག་བསྟར་བྱེད་ཕྱོགས་དེ་དག་ལ་གནོད་ཤུགས་སྤྲོད་རོགས་སོགས་ཀྱི་མཚོན་པའི་བོད་དོན་རྒྱབ་སྐྱོར་ཚད་མཐོན་པོར་ཡོང་ཐུབ་པའི་འབོད་སྐུལ་དང་སྦྲགས་ལས་འགུལ་མུ་མཐུད་ནས་སྦེལ་དགོས་པ་རེད་ཅེས་གསུངས་སོང་། གཞན་ཡང་རྒྱ་གར་རྒྱལ་ས་ལྡི་ལིར་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་དབུ་ཁྲིད་པའི་ཉིན་གསུམ་རིང་གི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་རྒྱ་བལ་གཉིས་ཀྱི་ནང་གཞིས་སྡོད་མི་གྲངས་༣༠༠༠་ཕེབས་ཡོད་པའི་ཁྲོད་མོན་གྷོ་ས་གནས་ཀྱི་སེར་སྐྱ་༣༠༠ མཉམ་ཞུགས་གནང་ཡོད་པ་རེད།། བོད་ཀྱི་བང་ཆེན་ལས་དྲངས།

Tuesday, October 11, 2011

ལྡི་ལི་མཐོ་རིམ་སློབ་མ་ཚོས་རྒྱ་ནག་གི་གཞུང་ཚབ་ཁང་ལ་ཕར་རྒོལ་བྱས་པ།


གནས་ཚུལ་མཁོ་སྤྲོད་པ། སྦྲ་རིགས་ཐོགས་མེད།

དེ་རིང་ཞོགས་པའི(༢༠༡༡, ༡༠, ༠༩)ཆུ་ཚོད་བཅུ་བ་ཡོལ་ཙམ་གྱི་ཐོག་ཏུ་ལྡི་ལི་རོ་ཧི་ནི་ས་གནས་མཐོ་སློབ་བོད་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིག་དང་སྣེ་ཁྲིད་འོག་ལྡི་ལིའི་མཐོ་སློབ་ཁག་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་མཐོ་རིམ་སློབ་ཕྲུག་བཅུ་གསུམ་(བུ་མོ་བདུན་དང་བུ་དྲུག)གྱིས་བོད་ཀྱི་རྒྱ་དར་དང་།“རང་ལུས་མེ་རུ་བསྲེག་པ། རང་དབང་གི་འབོད་སྒྲ་ཡིན།” སོགས་འབོད་ཚིག་འདྲ་མིན་ཕྱར་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ལྔ་བཅུ་ལྷག་གི་མདུན་སར་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ཕར་རྒོལ་དྲག་པོ་བྱས་པ་མ་ཟད།དབྱིན་བོད་ཧིན་གསུམ་གྱི་ཐོག་ནས་གསར་འགོད་པའི་དྲི་བར་ལན་འདེབས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་མགྱོགས་མྱུར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བཅས་གནང་སོང་།

དེ་རིང་ཞོགས་པར་ཁུ་སིམ་མེར་གནས་པའི་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ཆེན་གཉིས་གློ་བུར་དུ་བོད་ཀྱི་རྒྱ་དར་དང་འཕྲེད་དར་ཁྱེར་བའི་མཐོ་སློབ་པ་སྐོར་ཞིག་གི་ངོ་རྒོལ་དང་སྐད་འབོད་འོག་ཟང་ཟིང་ལང་ལོང་དུ་གྱུར།མཐོ་སློབ་ཀྱི་གསར་བུ་ཁ་ཤས་བྱང་ཆ་ལྡན་པའི་ངང་སྔོན་ནས་གོ་སྒྲིག་བྱས་པ་བཞིན་གཞུང་ཚབ་ཀྱི་སྒོ་ཆུང་བརྒྱུད་ནས་གཞུང་ཚབ་ཁང་གི་སྒོ་ར་ནང་དུ་མཆོངས།ན་གཞོན་དེ་དག་གིས་བོད་ཀྱི་རྒྱ་དར་དང་བོད་རང་བཙན་གྱི་འབོད་ཚིག་འདྲ་མིན་སྒོ་ར་ནང་མའི་ནང་དུ་གཡུགས་བར་བརྟེན་རྒྱ་གར་ཉེན་རྟོག་སྐོར་སྲུང་བ་ལྔ་བཅུ་ལྷག་ཁོ་ཚོའི་ཕྱོགས་སུ་ཤོར།འོན་ཀྱང་། ན་གཞོན་དེ་དག་གློ་བུར་དུ་འབོད་ཚིག་སྒྲོག་བཞིན་ཕྱོགས་བཞིར་འཐོར་ནས་བྲོས་པར་བརྟེན་ཉེན་རྟོག་པ་དག་གིས་འཕྲལ་མར་སུ་རྗེས་འདེད་གཏོང་དགོས་མ་ཤེས་པར་ཅུང་ཟད་ལྷག་དགོས་བྱུང་།

སྐབས་དེར་སྒོ་ཆེན་ཕྱི་ལོགས་སུ་ཡོད་པའི་སློབ་མ་ཚོས་ཞི་བའི་ངོ་རྒོལ་ལས་འགུལ་གྱི་འགོག་སྲུང་(non-violent protection method)ཐབས་ལམ་ལག་ལེན་དུ་བསྟར་ནས་སྐད་འབོད་ཤུགས་དྲག་བྱས་པར་བརྟེན་སྐབས་ཤིག་རིང་ཉེན་རྟོག་པ་དེ་དག་ཅི་བྱ་གཏོལ་མེད་དུ་གྱུར།དེ་ནས་གློ་བུར་དུ་ཉེན་རྟོག་པ་བརྒྱ་ལྷག་གནས་དེར་འབྱོར་ཞིང་སློབ་ཕྲུག་ཕོ་མོ་དེ་དག་རེ་རེ་བཞིན་འགོག་སྲུང་ར་བ་ལས་དྲག་ཤུགས་ཀྱིས་བཀོག་ཏེ་བྱེའུ་ཁྲ་ཡིས་ཁྱེར་བའམ་རི་བོང་གླག་གིས་ཁུར་བ་བཞིན་བཙན་གྱིས་ཁྲིད་ནས་ཉེ་འདབ་ལྟ་སྲུང་བཙོན་ཁང་དུ་བསྐྱལ།སྐབས་དེར་སློབ་ཕྲུག་ཚུལ་ཁྲིམས་རྡོ་རྗེ་ལགས་བདེ་ལྕགས་འཁྱུགས་པོའི་ངང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བསླངས་པའི་ཐོག་བརྩེགས་གསུམ་ལྷག་གི་མཐོ་ཚད་ཡོད་པའི་གློག་སྡོང་རིང་བོ་དེའི་ཐོག་ཏུ་འཛེགས་ནས་ལྷབ་ལྷུབ་གཡོ་བའི་བོད་ཀྱི་རྒྱ་དར་མཁའ་དབྱིངས་སུ་ཕྱར།གསར་འགོད་པ་དག་གི་མདུན་དུ་ཁོ་གློག་སྡོང་གི་རྩེ་མོར་གྲོང་ངེར་འགྱིངས་ནས་རྒྱ་དར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་བར་སྣང་དུ་བོད་ཀྱི་རྒྱ་དར་འཕྱར་ཞོར་སྐར་མ་ཉི་ཤུ་ལྷག་ལ་སྐད་འབོད་བྱས། སྐབས་དེར། ཁྲག་ལྟར་དམར་བའི་སྐར་ལྔའི་དར་དམར་དང་ཆེས་ཐག་ཉེ་བའི་གཞུང་ཚབ་མདུན་གྱི་བར་སྣང་དུ་གངས་སེང་གི་དར་ཆ་སྤོབས་པས་ངང་གཡུགས་རྒྱུ་བྱུང་བ་ནི་ཇི་འདྲའི་གཟི་བརྗིད་ལྡན་པའི་སྣང་ཚུལ་ཞིག་རེད་ཨང་།

ད་ལྟ། མཐོ་སློབ་ཀྱི་སློབ་ཕྲུག་བཅུ་གསུམ་པོ་ཚང་མ་ཅ་ན་ག་པོས་རིའི་(Chanakyapuri)བཙོན་ཁང་དུ་ཡོད་ལ། སང་ཉིན་སློབ་ཕྲུག་ཚང་མ་ལྡི་ལི་གསར་བའི་ཁྲིམས་ཁང་དུ་བཅར་ནས་ཚུལ་ལ་རྩད་ཞིབ་དང་སྐབས་བབ་ཉེས་ཁྲིམས་གང་བབ་འཁུར་དགོས་པ་རེད།ལྡི་ལི་རོ་ཧི་ནི་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་དཔལ་ལྡན་བསོད་ནམས་ཀྱིས་གསར་འགོད་པར་བརྗོད་དོན་“ང་ཚོས་སྔོན་པའི་མཐོ་སློབ་ཀྱི་བདུན་ཕྲག་གཅིག་གི་ཟས་བཅད་ངོ་རྒོལ་དང་དེ་རིང་གི་ངོ་རྒོལ་འདི་གཉིས་ཀྱི་དམིགས་ཡུལ་གཙོ་བོ་ཉེ་ལམ་བོད་ནང་དུ་མུ་མཐུད་བོད་བོད་དོན་ཆེད་རང་ལུས་མེ་བསྲེགས་གཏོང་བཞིན་པའི་དཔའ་བོ་དག་གི་འབོད་སྐུལ་ལ་རྒྱ་གཞུང་གིས་ཉན་འཇོག་བྱེད་དགོས་པ་དང་།དེ་བཞིན་གནས་ཚུལ་ཛ་དྲག་འདི་ལ་རྒྱལ་སྤྱིའི་ངོས་ནས་ཀྱང་དོ་སྣང་བྱེད་དགོས་ཞེས་འབོད་སྐུལ་ཞུ་ཆེད་ཡིན་ལ།དེ་མིན་གནས་ཚུལ་འདི་ལྟར་མུ་མཐུད་སྣང་མེད་དུ་ལྷག་ཚེ་ང་ཚོར་ཡང་འདི་ལས་ལྷག་པའི་གྲ་སྒྲིག་དང་འཆར་གཞི་འདྲ་མིན་ཡོད་ཅེས་བརྗོད་སོང་།”

གཤམ་གྱི་དྲ་ཐག་ནས་གནས་ཚུལ་རྒྱས་པ་གཟིགས་རོགས།

1) http://www.ndtv.com/article/india/13-tibetans-arrested-after-protests-outside-chinese-embassy-in-new-delhi-139765?pfrom=home-otherstories




2) http://timesofindia.indiatimes.com/india/13-Tibetans-held-while-trying-to-enter-Chinese-embassy-in-Delhi/articleshow/10287759.cms

Saturday, October 8, 2011

༸གོང་ས་མཆོག་གིས་ཨཕ་རི་ཀའི་གློག་བརྙན་འབྲེལ་ལམ་བརྒྱུད་རྒྱ་ནག་འགྲེལ་བརྗོད་གནང་བ།

སྐུ་སྒེར་ཡིག་ཚང་ནས་ཨཕ་རི་ཀའི་གཞུང་གིས་དུས་ཐོག་༸གོང་ས་མཆོག་ལ་ཕྱག་འཁྱེར་ཕུལ་ཐུབ་མ་སོང་གསུངས་འདུག
པྲེ་ཊོ་རྱི་འཛིན་སྐྱོང་བས་གནས་ཚུལ་དེ་རྒྱ་ནག་གིས་གནོན་ཤུགས་ཀྱིས་བྱས་པ་མིན་པར་བརྗོད་འདུག གློག་བརྙན་བརྒྱུད་ནོ་བེལ་ཞི་བདེའི་གཟེང་རྟགས་བཞེད་མཁན་༸གོང་མཆོག་དང་ཨཕ་རི་ཀའི་ཐུ་ཐུ་བགྲོ་གླེང་གནང་སྐབས་༸གོང་ས་མཆོག་གིས་་་ངས་དྲང་པོ་བཤད་ནས་རྒྱ་ནག་ལ་མི་བདེ་བ་བཟོ་ཡི་ཡོད་རེད་གསུངས་པ་དང་། ཡང་། དེའི་སྐབས་༸གོང་ས་མཆོག་གིས་་རྒྱ་ནག་གི་དཔོན་རིགས་འགས་ང་བདུད་རེད་ཟེར་གྱི་ཡོད་རེད། སྤྱིར་བཏང་་་བདུད་ཟེར་ནའང་་འཇིགས་སྣང་ཙམ་རེད། གསུངས། ཡང་༸གོང་ས་མཆོག་གིས་གཟོ་རྫུ་དེ་དག་དམར་པོའི་རིང་ལུགས་ཀྱི་འཁྲབ་སྟོན་གྱི་ཆ་ཤས་ཤིག་ཡིན་ལ། དེའི་རྐྱེན་གྱིས་སུས་དྲང་བདེན་སྨྲ་བ་དེས་རྒྱ་ནག་ལ་མི་བདེ་བ་བཟོ་ཡོང་གི་ཡོད་་་གསུངས་འདུག།

Wednesday, October 5, 2011

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེང་རྟགས་སྦེལ་ཀོབ་གོ་ལ་ཐ་ལའི་རུ་ཁག་ལ་ཐོབ་པ


ཟླ་བ་སྔོན་མའི་ཚེས་༢༦ ནས་དེ་རིང་གི་བར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་གསེར་གྱི་གཟེང་རྟགས་རྩེད་འགྲན་བྱས་པའི་འབྲས་བུར། ད་རིང་ཉིན་རྒྱབ་སྦེལ་ཀོབ་གོ་ལ་ཐ་ལའི་རུ་ཁག་གིས་གསེར་གྱི་རྟགས་མ་ལེན་སོང་།
དེ་ཡང་ཚོུད་༣ པའི་ཐོག་ཁ་སེང་ཕྱེད་མཐའ་མའི་རྩེད་འགྲན་སྐབས་མོན་གྷོ་ལས་རྒྱལ་མཁན་ཀལ་མེན་ཊོན་དང་། ཅིན་ནའི་བོད་ཕྲུག་རུ་ཁག་ལས་རྒྱལ་མཁན་སྦེལ་ཀོབ་གོ་ལ་ཐ་ལའི་རུ་ཁག་བར་མཐའ་མའི་རྩེད་འགྲན་འགོ་ཚུགས་སོང་། ཀལ་མེན་ཊོན་རུ་ཁག་ནི་དེ་སྔ་རྒྱལ་ཡུམ་ཆེན་མོའི་གསེར་གྱི་རྟགས་པ་ཐེངས་འགའ་ལེན་མྱོང་བའི་རྐང་སྤོལ་རུ་ཁག་ཡག་ཤོས་ཤིག་ཏུ་ལྟད་མོ་བ་ཚོས་ངོས་འཛིན་བྱེད་ཀྱི་འདུག་ལ། སྦེལ་ཀོབ་གོ་ལ་ཐ་ལའི་རུ་ཁག་གིས་ཀྱང་སྦེལ་ཁོབ་གཞིས་ཆགས་གསར་པའི་རུ་ཁག་ཕམ་པར་བྱས་པ་སོགས་ལ་བལྟས་ན་ལས་སླ་པོ་ཞིག་མེད་པར་ངོས་འཛིན་བྱས་པ་ལས། ལྟད་མོ་བའི་ཁྲོད་ཕྱོགས་གཉིས་ཀ་ལ་རྒྱབ་སྐྱོར་བྱེད་མཁན་འདྲ་འདྲ་འདུག

རྣོ་ངར་ལྡན་པའི་ཕྱོགས་གཉིས་ཀྱི་རྐང་སྤོལ་འགྲན་པ་ལས་སྤོལ་ལོ་གཅིག་ཀྱང་མ་བླུགས་པར་དུས་ཚོད་ཕྱེད་ཀ་རྫོགས། གཡས་གཡོན་དུ་ཆུ་གྲང་མོ་དང་ཇ་ཚ་པོ། མོ་མོ་དང་ཤ་བག་ལེབ་བཙོང་མཁན་ཚོར་དེ་ཙམ་ཡ་བྱེད་མཁན་ཡང་མི་འདུག ཡང་བསྐྱར་དུ་རྩེད་འགྲན་བྱས་པ་ལས་སྐར་མ་༣༠ ཙམ་སོང་སྐབས་ལྟད་མོ་བ་ཚོ་ཧད་ཅིང་། འགའ་ཤས་ཀྱིས་དེ་རིང་སྦེལ་ཀོབ་ཚོས་མི་གསར་པ་ཁྲིད་ཡོད་པ་འདྲ་ཡག་ཏུ་ཕྱིན་འདུག་ཟེར་བ་དང་། ཡང་འགའ་ཤས་ཀྱིས་ད་ཐད་གཏོང་སྤོལ་ལོ་བསྡུར་དགོས་ཐུག་ས་རེད་ཟེར། དེ་ནས་དུས་ཚོད་རྫོགས་ནས་དུས་ཚོད་ཕར་མ་སྐར་མ་ཉི་ཤུ་རྩེས་ཀྱང་རྒྱལ་ཕམ་མ་ཆོད། སྐབས་དེ་དུས་གོ་ལ་ཐ་ལའི་ཕྱོགས་ནས་ཤོ་པག་སྤར་བ་སོགས་བྱས་ནས་རྒྱལ་བའི་རྣམ་པ་སྟོན་སོང་། དེ་ནས་མཐའ་མ་ཐད་གཏོང་སྤོལ་ལོ་འགྲན་རྒྱུ་དེ་རེད། དེའི་སྐབས་ཀལ་མེན་ཊོན་རྩེད་འགྲན་པ་ཞིག་གིས་སྤོལ་ལོ་གཅིག་སྒོའི་ཕྱི་རོལ་དུ་ཤོར་སོང་། ཡང་དེ་ནས་གོ་ལ་ཐ་ལའི་རུ་ཁག་གིས་སྒོ་ར་བས་སྤོལ་ལོ་གཅིག་བཀག་སོང་བ་ལས་སྦེལ་ཀོབ་གོ་ལ་ཐ་ལའི་རུ་ཁག་ལ་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྒྱལ་ཁ་ཐོབ་སོང་།
སྦེལ་ཀོབ་གོ་ལ་ཐ་ལ་ནི་སྦེལ་ཀོབ་གཞིས་གྲོང་ལྔ་པ་དང་དྲུག་པ་དང་དམག་མི་གཞིས་གྲོང་བཅས་རེད་འདུག་ལ། གོ་ལ་ཐ་ལའི་རུ་ཁག་གིས་སྒོ་ར་བ་ནི་དེ་སྔ་སྦེལ་ཀོབ་གཞིས་ཆགས་ཀྱི་སྒོ་ར་བ་ཡིན་པ་དང་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་ཐེངས་མང་རྩེས་མྱོང་ཡོད་འདུག་པ་དང་སྒོ་ར་བ་ཡག་ཤོས་གྲལ་ཡིན་འདུག རྐང་སྤོལ་མཇུག་སྒྲིལ་བའི་རྗེས་སུ་ལྟད་མོ་བའི་ཁྲོད་ཁོང་དང་ལྷན་དུ་དཔར་རྒྱག་མཁན་མང་པོ་བྱུང་སོང་། གོ་ལ་ཐ་ལའི་རུ་ཁག་གི་ནང་རྩེད་འགྲན་པ་ཨང་༦ དང་༩ དང་༡༡ དང་སྒོ་ར་བ་བཅས་ལ་ལྟད་མོ་བའི་བསྔགས་བརྗོད་བྱེད་ཀྱི་འདུག

ཀལ་མེན་ཊོན་ནི་དྷེ་ར་དྷུན་ཉེ་འགྲམ་དུ་ཡོད་པའི་བོད་པའི་གཞིས་ཆགས་ཤིག་ཡིན་པ་དང་། དེ་སྔ་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གསེར་གྱི་རྟགས་མ་ཐེངས་འགའ་ལེན་མྱོང་བ་དང་རྐང་སྤོལ་རྩེད་འགྲན་པ་ཡག་ཤོས་ཀྱི་ཁུངས་སུ་སླེབས་ཀྱི་ཡོད། ཀལ་མེན་ཊོན་རུ་ཁག་གི་ནང་མིང་འདོགས་ལ་ལམ་བྷུ་(གཟུགས་རིང་པོ་)ཟེར་བའི་རྩེད་འགྲན་པ་ཞིག་འདུག་པ་དེར་ལྟད་མོ་བའི་ཁྲོད་དགའ་མོས་བྱེད་མཁན་མང་པོ་འདུག་ལ། ཡང་སེ་ཁོའི་མིང་ནས་འབོད་ཀྱི་འདུག དེ་བཞིན་རྩེད་འགྲན་པ་ཨང་༧ དང་༡༠ དང ༡༨ དང་༡༢ བཅས་ལ་ལྟད་མོ་བའི་བསྔགས་བརྗོད་བྱེད་ཀྱི་འདུག

ལྷག་དོན་ད་ལེན་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གྱི་སྐབས་འདིར་རྩེད་འགྲན་པ་དང་ལྟད་མོ་བའི་ངོས་ནས་སྙོག་སྒྲ་ཟེར་བ་སྤུ་ཙམ་བླངས་མེད་པ་དེར་ཚང་མའི་ཡིད་སྨོན་དང་བསྔགས་བརྗོད་ཞུ་ཡི་འདུག་ལ། དེ་ནི་འུhttp://www.blogger.com/img/blank.gif་ཅག་བོད་མི་རྣམས་མཐུན་སྒྲིལ་གྱི་རྣམ་པ་མཚོན་པའི་སྤྱོད་ལམ་ཡག་ཤིག་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་བྱ་དགའ་ཐོབ་མཁན།

༡ གསེར་གྱི་རྟགས་མ་ལེན་མཁན། སྦེལ་ཀོབ་གོ་ལ་ཐ་ལའི་རྐང་སྤོལ་རུ་ཁག
༢ ཨང་གཉིས་པ་ལེན་མཁན། ཀལ་མེན་ཊོན་དོན་གྲུབ་གླིང་རུ་ཁག་རྐང་སྤོལ་རུ་ཁག
༣ སྤོལ་ལོ་མང་ཤོས་བླུགས་མཁན། མོན་གྷོ་རུ་ཁག་གི་རྩེད་འགྲན་པ་བུ་ལགས།
༤ རྐང་སྤོལ་རུ་ཁག་ཡག་ཤོས། ཨོ་རི་ས་ཕུན་ཚོགས་གླིང་རྐང་སྤོལ་རུ་ཁག


ཐེངས་འདིར་གཟེང་རྟགས་ཕྱག་གིས་གནང་མཁན་ནི་ལྕམ་ཨཤེ་རི་ཋི་རེད་འདུག་ལ། ཁོང་གི་སྐོར་གཟིགས།

Tuesday, September 27, 2011

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཚུགས་པ། ༢༠༡༡


ཁ་སེང་ཟླ་བ་༩ ཚེས་ ༢༦ ཉིན་མོན་གྷོ་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་གསེར་གྱི་རྟགས་མའི་རྩེད་འགྲན་འགོ་ཚུགས་སོང་ལ། དངོས་གཞི་མཛད་སྒོའི་སྐབས་གྲྭ་ཚང་ཁག་གི་ལས་སྣེ་རྣམས་དང་ས་གནས་ཀྱི་མགོ་བྱེད་རྣམ་པ་དང་། སྐུ་མགྲོན་གྱི་གཙོ་བོར་ཀུན་བདེ་གླིང་རིན་པོ་ཆེ་དང་ས་གནས་རྒྱ་གར་ཉེན་རྟོག་དཔོན་དང་གཞི་འགོ་བཅས་ཕེབས་འདུག ཐོག་མར་༧གོང་ས་མཆོག་གི་སྐུ་པར་གདན་ཞུ་དང་དེའི་རྗེས་རྩེད་འགྲན་རུ་ཁུག་སོ་སོས་རུ་དར་ཁྱེར་ནས་རུ་བསྒྲིགས་ཀྱིས་སླེབས་སོང་།
རྩེད་འགྲན་དུ་ས་གནས་འདྲ་མིན་ནས་མཉམ་ཞུགས་གནང་བ་དཔེར་ན། བལ་ཡུལ་ནས་འཕགས་པ་ཤིང་ཀུན་རུ་ཁག ཤི་ལོང་ནས་གངས་ལྗོངས་རུ་ཁག ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག སྦེལ་ཀོབ་དོན་ལྡན་གླིང་རུ་ཁག་དང་། སྦེལ་ཀོབ་གྷོ་ལ་ཐ་ལའི་རུ་ཁག དྷེ་ར་དྷུན་དོན་གྲུབ་གླིང་རུ་ཁག གྷོ་བ་བོད་མིའི་མཐུན་ཚོགས་རུ་ཁག ཧུན་སུར་རབ་རྒྱས་གླིང་རུ་ཁག བོད་ཁྱིམ་རུ་ཁག ཅི་ནའི་འམ་མ་རྡ་ར་སི་བོད་ཕྲུག་ཚོགས་པའི་རུ་ཁག་སོགས་འདུག རྩེད་འགྲན་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་གྲུབ་ལགས་ཀྱིས་རྒྱལ་ཡུམ་ཆེན་མོ་ནི་འཛམ་གླིང་གི་ནོར་བུ་གཅིག་པུ་དེ་སྩོལ་མཁན་དེ་ཡིན་པ་དང་དེའི་དྲན་རྟེན་དུ་རྩེད་འགྲན་བྱེད་ཀྱི་ཡོད་པ་གསུངས་སོང་། ཡང་ཁོང་གིས་དེ་སྔ་༢༠༠༨ ལོར་མོན་གྷོ་ས་གནས་སུ་དེ་ལྟའི་རྩེད་འགྲན་བྱེད་དུས་བཟང་སྤྱོད་ཀྱིས་རྩེད་འགྲན་ཧ་ལས་པ་ཡག་པོ་བྱུང་སོང་བ་བཞིན་འདི་ལོར་ཡང་དེ་ལྟར་ཡོང་བའི་རེ་བ་ཡོད་པ་གསུངས་སོང་ལ། མོན་གྷོ་ས་གནས་འགོ་འཛིན་གྱིས་འདི་ལོ་དེ་ཙམ་གྲ་སྒྲིག་ཡག་པོ་བྱུང་མ་སོང་ཀྱང་རྗེས་མ་༢༠༡༦ ལོར་མོན་གྷོ་གཞི་ཆགས་འགོ་ཚུགས་ནས་ལོ་ངོ་༥༠ འཁོར་བའི་སྐབས་དང་བསྟུན་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེ་རྒྱུ་ཡིན་ན་ད་དུས་གྲ་སྒྲིག་ད་ལོ་ལས་བརྒྱ་འགྱུར་གྱི་ཡག་པ་ཞུ་རྒྱུ་ཡིན་པ་གསུངས་སོང་།
རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་དེ་ནི་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་མཉམ་རུབ་ཀྱི་འབྲེལ་ལམ་བྱེད་ས་ཡག་ཤོས་ཞིག་ཡིན་འདུག
ཁ་སང་ཉིན་དང་པོའི་ཉིན་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་བོད་ཁྱིམ་བར་རྩེད་འགྲན་བྱས་པ་དང་མོན་གྷོ་༣དང་༡་གྱིས་ཐོབ་པ་དང་། བལ་ཡུལ་འཕགས་ཤིང་རུ་ཁག་དང་གྷོ་བ་རུ་ཁག་༠་དང་༠ འདྲ་མཉམ་ཆགས་སོང་།

Thursday, September 22, 2011

འདི་ལོའི་དགེ་ལུགས་རྒྱུགས་སྤྲོད་ལེགས་པར་གྲུབ་པ།


འདི་ཟླའི་བོད་ཚེས་༦ ནས་དབུ་འཛུགས་ཀྱིས་ཚེས་༢༤ བར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་པོ་ལེགས་པར་འཚོགས་པ་ལས་ད་ནངས་ཚེས་༢༥ ཞོགས་པའི་ཚོད་༨ པའི་ཐོག་མཇུག་བསྡུའི་བསྔོ་སྨོན་དང་། རྒྱུགས་བཞེས་པ་དང་རྒྱུགས་འབུལ་ལྷན་བཞུགས་ཀྱི་དྲན་རྟེན་སྐུ་པར་བཅས་འགྲོན་གནང་སོང་། འདི་ལོའི་རྒྱུགས་ཀྱི་སྤྲོད་ཀྱི་བརྒྱུད་རིམ་ནང་བྲིས་རྒྱུགས་རྣམས་ཀྱི་བར་དུ་ཉིན་རེ་མཚམས་རྩོད་རྒྱུགས་ལས་བྲིས་རྒྱུགས་མེད་པ་བྱས་པས་རྐྱེན་སློབ་གཉེར་བ་ཚོའི་སྐུ་གཟུགས་མི་བདེ་བས་རྒྱུགས་ནས་ཕྱིར་འཐོན་བྱེད་དགོས་པ་དེ་འདྲ་བྱུང་མི་འདུག འདི་ལོར་རྒྱུགས་འབུལ་མཁན་སློབ་གཉེར་བ་༦༠༠ བརྒལ་བ་བྱུང་འདུག་ཅིང་། དེ་དག་ཐམས་ཅད་རང་རང་གི་གྲྭ་ཚང་དུ་མ་མཐཪ་ལོ་༡༧ སློབ་གཉེར་གནང་གྲུབ་པ་དེ་འདྲ་རེད་ཤག འབུལ་རྒྱུའི་རྒྱུགས་ལ་ལོ་རིམ་འཛིན་གྲྭ་མཐོ་དམན་ལས་ཕྲ་རགས་ཅི་རིགས་དང་། རྒྱུགས་ཀྱི་ངོ་བོ་ལ་ཡང་བྲིས་རྒྱུགས་དགུ་དང་དྲུག་ལ་སོགས་པའི་མང་ཉུང་དང་། རྩོད་རྒྱུགས་ལ་ཡང་དཀའ་པོད་ལྔ་རེར་མི་རེས་ཚོུད་ཕྱེད་དང་གཅིག་བྱེད་པ་དེ་འདྲ་ཡང་འདུག དགེ་ལུགས་རྒྱུགས་སྤྲོད་ཆ་ཚང་འཐོན་པར་མ་མཐར་ལོ་དྲུག་རྒྱུགས་འབུལ་དགོས་འདུག་ལ། འགའ་རེས་རྒྱུགས་ཚད་མ་ལོངས་པ་ལས་ལོ་བརྒྱད་རྒྱུགས་འབུལ་བ་དང་། འགའ་རེས་རྒྱུགས་ཚད་མ་ལོངས་པ་ལས་རྒྱུགས་སྤྲོད་ནས་བེད་དེ་ཕྱིར་བུད་འགྲོ་བ་དེ་ཡང་འདུག
ད་ནངས་མཇུག་བསྡུའི་ཚོགས་བསྡུ་སྐབས། མཁན་པོ་ཚོས་ཡ་མཐའ་ལ་ཐུག་པ་མེད་པར་སོང་ད་དུང་རྒྱུགས་སྤྲོད་སྤུད་ཚོད་གོང་མཐོར་གཏོང་དགོས་པ་དང་། སློབ་མཐོན་པ་ཚོས་ཀྱང་སྐད་རིག་གཞན་ལ་ཡང་དོ་སྣང་བྱེད་དགོས་པར་སོང་། རྒྱུགས་སྤྲོད་དོ་དམ་པས་ཀྱང་། ཆུ་འཐོན་ཀྱང་ཟམ་པ་བསྡད་དགོས་པ་ལྟར་དགེ་ལུགས་རྒྱུགས་སྤྲོད་ཀྱི་སྒྲིག་ལམ་སོགས་སྔར་རྒྱུན་ལྟར་གནས་རྒྱུ་ཡིན་པ་དང་། རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀྱང་ཟབ་གནན་བྱེད་དགོས་པར་སོང་ཟླ་བ་གཅིག་དང་ཕྱེད་ཀ་མ་མཐར་འགོར་ངེས་པའི་དེ་རིང་སློབ་གཉེར་བ་ཚོས་བྲེལ་མ་གནང་རོགས་གསུངས་སོང་ལ། ཕྱིས་སུ་གྲུབ་འབྲས་ནང་དབང་པོ་མཆོག་དམན་སོགས་ལས་རྒྱུགས་ཚད་མ་ལོན་པ་དེ་འདྲ་འབྱུང་སྲིད་པས་དེ་ཚོས་ངོས་ནས་ཀྱང་སེམས་ཤུགས་མ་ཆགས་པར། རྒྱུགས་སྤྲོད་བྱས་པའི་གཙོ་བོའི་དགོས་པ་དཔེ་ཆ་སྦྱོང་རྒྱུ་བྱུང་བ་ཚང་མར་བྱུང་བ་དེ་ཐུགས་ལ་བཞག་དགོས་གསུངས།

Thursday, September 15, 2011

བརྩེ་སེམས་ངོ་མ།

མགོན་པོ།

འདི་ནི་ཉི་ཧོང་དུ་ས་ཡོམ་རྒྱུགས་སྐབས་ཨ་མ་ཞིག་གིས་རང་སྲོག་བློས་བཏང་བྱས་པའི་དངོས་བྱུང་གི་སྒྲུང་ཞིག་ཡིན།


ས་ཡོམ་གཞོམ་རྗེས་སྲོག་སྐྱོབ་རུ་ཁག་བུད་མེད་གཞོན་ནུ་མ་ཞིག་གི་ཁང་པ་ཞིག་འཕྲོ་ཞིག་གི་འགྲམ་དུ་སླེབས་ཞིང་ཁོང་ཚོས་སེར་ཁའི་ཁྲོད་ནས་མོའི་བེམ་པོ་མཐོང་། འོན་ཀྱང་མོའི་སྡོད་སྟངས་དེ་ཁྱད་མཚར་ཞིག་ཏེ་མོའི་པུས་མོ་མི་ཞིག་ཆོས་བྱེད་ཀྱི་ཡོད་པ་ལྟར་ས་ལ་བཙུགས་ཡོད་ཅིང་གཟུགས་པོ་མདུན་ལ་གུག་ཞིང་ལག་པ་གཉིས་དངོས་པོ་ཞིག་གིས་བརྟེན་ཡོད། མོའི་རྒྱབ་དང་མགོ་ཁང་པ་ལྡིབ་ནས! ་ཆག་ཧྲུག་ཏུ་བཏང་ཡོད་པ་རེད།
དཀའ་ཚེགས་དུ་མ་བརྒྱུད་སྲོག་སྐྱོབ་རུ་ཁག་གི་རུ་དཔོན་གྱིས་ལག་པ་གྱང་སྟེང་གི་བར་ཧྲུག་ཀྱག་ཀྱོག་ཞིག་བརྒྱུད་ནས་བུད་མེད་དེའི་གཟུགས་པོར་ཐུག་ཐབས་ཀྱིས་བུད་མེད་དེ་ད་དུང་གསོན་ཡོད་པའི་རེ་བ་བྱས། འོན་ཀྱང་མོའི་བེམ་པོ་འཁྱགས་གྱོང་དེས་ཁོ་མོ་ཏན་ཏན་ཤི་ཟིན་པ་ཁོར་ར་སྤྲོད་བྱས།

ཁོ་དང་རུ་མི་གཞན་ཚོས་ཁང་པ་དེ་བསྐྱུར་ནས་ཁང་པ་ཞིག་པོ་རྗེས་མ་དེར་འཚོལ་ཞིབ་ལ་ཕྱིན། འོན་ཀྱང་རྒྱུ་མཚན་གློ་བུར་བ་ཞིག་གིས་རུ་དཔོན་དེ་སྔོན་གྱི་བུད་མེད་འདས་པོ་དེའི་ཁང་པ་ཞིག་པོ་དེར་ཕྱིར་འགྲོ་དགོས་པ་བྱུང་། སླར་ཡང་ཁོས་པུས་མོ་བཙུགས་ནས་ལག་པ་བར་ཧྲུག་ཀྱག་ཀྱོག་དེ་ནས་བཅུག་ཏེ་བུད་མེད་དེའི་གཟུགས་པོའི་འོག་གི་བར་སྟོང་ཆུང་ཆུང་དེར་ལག་སྙོབ་རྒྱབ། གློ་བུར་དུ་ཁོས་ ཕྲུ་གུ་ཞིག་འདུག འདིར་ཕྲུ་གུ་ཞིག་འདུག་ ཅེས་དགའ་ཚོར་ཆེན་པོས་སྐད་རྒྱབ། རུ་མི་ཚང་མས་མཉམ་རུབ་ངང་གཟབ་གཟབ་བྱས་ནས་བུད་མེད་འདས་པོ་དེའི་ཉེ་འཁྲིས་ཀྱི་ཅ་དངོས་ཞིག་རོ་རྣམས་བསལ། ཕྲུ་གུ་དེའི་ཨ་མའི་བེམ་པའི་འོག་མེ་ཏོག་གི་རི་མོ་བཏབ་པའི་མལ་ཆས་ཞིག་ནང་ཟླ་བ་གསུམ་ལ་གསོན་པའི་བུ་ཆུང་ཞིག་བསྒྲིལ་འདུག བུད་མེད་དེས་རང་གི་བུ་སྐྱོབ་ཆེད་དུ་མཐར་ཐུག་གི་བློས་གཏོང་ཞིག་བྱས་ཡོད་པ་མངོན་གསལ ་རེད། ཁང་པ་བརྡིབ་སྐབས་བུ་སྐྱོབ་ཆེད་མོས་རང་གི་གཟུགས་པོ་ཁོ་ལ་བཀབ་ཡོད་པ་རེད །རུ་དཔོན་གྱིས་བུ་དེ་ཡར་ལེན་སྐབས་ཁོ་ད་དུང་ཞི་འཇམ་ངང་གཉིད་འདུག
སྨན་པ་བུ་དེར་བརྟག་དཔྱད་བྱེད་པར་གང་མགྱོགས་སླེབས་ཅིང་ཁོ་ཚོས་མལ་ཆས་བསལ་སྐབས་ལག་ཐོག་ཁ་པར་ཞིག་དེའི་ནང་ཡོད་པ་མཐོང་། ཁ་པར་དེའི་ངོ་ཤེལ་སྟེང་འཕྲིན་ཐུང་ཞིག་འདུག་པ་འདི་ལྟར་ གལ་སྲིད་ཁྱོད་གསོན་ཐུབ་ན་ཁྱོད་ཀྱིས་ངས་ཁྱོད་ལ་བརྩེ་བ་ཡོད་པ་ངེས་པར་དུ་དྲན་རོགས །
ལག་ཐོག་ཁ་པར་དེ་ལག་པ་གཅིག་ནས་གཅིག་ལ་བརྒྱུད་ཅིང་འཕྲིན་ཐུང་དེ་ཀློག་མཁན་ཚང་མ་ངུ་ཤོར །
རང་ཉིད་ཤི་ཡང་ད་དུང་བུ་ལ་སེམས་འཁུར་བྱེད་པའི་ གལ་སྲིད་ཁྱོད་གསོན་ཐུབ་ན་ཁྱོད་ཀྱིས་ངས་ཁྱོད་ལ་བརྩེ་བ་ཡོད་པ་ངེས་པར་དུ་དྲན་རོགས ། ཞེས་པ་ནི་ཨ་མ་ཞིག་གིས་རང་གི་ཕྲུ་གུ་ལ་བཅངས་པའི་བརྕེ་སེམས་ངོ་མ་རེད །

Saturday, August 6, 2011

གཟའ་སྐར་ཕུར་བུ་ལ་མི་མེད་འཕུར་གྲུ་བཏང་སོང་།


ཁ་སང་ཨ་མི་རི་ཀས་ལོ་ལྔའི་རྗེས་སུ་Jupiterགཟའ་སྐར་ཕུར་བུའི་ནང་འབྱོར་མཁན་གྱི་མི་མེད་འཕུར་གྲུ་མ་གནས་ཨ་སྒོར་ཐེར་འབུམ་གཅིག་ལྷག་བྱས་པ་ཞིག་བཏང་ཡོད་འདུག འཕུར་གྲུ་དེས་༢༠༡༦ སྤྱི་ཟླ་༧ ཚེས་༥ ཉིན་གཟའ་སྐར་ཕུར་བུའི་ནང་འབྱོར་ཐུབ་ཀྱི་ཡོད་པ་དང་། དེ་ཡང་ཉི་མའི་དཀྱིལ་འཁོར་ལ་བསྐོར་བ་གཅིག་བྱས་ནས་བསྐྱོད་ཀྱི་ཡོད་འདུག
གཤམ་གྱི་དེ་ཆུང་ཚེ་རིང་གི་ཟིན་བྲིས་ལས་དྲངས།

ཕུར་བུ། (Jupiter)
ཕུར་བུ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཚང་མའི་ནང་ནས་ཆེ་ཤོས་དེ་རེད། དེའི་གདོས་ཚད་ནི་རྒྱུ་སྐར་གཞན་ཚང་མའི་གདོས་ཚད་ཕྱོགས་གཅིག་ཏུ་བསྒྲིལ་བ་ལས་ཀྱང་ཆེ་བ་ཡོད། དེ་བཞིན་ཉི་མ་དང་རྒྱུ་སྐར་ཕུར་བུའི་བར་གྱི་རྒྱང་ཐག་ནི། ཉི་མ་དང་བར་ཐག་ཉེ་བའི་རྒྱུ་སྐར་གཞན་བཞིའི་རྒྱང་ཐག་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་རིང་བ་ཡོད། དེར་བརྟེན། སའི་གོ་ལ་དང་མིག་དམར་དང་བསྡུར་ན། རྒྱུ་སྐར་འདིར་ཉི་མའི་འོད་དང་དྲོད་ཐོབ་ཚད་ཧ་ཅང་ཉུང་ཡང༌། རྒྱུ་སྐར་པ་སངས་དང་སྐབས་ངེས་ཅན་གྱི་མིག་དམར་གྱི་སྣང་ཚུལ་ཕུད་བར་སྣང་ཁམས་ཀྱི་རྒྱུ་སྐར་གཞན་ཐམས་ཅད་ལས་བཀྲག་མདངས་ཆེ་ཤོས་སུ་མངོན། (དཔེ་རིས་ ༡་༩) ཕུར་བུའི་བཀྲག་མདངས་ནི་རང་སྟེང་དུ་ཕོག་པའི་ཉི་འོད་ཕལ་མོ་ཆེ་ལྡོག་འཕྲོ་བྱེད་པའི་རླུང་ཁམས་མཐུག་པོ་དེ་ལས་བྱུང་བ་ཡིན། རྒྱུ་སྐར་ཕུར་བུ་ནི་གཙོ་བོ་རླུང་ཧཡིཌོར་ཇན་དང་ཧེ་ལི་ཡམ་(Hydrogen and Helium) ཞེས་པ་གཉིས་ལས་རླངས་གཟུགས་ཀྱི་རྣམ་པར་གྲུབ་པར་ཡིད་ཆེས་བྱེད་ཅིང༌། དེའི་སྤྲིན་པ་དང་འདྲ་བའི་ཕྱི་ངོས་ནི་གཉུག་རླུང་དང་པོ་རླངས་གཟུགས་ཀྱི་ངོ་བོ་དང༌། ཟེ་རླངས་དྭངས་ཤེལ་གྱི་རྣམ་པར་གྲུབ་ཡོད། ཕྱི་ལོ་ ༢༠༠༢ ལོ་བར་ཤེས་རྟོགས་བྱུང་བ་ལྟར་ན། ཕུར་བུར་རང་བྱུང་འཁོར་སྐར་རམ་ཟླ་བ་ ༢༨ ཡོད་པ་དང༌། དེ་ལ་ད་དུང་གདུབ་བུ་མག་མོག་ཅིག་ཀྱང་ཡོད།།


Thursday, July 28, 2011

རྒྱལ་སྤྱིའི་གློག་བརྙན་དུས་སྟོན་༨ནང་བདམས་ཐོན་བྱུང་བ།

ཕྱི་ལོ་༢༠༡༡ཟླ་༧ཚེས་༢༥ཉིན། ཀོ་ཕིས་༼འཚིག་ཇ་ནག་པོ་༽ Black Coffee གློག་བརྙན་བཟོ་སྒྲིག་ཁང་དང༌། བོད་བསམ་པ་ Think Tibet གློག་བརྙན་བཟོ་སྒྲིག་ཁང་གཉིས་ཀྱིས་ཞྭ་སྒབ་པའི་༼མཐོང་ཆེན་པར་རིས་༽ Passport Photos ཀྱིས་བཟོ་སྒྲིག་བྱས་པའི་གློག་བརྙན་ཞིག འདི་ལོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༨ ནང་བདམས་ཐོན་བྱུང་ཡོད་འདུག གློག་བརྙན་དེ་ནི་དེ་སྔོན་ཕྱི་ལོ་༢༠༠༣ལོར་བལ་ཡུལ་ནས་རྙེད་སོན་བྱུང་བའི་བོད་སྡེ་པ་གཞུང་གི་རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་ཕྱི་བསྐྱོད་མཐོང་ཆེན་ལག་འཁྱེར་གྱི་པར་རིས་དག་ཕྱོགས་སྒྲིག་བྱས་པ་ཞིག་དང༌། གཞན་ཡང་གློག་བརྙན་དེའི་ནང་བསྟན་འཛིན་སུ་ཝེ་དང༌། བསྟན་འཛིན་ཨུར་བྷན་ཟེར་བའི་བོད་མི་གཞོན་སྐྱེས་༢དང་ལྷན་དུ་བགྲོ་གླེང་བྱས་པའི་གནས་ཚུལ་ཁག་ཅིག་བཀོད་ཡོད་འདུག་ལ། གློག་བརྙན་དེར་རིང་ཚད་སྐར་མ་༡༥རིང་ཡོད་འདུག
ཀོ་ཕིས་༼འཚིག་ཇ་ནག་པོ་༽ Black Coffee གློག་བརྙན་བཟོ་སྒྲིག་ཁང་དང༌། བོད་བསམ་པ་ Think Tibet གློག་བརྙན་བཟོ་སྒྲིག་ཁང་གཉིས་ཀྱིས་ཞྭ་སྒབ་པའི་༼མཐོང་ཆེན་པར་རིས་༽ ཀྱིས་བཟོ་སྒྲིག་བྱས་པའི་གློག་བརྙན་དེ་ཕྱི་ལོ་༢༠༡༠ལོ་བཟོ་སྐྲུན་ལེགས་གྲུབ་བྱུང་བ་དང་། གཞན་གློག་བརྙན་གྲངས་༣༠༠ཙམ་དང་འགྲན་སྡུར་བྱས་ནས། ཕྱི་ལོ་༢༠༡༡ལོར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་༨ནང་འཛུལ་ཞུགས་ཐུབ་པ་བྱུང་ཡོད།
ཐོག་མར་ཕྱི་ལོ་༢༠༡༡ཟླ་༡ཚེས་༣༡ཉིན་སི་པན་ལྷོ་ཤར་གྱི་གྲོང་ཁྱེར་མུར་ཀཱའི་ནང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་གི་ཐོག་འཛུལ་ཞུགས་བྱ་རྒྱུར་བདམས་ཐོན་བྱུང་བ་དང༌། དེ་རྗེས་ཕྱི་ལོ་༢༠༡༡ལོར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ལའོ་སི་དང༌། ཁེ་ན་ཌའི་ས་ཁུལ་ཌེ་ཝ་སོན། ནེ་དྷར་ལན་ཌི། ནུབ་ཨེ་ཤ་ཡའི་རྒྱལ་ཁབ་ལེ་བྷ་ནོ། ཤར་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཨུ་གྷན་ཌ། ཨེ་ཊ་ལི། ཨོ་སི་ཊོ་ལི་ཡ་བཅས་ཀྱི་ནང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་གི་ནང་མཉམ་ཞུགས་ཐུབ་པ་བྱུང་ཡོད། བོད་བསམ་པ་ཞེས་པའི་ལས་ཁུངས་དེའི་དྲ་རྒྱའི་ཁ་བྱང་ www.thinktibet.org འདིའི་བརྒྱུད་ཁྱེད་ཀྱིས་གནས་ཚུལ་དེ་ལས་མང་པ་ཤེས་རྟོགས་ཡོང་ངེས་ཡིན། བོད་ཀྱི་ཆ་འཕྲིན་ནས་དྲངས།

Saturday, July 23, 2011

ནོར་ཝེ་ནང་འཇིགས་སྐུལ་གཉིས་བྱུང་བ།



ཁ་སང་ནོར་ཝེ་ཡི་གྲོང་ཁྱེར་ཨོསེ་ལོ་ནང་འབར་རྫས་འགད་འཐོར་གྱིས་མི་༧ བསད་པའི་རྗེས་སུ། ནོར་ཝེ་ཡི་ཨུ་ཋོ་ཡ་Utoeyaཞེས་པའི་མཚོ་གླིང་ཞིག་ཏུ་ཡོད་པའི་གཞོན་སྐྱེས་ཀྱི་སྡོད་སྒར་(གླིང་ཁ་གཏོང་མཁན་རུ་ཁག)ཞིག་ལ་མི་ཞིག་གིས་གང་བྱུང་དུ་མེ་མདའ་རྒྱབ་པ་ལས་མི་གྲངས་༨༤ རྐྱེན་ལམ་དུ་བཏང་འདུག ཡིན་ནའང་ཉེན་རྟོག་པའི་མི་དེ་བཟུང་ནས་དྲི་རྩད་བྱ་ཡི་ཡོད་འདུག

དཔང་མིས་བརྗོད་དོན་ལ། ལག་ཏུ་འཕྲུལ་གྱི་མེ་མདའ་ཁྱེར་བའི་མི་དེས་དང་པོ་མཚོ་གླིང་གི་ཐོག་ལ་ཡོད་པའི་མི་ཚོར་མེ་མདའ་རྒྱབ་པ་དང་། དེའི་རྗེས་ཆུའི་ནང་ཡོད་པའི་མི་ཚོགས་ཀྱི་སྟེང་མེ་མདའ་རྒྱབ་སོང་ཟེར།
རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com