Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com
Showing posts with label སྒྲུང་རྩོམ།. Show all posts
Showing posts with label སྒྲུང་རྩོམ།. Show all posts

Sunday, April 27, 2014

ཁ་དང་གྲོད་ཁོག་འབའ་ཞིག་སྒོ་ཕྱེ་བ།

ར་ས་ཕོ་ཉ།

ཟླུམ་པོ།=རིལ་རིལ་དང་གོར་གོར། བྲལ་བ།==ཁ་བྲལ་བ་ལྟ་བུ། ཡིད་དུ་འོང་བ།==མཛེས་པོ། དལ་བ།==མགྱོགས་པོ་མིན་པ། ཕྱུག་པ།== དཔལ་འབྱོར་ཆེ་བ། ཆིག་ལབ།==སོ་སོས་སོ་སོར་སྐད་ཆ་བཤད་པ། ཟུམ་པ།==མེ་ཏོག་ཁ་རྒྱག་པ་ལྟ་བུ།

འཛམ་གླིང་འདིར་ཁམས་དང་མོས་པ་མི་འདྲ་བའི་སེམས་ཅན་ཇི་སྙེད་ཅིག་ཡོད་མོད་ཀྱང་། མི་ཚེའི་ཉམ་མྱོང་གི་རྐྱེན་པས་སེམས་ཅན་མང་པོ་ཞིག་གི་ཁམས་ཀྱི་ཁ་ཕྱོགས་ནི་གཅིག་ཏུ་བསྒྱུར་ཡོད། ཐེངས་ཤིག་འཛམ་གླིང་འདིར་སེམས་ཅན་རིས་མེད་ཟེར་བ་ཞིག་གསར་དུ་སླེབས་པ་རེད། སེམས་ཅན་དེས་འཛམ་གླིང་ཟླུམ་པོ་དེ་དང་པོར་མཐོང་དུས་དགའ་ཚོར་ཚད་མེད་བྱུང་། གང་ཡིན་ཟེར་ན། ཁོས་ད་བར་གླིང་ཕྲན་མང་པོ་ཞིག་ཏུ་བསྐྱོད་མྱོང་ཀྱང་། དེ་དག་ཕལ་མོ་ཆེ་སྐམ་པོ་བརླན་དང་བྲལ་བ། ཤིང་དང་རླུང་མེད་པ། ཁ་དོག་སྐྱ་བོ་རྐྱང་པ་ཡིན་པ། ནམ་མཁས་རྡོ་དེ་ཚོས་གང་སར་བརྡུང་ནས་ཡོད་པ་དེ་འདྲ་ཡིན།
འཛམ་བུ་གླིང་དེ་ནི་དེ་ལྟར་མ་ཡིན་པར་ཤིན་ཏུ་ཡིད་དུ་འོང་བ། མེ་ཏོག་དང་འབྲས་བུས་རྒྱན་པའི་ཤིང་ནགས་ཀྱིས་ཁེངས་པ། བརླན་ཞིང་ཡང་བའི་གཙང་པོ་དང་། རྒྱ་ཆེ་ཞིང་རྦ་རླབས་འཕྱུར་བའི་རྒྱ་མཚོ། གངས་ཀྱིས་ཐོར་ཅོག་བཅིངས་པའི་རི་བོ་དང་། བསིལ་ཤིང་དལ་བར་རྒྱུ་བའི་མཁའ་རླུང་སོགས་ཀྱིས་ཕྱུག་པ་ཡིན་དུས། རིས་མེད་སེམས་པ་རང་དབང་མེད་པར་ཤོར། རིས་མེད་འཛམ་གླིང་དེ་དང་པོར་འབྱོར་དུས་ཐང་ཆེན་པོ་ཞིག་གི་ནང་།

Tuesday, April 8, 2014

ཁྱི་དང་ཞི་མི།

ར་ས་ཕོ་ཉས་བརྩམས།

ངའི་ནང་གི་ཞི་མིས་ཉིན་ཞིག་བསྡད་མ་ཚུགས་པར་ཁྱིའི་མདུན་དུ་ཕྱིན་ནས། ཧ་ཧ། སྐྱག་རྐུབ་རང་རེད། སྦྱིན་བདག་ལ་སྤྲེལ་ལད་འཁྲབ་འཁྲབ། བསྡད་ས་ནི་སྒོ་འགྲམ་རེད། ཁ་ལག་ནི་རུས་པ་རེད་འདུག ཧུད་ཧུད། ཞེས་རྫིག་པོ་བཤད་པས། ཁྱི་དེ་ཁོང་ཁྲོ་ཟ་ཐག་ཆོད་དེ་ཞི་མི་དེར་མིག་ལོག་གཅིག་བལྟས་པ་ལས་ལན་ཅི་ཡང་མ་རྒྱབ་པར་སེམས་ནང་བཞག་པ་རེད། ཉིན་ཞིག་ཁྱི་དེ་གཅིན་པ་གཏོང་སར་ཕྱིན་པའི་སྐབས། བྱིའུ་ནད་པ་ཞིག་མཐོང་བས་ག་ལེར་ཁའི་ནང་བཞག་ནས་ནང་དུ་ཁྱེར་འོང་བས། ཨ་མ་ལགས་ཀྱིསམགཟིགསམཔ་དང་། སྙིང་རྗེ་ཐག་ཆོད་དེ་ཁྱི་དེ་བཟང་ང་ལ་གསུངས་ནས་ཐུགས་མཉེས་པོ་དང་བྱམས་པོ་གནང་བ་དང་། བྱིའུ་དེ་ཡང་ནང་དུ་གཅེས་ཉར་གནང་བ་རེད། སྐབས་དེར་ཞི་མི་ཕྲག་དོག་ཞེ་དྲག་ཟས་ཀྱང་ཅི་བྱ་མེད་པར་བསྡད་། བྱིའུ་དེ་ཡང་ཉིན་ཤས་རྗེས་ཞོགས་པ་སྔ་པོ་ཞིག་ཤི་ནས་ཡོད་པ་རེད། དེ་ནས་ཉིན་ཞིག་ཞི་མི་དེ་གཅིན་པ་གཏོང་སར་འགྲོ་དུས་ཡང་བྱིའུ་ནད་པ་ཞིག་ཾམཐོང་བས། ཞི་མིས་ཨ་མ་ལགས་ཀྱིས་ཁྱི་ལ་བྱམས་པོ་གནང་སྟངས་དེ་དྲན་ནས་ལམ་སང་ཁ་ནང་ག་ལེར་འཁྱེར་ནས་ནང་དུ་ཕྱིན་པས། ཨ་མ་ལགས་ཀྱི་གཟིགས་མ་ཐག འོ་ཛི། ཞི་མི་མདོག་ཉེས་དེ་བྱིའུ་ཞིག་བསད་གྲབས་བྱེད་ཀྱི་འདུག་གསུངས་ནས་འཕྱག་མ་ཞུས་པས་མ་ཚད། ཁ་སྔོན་གྱི་བྱིའུ་དེ་ཡང་ཞི་མིས་བསད་པ་དོགས་ནས་ཞི་མི་ནང་ནས་ཕྱིར་ཕུད་བཏང་པ་རེད། དེ་དུས་གཞི་ནས་ཞི་མིས་རང་ལ་ཁྱི་དེས་འཁོན་ལན་བསློགས་པ་ཤེས་སོ།།

Sunday, January 30, 2011

༄༅།།འཇིག་རྟེན་ཆུང་ཆུང་ཞིག་གི་རྨི་ལམ།

ཡར་ཀླུང་སྙན་པོ་དབྱངས་སྒྲོལ།


གཅིག

སྐབས་དེར། ཉི་མ་བཞུད་ལ་ཉེ། ཨ་ཅག་མཚོ་མོས་སྒོ་རྭའི་རྭ་སྐྱོར་སྟེར་བརྩིགས་བཞག་པའི་ཤིང་ནས་པང་ཁ་གང་བླངས་ཏེ་ཐབ་ཟུར་དུ་བཞག་ནས་མེ་ཁ་གསོས། དེ་ནས་དགོང་ཇ་བསྐོལ་རྒྱུའི་གྲབས་བྱས། ལྕགས་ཐབ་ལ་དུ་ཁུང་མེད་པས་མེ་འབར་བ་དང་ཆབས་ཅིག་ཐབ་ཚང་ནང་དུ་བས་འཁྲིགས། ཐབ་ཚང་གི་ཐོག་ནི་ལོ་དུ་མའི་དུ་བས་ལྕགས་རྩི་ནག་པོ་བྱུགས་པ་ལྟར་འོད་འཚེར་ཞིང་། ལ་ལར་དུ་བའི་རལ་པ་ཕྲུལ་ཕྲུལ་དུ་དཔྱངས། དུ་བ་དག་རིམ་བཞིན་ཐབ་ཚང་གི་རྩིག་ཁུག་གི་ཐོག་ལ་ཨི་ཁུང་འབིགས་ནས་ཡོད་པའི་ཁུང་བུ་ནས་ཕྱིར་ཐོན་པ་དང་དལ་བ་དལ་བུར་སྣང་ཁམས་སུ་ཡལ།

དེའི་ཚེ། ཉིན་གང་རི་ལ་བསྡད་པའི་བ་ཕྱུགས་དང་། ར་ལུག་རྣམས་ཁྱིམ་དུ་ལོག སྐབས་ཅིག་རིང་གྲོང་ཚོའི་ནང་ལས་ཀའི་བྲེལ་ཟིང་གིས་ཁེངས། ཨ་ཁུ་ཆོས་བཟང་གིས་བ་ཕྱུགས་རྣམས་རང་གི་བྲེས་ལ་བཏགས་པ་དང་། ར་ལུག་རྣམས་ལྷས་རྭར་བཅུག དེ་ནས་བ་ཕྱུགས་རྣམས་ལ་ལྟོ་སྣོན་གཟན་རྩྭ་པང་ཁ་གང་རེ་སྦྱིན། དེའི་རིང་ཨ་ཅག་མཚོ་མོས་བ་བཞོས། བུ་མོ་སྒྲོལ་མས་ཆུ་བླངས། རང་རང་སོ་སོར་འཁྲི་བའི་འཆར་ཅན་གྱི་དགོང་ལས་རྣམས་གྲུབ།

ས་རིབ་པ་དང་ནམ་མཁར་སྐར་ཚོགས་ཁྲ་ཐིང་ཐིང་དུ་ཤར། མི་རྣམས་རིམ་བཞིན་ཐབ་ཀྱི་མཐའ་འཁོར་དུ་འཁོད། ཕྱི་ལོག་ནས་ཁྱིའི་སྨུག་སྐད་ཚ་རུ་ཚ་རུ་སོང་ཞིང་དོན་མེད་ཀྱི་ཀུ་ཅོས་བར་སྣང་ཁེངས།

“ཚོགས་འདུར་ཤོག་”



ས་སྦོག་མཐོ་པོ་ཞིག་གི་སྟེང་ནས་བརྒྱབ་པ་དང་འདྲ་བའི་སྐད་གདངས་རིང་པོ་ཞིག་གཡས་གཡོན་གྱི་བྲག་ཅར་འཐབ་ནས། ཁྱིའི་སྨུག་སྐད་དང་འགྲན་རྩོད་བྱེད་པ་ལྟར་སྣང་། ཨ་ཁུ་ཆོས་བཟང་གིས་ཟོན་པ་འཚེམ་འཕྲོ་དེ་བང་ཁྲིའི་སྟེང་དུ་བཞག མེ་འདག་སྟེང་ཨ་ཅག་མཚོ་མོས་ཚ་སིལ་བཏང་ནས་བཞག་པའི་ཆང་སྣོད་ལས་ཆང་ཕོར་པ་དོ་གསུམ་ཞིག་ཞབས་དག་བརྒྱབ་རྗེས། པགས་གདན་ཞིག་མཆང་འོག་ཏུ་བཅུག ཐང་ཁུག་མཉེད་འཕྲོ་དེ་བླངས་ནས་མཉེད་ཀྱིན་མཉེད་ཀྱིན་ཚོགས་འདུར་ཕྱིན། གྲོང་ཚོའི་ཚོགས་ཁང་ཀ་གཅིག་མ་དེའི་མདུན་གྱི་སྒྲོག་ཙེའི་ཐོག་སྣུམ་བཞུ་ཞིག་སྤར་ཡོད། སྒོ་དང་སྒེའུ་ཁུང་ནས་འཛུལ་བའི་རླུང་བུའི་ཁྲོད་དུ་བཞུ་དམར་གྱི་མེ་ལྕེ་དམར་ལྷེམ་ལྷེམ་གྱིས་གཡས་འདར་གཡོན་འདར་བྱེད།

ཚོགས་འདུར་ཡོང་མཁན་གྱི་མི་རྣམས་གཅིག་རྗེས་གཉིས་མཐུན་དུ་འབྱོར། རང་ཉིད་ཀྱིས་འཁྱེར་བའི་པགས་གདན་དེ་ས་ལ་བཏིང་རྗེས་དེའི་ཐོག་དཀྱིལ་དཀྲུང་དུ་བསྡད། ནམ་རྒྱུན་དང་མི་འདྲ་བར་མདུན་གྱི་སྒྲོག་ཙེའི་ཐོག་ཁ་མར་བསྐོར་ནས་སྡོད་མཁན་ནི་གྲོང་ཚོའི་འགོ་ཁྲིད་མིན་པར་ཤང་ཀྲང་དང་། ཤང་ཀྲང་གཞོན་པ། དྲུང་ཡིག་བཅས་རེད། མདུན་གྱི་སྒྲོག་ཙེའི་ཐོག་ཀོ་ཁུག་ནག་པོ་ཞིག་དང་ཡིག་ཆ་འགའ་བཞག་འདུག སྣུམ་བཞུའི་འོད་གདངས་ཁྲོད་ཤང་ཀྲང་རྡོ་རྗེའི་ངོ་གདོང་ནག་སྨུག་སྨུག་དེ་ཐ་མག་གི་དུ་བའི་ཀློང་ནས་རབ་རིབ་ཅིག་མངོན་པ་དང་། ལག་པས་ཨོག་མ་སྐྱོར་ནས་བསམ་བློ་གང་ཞིག་གཏོང་གི་ཡོད་ཚོད་དུ་སྣང་།

ཨ་ཁུ་ཆོས་བཟང་གིས་རྒྱབ་ཀ་བར་བསྙེས་ནས་བསྡད། ཐང་ཁུག་མཉེད་འཕྲོ་དེ་ལག་པ་གཉིས་ཀྱིས་རེས་མོས་ཀྱིས་ཕུར་མཉེད་བྱས་པས། ཐང་ཁུག་གི་དྲི་མ་སྐྱུར་སིལ་སིལ་ཞིག་ཚོགས་ཁང་ཡོངས་སུ་ཁྱབ། འོག་ཏུ་གནས་པའི་མང་ཚོགས་རྣམས་ཚོར་སྣང་ཅི་ཡང་མེད་རུང་། སྒང་གི་འགོ་ཁྲིད་རྣམས་དྲི་མ་བཟོད་མ་ཐུབ་པར་ཁ་བསྙེར་བསྙེར་དང་སྣ་བསྙེར་བསྙེར་བྱེད་དགོས་ཐུག ཡུད་ཙམ་ནས་ཚོགས་ཁང་ཆུང་ངུ་དེ་མིས་ཁེངས། མང་ཆེ་བ་རྐུབ་བཙུགས་ནས་བསྡད་ཡོད་པ་ཕུད། བུད་མེད་ཁ་ཤས་ཡོག་ལས་འཁེལ་བདེ་བའི་ཆེད་དུ་རྩིག་ལྡེབས་སུ་བསྙེས་ཏེ་ཡར་ལངས་ནས་བསྡད། དེའི་ཚེ། སྒྲོག་ཙེའི་ཟུར་དུ་འཁོད་པའི་ཚོན་ཀྲང་དོན་གྲུབ་ཀྱིས་ཚོགས་རྭ་ཧྲིལ་པོར་མིག་བཤེར་ཞིག་བྱས་ནས་ཚོགས་འདུ་དངོས་སུ་འགོ་ཚུགས་རྒྱུའི་ཁྱབ་བསྒྲགས་བྱས།

“ཝེ། ད་ཚང་མ་ཁ་ཁར་སྡོད། ང་ཚོ་ཚོགས་འདུ་འགོ་འཛུགས་རྒྱུ་ཡིན་”ཟེར།

མི་མང་ཆེ་བ་ཁ་ཁར་བསྡད་ན་ཡང་ཁ་ཤས་ཤིག་ད་དུང་སྐད་རྒྱག་བཞིན་འདུག

“ཝེ། ད་ཁ་ཁར་སྡོད། སྐད་ཆ་ཤོད་འཕྲོ་བསྡད་ཡོད་ན་ཚོགས་འདུ་གྲོལ་ནས་ཤོད་ཅིག་”

ཚོན་ཀྲང་གིས་བསྐྱར་བཤད་ཅིག་བྱས།

བུད་མེད་གཉིས་ད་དུང་ཤབ་ཤུབ་ཏུ་སྐད་ཆ་བཤད་དེ་བསྡད།

“ཁྱོད་གཉིས་སྐད་ཆ་ཤོད་ཡས་ཡོད་ན། སྒང་ལ་ཤོག འདི་ནས་མར་ཤོད”ཚོན་ཀྲང་ཁོང་ཁྲོ་ཅུང་ཙམ་ལངས་པས་བུད་མེད་གཉིས་པོ་ཞེད་ཐག་ཆོད་དེ་མགོ་བོ་སྒུར་ནས་སྣ་ཁུག་ས་ལ་མ་ཐུག་ཙམ་བྱས་ནས་བསྡད། དེ་མུར་ཚོགས་ཁང་ཧྲིལ་པོ་ཁུ་སིམ་མེར་གྱུར།

“བཤད་ན་མི་ཉན། མ་བཤད་ན་མི་གོ ཞེད་སྣང་མེད་ཀྱང་འཚེར་སྣང་ཏོག་ཙམ་གྱིས་དང་”

ཚོན་ཀྲང་གིས་ཐོག་མར་ཤང་དབུ་ཁྲིད་ཀྱི་མདུན་ནས་རྣམ་འགྱུར་སྒམ་པོས་ཚོགས་འདུའི་འགོ་གླེང་དགོས་སྙམ། འོན་ཀྱང་རླུང་ལངས་པའི་སྐད་ཆ་དམ་དུམ་དེ་ཁ་ནས་ཐོན།

ཚོགས་འདུ་དངོས་སུ་འགོ་ཚུགས་ཏེ་ཐོག་མར་དྲུང་ཡིག་གིས་ཉེ་དུས་རྫོང་ནས་གསར་དུ་བཟོས་པའི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཡིག་ཆ་ཁ་ཤས་སྒྲོག་སྦྱངས་བྱས། དེ་ནས་ཤང་ཀྲང་རྡོ་རྗེས་བསྐྱར་དུ་དེའི་ཐད་ནན་བཤད་བྱས་ནས་ཤིང་རློན་པ་གང་བྱུང་དུ་གཅོད་པ་དང་ཤིང་རྩ་བཀོག་གཏོང་བ་སོགས་ཀྱི་གནས་ཚུལ་ལ་སྐྱོན་བརྗོད་ནན་པོ་བྱས་ཏེ་རྗེས་སུ་གནས་ཚུལ་དེ་རིགས་མུ་མཐུད་ལྷག་ཚེ་ཉེས་ཆད་ལྗིད་པོ་གཏོང་རྒྱུ་སོགས་ངོ་གདོང་ནས་ཁྲོ་ཉམས་ཅུང་སྟོན་ཞིང་ཁ་ཟུར་ནས་ཝུ་བ་སྐྱ་ཆིལ་ཆིལ་དུ་ཐོན།

ཤང་ཀྲང་རྡོ་རྗེས་ཤོད་མཚམས་བཞག་སྟེ་ཐ་མག་རྐང་གཅིག་ལ་མེ་སྤར་རྗེས་མདུན་གྱི་ཀོ་ཁུག་ནག་པོ་དེ་ཁ་ཕྱེ་ནས་ཡིག་ཆ་ཞིག་བཏོན། དེ་ནས་ཡིག་ཆར་བལྟ་གིན་དུ།

“དོ་དགོང་གི་ཚོགས་འདུའི་ནང་དོན་གཙོ་བོ་ནི་དེང་སྐབས་ཏང་དང་རྒྱལ་ཁབ་ཀྱི་ཞིང་གསུམ་ལས་ཀར་ཚད་མཐོའི་མཐོང་ཆེན་གནང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་སྲིད་ཇུས་བཟང་པོ་བཏོན་ཡོད། དེ་ནི་རང་རྒྱལ་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་གལ་ཆེའི་མཛད་ཕྱོགས་སྲིད་ཇུས་ཤིག་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་གལ་ཆེའི་ནང་དོན་ཞིག་ཀྱང་རེད། དེང་སྐབས་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་རྣམ་གྲངས་ཁག་ས་ཕྱོགས་ཀུན་ཏུ་ཚ་ཚ་འུར་འུར་ངང་དོན་འཁྱོལ་བྱེད་དང་བྱེད་བཞིན་ཡོད། ང་ཚོའི་རྫོང་ཆ་བཞག་ན་ད་ལྟ་དོན་འཁྱོལ་བྱ་བཞིན་པའི་སྒང་ཡིན༎ དེ་ནི་འགྲིམ་འགྲུལ་སྟབས་བདེ་བའི་ཁྱིམ་དུད་རྣམས་ཁང་པ་གསར་རྒྱག་དང་། འགྲིམ་འགྲུལ་སྟབས་མི་བདེ་བའི་ཁྱིམ་དུད་རྣམས་གནས་སྤོས་བྱ་རྒྱུ་དེ་རེད་”ཅེས་བཤད་པ་དང་ཐ་མག་རྔུབ་འཐེན་བྱེད་ཀྱིན་མང་ཚོགས་ཀྱི་རྣམ་འགྱུར་ལ་བལྟ་ཙམ་བྱས་ཏེ་མུ་མཐུད་བཤད་པར་“ང་ཚོའི་ཤང་གི་ངོས་ནས་བརྗོད་ན། ཁྱོད་ཚོའི་གྲོང་ཚོ་འདི་གཅིག་ནས་རི་སྒང་དུ་གནས་ཏེ་འགྲིམ་འགྲུལ་སྟབས་མི་བདེ་བ་དང། གཉིས་ནས་ཤང་དང་ལམ་ཐག་རིང་ཞིང་ཆ་འཕྲིན་འབྱོར་དཀའ་བ། གསུམ་ནས་ས་ཞིང་རྒྱ་ཆུང་བའི་ཁར་ལོ་ཏོག་གི་ཟང་ངན་གནམ་གྱི་ངོ་ལ་བལྟ་དགོས་པ་སོགས་གང་ཅིའི་ཐད་ནས་དཀའ་ངལ་ཆེ་ཞིང་སྟབས་བདེ་མེད། དེར་བརྟེན་ཁྱོད་ཚོའི་གྲོང་ཚོ་འདི་རི་གཤམ་དུ་གནས་སྤོས་བྱ་དགོས་ངེས་རེད། བྱས་ཙང་དེ་རིང་གྲོས་བསྡུར་ཡག་པོ་ཞིག་བྱེད་དགོས་”ཞེས་བཤད།

སྐབས་དེར། ཚོགས་ཁང་ནང་མི་གསུམ་བཞི་མགོ་རུབ་རུབ་བྱས་ནས་སྐད་ཤུགས་ཆུང་ངུས་ཤབ་ཤུབ་ཤོད་འགོ་ཚུགས། ཡུད་ཙམ་ནས་ཚང་མ་རིམ་བཞིན་མགོ་བོ་ཡར་བཀྱགས་ཏེ་གདོང་པ་འགོ་ཁྲིད་ལ་ཕྱོགས་ནས་ལག་ལས་བྱེད་མཁན་རྣམས་ཀྱིས་ལག་ལས་ཀྱང་ཅམ་མེར་བཞག་ཚང་མས་རང་རང་ལ་གནད་དོན་ཆེན་པོ་ཞིག་ཐུག་པ་ལྟར་ལབ་གླེང་སྣ་ཚོགས་བྱས། ནམ་རྒྱུན་ཁྱིམ་དང་གྲོང་ཚོར་འགན་འཁུར་བསམ་པ་ཏིལ་འབྲུ་ཙམ་ཡང་མེད་པའི་མི་ཁ་ཤས་ཀྱིས་ད་ཐེངས་འཚང་ཁ་བརྒྱབ་ཏེ་གཅིག་མཇུག་གཉིས་མཐུད་ཀྱིས་བཤད།

“བྱས་ན་རི་གཤམ་གྱི་གྲོང་ཚོ་དེ་དག་ནང་བཞིན། མཚན་མོ་སྣུམ་བཞུ་སྤར་མ་དགོས་པར་གློག་བཞུའི་འོག་ཉིན་མོ་བཞིན་སྡོད་རྒྱུ་ཡོག་རེད་”

“དེས་ག་པར་ཚད། བརྙན་འཕྲིན་དེ་ཚོ་བལྟས་ནས་སྐྱིད་ཤང་བྱས་བསྡད་ཆོག་”

“དེ་འདྲ་ཆགས་ན། དགོང་མོ་འུག་པ་ལྟར་གཉིད་མེད་པར་སྡོད་དགོས་རེད་དམ།”

ཚོག་འདུར་སླེབས་པའི་ལོ་གཞོན་ཁག་ཅིག་གིས་རེ་བ་ཆེན་པོས་དེ་ལྟར་བཤད།

“ཧུང་། སེམས་ལ་བསམ་ཚད་བྱས་ན་འགྲིག་ཨེ་ཡོང་། སྔོན་མ་འགྲོ་མགོན་འཕགས་པ་རིན་པོ་ཆེ་འགྲོ་དོན་གྱི་ཆེད་དུ་ས་འདི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པས། ང་ཚོའི་ཕ་མེས་ཡང་མེས་ནས་ད་བར་མི་ཕྱུགས་ཀུན་ལ་བགེགས་བར་ཆད་མེད་པར་འདི་ལྟར་གནས་བཟོད་བདེ་པོའི་ངང་གནས་པ་རེད། ད་དུང་སྤྲུལ་སྐུ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ཀྱང་ས་ཆ་འདི་གསེར་གྱི་གཞོང་པ་རེད་ཅེས་གསུངས་མྱོང་ཡོད། ང་ཚོས་དཀོན་མཆོག་གི་ཞལ་ལ་བརྩི་ན་འགྲིག་གམ་”ཞེས་ཨ་ཁུ་བྱམས་པས་སྨིན་མ་གཟེངས་ཏེ་བཤད།

དེར་མཐུད་དེ་ཨ་ཁུ་ཉིས་མས་ཁ་སྤུ་གྱེན་དུ་གཟེངས་ཤིང་དགོང་པ་དམར་ནག་ཏུ་གྱུར་པའི་ངང་“མ་གཞི་ནས་ང་ཚོ་མི་རབས་ནས་མི་རབས་བར་ས་འདིར་འཚོ་བ་བསྐྱལ་ནས་ད་བར་འཁྱོལ་ཡོད། ང་རང་ལ་མཚོན་ན་གྲོང་ཚོ་འདིའི་ནང་མི་རབས་ཁ་ཤས་སོང་ཡོད་པས་ས་ཆ་གཞན་ལ་སྤོ་འདོད་རྩ་བ་ནས་མེད། རང་ཡུལ་གད་པ་ཡིན་ཡང་སྐྱིད་ཅེས་སྔ་མོའི་གཏམ་དཔེའི་ནང་ཡོད་པ་མིན་ནམ་”ཞེས་བཤད།

“ད་ག་རེད། ང་ཡང་ལོ་རྒན་དྲུག་ཅུའི་ལ་བརྒྱབ་ཚར་བའི་མི་ཡིན། ད་བར་འབྲོག་པས་སྐྱས་སྤོས་ཟེར་བ་ལས་གནས་སྤོས་ཟེར་བ་གོ་མ་མྱོང་། གལ་སྲིད་གནའ་སྔ་མོ་ནས་གཞིས་ཆགས་པའི་གྲོང་ཚོ་འདི་གནས་སྤོས་ན། ལྷ་ཀླུ་གཉན་ཚན་རྣམས་འཁྲུགས་ཏེ་མི་ཕྱུགས་ཀུན་གྱི་མགོ་ལ་བར་ཆད་ཆེན་པོ་ཡོང་ངེས་རེད། དེས་མ་ཚད་གྲོང་ཚོ་ཡོངས་སྟོངས་པའི་ཉེན་ཁ་ཡང་ཡོད། ངས་བྱས་ན་གཉིད་སྐྱིད་པ་ལས་གཉིད་ལམ་འཇམ་པ་དགའ”ཅེས་ཨ་ཁུ་དོན་གྲུབ་ཀྱིས་བཤད།

སྐབས་དེར། མི་ཚང་མས་སྐད་ཆ་དེར་ཧ་ཅང་བློ་མོས་ཀྱི་ཚུལ་བསྟན་པ་དང་། ལོ་གཞོན་རྣམས་ཀྱི་གདོང་ལ་འཇིགས་སྣང་གི་རྣམ་པ་ཞིག་ཤར།

རྩིག་ཁུག་ཏུ་ཙོག་པའི་ཨ་ནེ་སྐྱིད་འཛོམས་ཀྱིས་དཔྲལ་བའི་གཉེར་མ་བསྡུ་བཞིན་མཆུ་ཏོ་ལྷབ་ལྷུབ་ཏུ་འགུལ་ཀྱིན་“ང་ཚོ་རྒན་རབས་ཚོས་མང་པོ་བཤད་ན། གཞོན་སྐྱེས་ཚོས་དགའ་བོ་བྱས་ཨེ་ཡོང་སྙམ་གྱི་འདུག འོན་ཀྱང་རང་གི་མགོ་དང་ལྷག་པར་དུ་ཕྲུ་གུ་ཚོའི་མགོ་བོར་འཁེལ་དུས་མ་བཤད་ཀ་མེད་རེད་”ཅེས་ཟེར་ནས།

ལག་པ་ཁོབ་ཁོབ་དེ་ཚིལ་དྲེགས་ཀྱིས་ཁེངས་པའི་པང་གདན་གྱི་སྣེ་མོར་ཕྱིས་ཙམ་བྱས་ཏེ་སྐད་ཆ་ཤོད་འཕྲོ་དེ་ཉན་རྒྱུར་ཚང་མས་རྣ་བ་གཏད་ནས་ཉན་ཡོད་པས་ཁོ་མོས་མུ་མཐུད་བཤད་པར།

“རྒྱབ་རི་ལྷ་ཤིང་ཤུག་པ་མདུན་ལ་སྤང་རི་སྔོན་པོ། ས་ཆ་སྐྱིད་པོ་འདི་འདྲ་བཞག་སྟེ་གཞན་ལ་འགྲོ་ཕོད་དམ། ས་ཆ་གཞན་ལ་སླེབས་ཚར་ན་སྐབས་ཕྲལ་མེ་ཤིང་གཅིག་ལ་ཆ་བཞག་ནའང་འབུད་ཆོག་ཆོག་ག་པར་ཡོད། མ་གཞི་ནས་མིའི་མི་ཚེ་ཞི་མིའི་ཨ་སྟོང་ཙམ་རིང་དགོས་པའི་ལས་དང་ཆོས་མ་བྱས་པར་མ་དགོས་པའི་ཡུལ་ལྷ་གཞིས་བདག་གི་དགོངས་པ་དཀྲུགས་ན་རྗེས་སུ་འཇིག་རྟེན་ཕྱི་མར་འགྲོ་དུས་ཀྱང་འགྲོ་བདེ་པོ་ཨེ་ཡོང་”ཟེར།

དེ་ནས་རེ་ཞིག་སྐད་ཆ་ཤོད་མཚམས་ཆད་པས་ཚང་མ་མདུན་ཕྱོགས་སུ་བལྟས་ནས་ཤང་ཀྲང་གིས་ཅི་ཞིག་ཤོད་རྒྱུར་སྒུག་བསྡད།

ཤང་ཀྲང་རྡོ་རྗེས་ག་ལེར་ཐ་མག་རྐང་གཅིག་ཁ་ལ་བཅུག་ནས་མི་སྤར། མིག་ཟུར་གྱི་གཉེར་རིས་ཐ་ཐོར་རྣམས་གཅིག་ཏུ་བསྡུས་ནས་བསམ་བློ་གཏོང་བའི་བཟོ་ཞིག་བསྟན།

“ཁྱོད་ཚོས་བསམ་བློ་ཞིབ་མོ་ཞིག་ཐོངས་དང་”ད་ལྟ་ཁྱོད་ཚོའི་གྲོང་ཚོ་འདི་རི་སྣང་དུ་ཆགས་ཡོད། གྲོང་ཚོ་གཞན་དང་བསྡུར་ན་འཐུང་ཆུ་ཞིག་ལེན་པར་ཡང་རི་གཤམ་དུ་འགྲོ་དགོས། མིག་གིས་འཛམ་གླིང་དང་། སེམས་ཀྱིས་མེས་རྒྱལ་བསྐོར་རྒྱུ་ཕར་བཞག མི་རབས་རྗེས་མ་ཚོར་བསམ་གཞིག་ཤིག་བྱས་ན་མ་གཏོགས་ནམ་ཡང་རྗེས་ལུས་དང་རྨོངས་པར་བསྡད་ན་འགྲིག་གམ་ཞེས་ཤང་ཀྲང་གི་ངོ་གདོང་ཟུར་ནས་སྙིང་རྗེའི་ཉམས་ཤིག་མངོན།

“རྗེས་ལུས་དང་རྨོངས་པ་མུན་ནག་ཟེར་བ་ང་ཚོས་ཧ་མི་གོ། གང་ལྟར་ལྟོ་གྲོད་ཁོག་གང་བགྲང་ཙམ་དང་གྱོན་པ་སྒལ་པ་མ་འཁྱགས་ཙམ་བྱུང་ན་དེ་གས་འགྲིག མི་ལ་གཙོ་བོ་དེ་གཉིས་བྱུང་ན་གཞན་པ་གང་དགོས་”ཟེར།

ཨ་ཁུ་བྱམས་པས་དེ་ལྟར་བཤད་མ་ཐག ཨ་ཁུ་ཉི་མས་དེར་མཐུད་ནས།

“མི་ཟེར་བ་དེ་བྱ་བྱེད་འབེལ་ན་བྱེད་རྐང་ཆག་འགྲོ་འགྲོ་འབེལ་ན་སྡོད་ས་ཤོར་ཟེར་བ་རེད། ང་ཚོའི་ཕ་མེས་དང་ཡང་མེས་རྣམས་ནི་བློ་གྲོས་ལྡན་པ་ཤ་སྟག་ཡིན་པས། དེའི་དུས་ལ་གནས་སྤོ་མི་བྱེད་པའི་རྒྱུ་མཚན་ཞིག་ཡོད་རྒྱུ་རེད། ཁོང་རྣམས་པས་གྲོང་ཚོ་འདི་རི་སྒང་དུ་ཆགས་ཡོད་ཀྱང་སྟབས་མི་བདེ་མ་ཤེས་པ་གང་ལ་ཡིན”

“རེད། དེ་འདྲ་མིན་ན་ང་ཚོ་སྔ་ས་ནས་རི་གཤམ་དུ་གནས་ཆགས་ཡོད་ཀྱི་རེད་”

“ང་ཚོའི་ཕ་མེས་ཡང་མེས་ཚོ་འཚོ་བ་འཁྱོལ་སར། ང་ཚོ་དང་ང་ཚོའི་བུ་ཕྲུག་ཚོ་འཚོ་བ་མི་འཁྱོལ་བ་མེད་”

“སྐྱིད་པོ་རང་གིས་མ་བྱས་ན། སྡུག་པོ་མི་ཡིས་གཏོང་གི་རེད”

སྐབས་དེར་ཚང་མས་མཇིང་པ་གླ་ལྤགས་བཞིན་མཉེད་དེ་གཏམ་གླེང་བྱས། ཁ་ཤས་ཀྱིས་རང་ལ་ཤོད་རྒྱུ་མེད་དུས་གཞན་ལས་ལད་མོ་བྱས་ཏེ་བསྐྱར་དུ་གླེང་བས་ཤང་གི་ལས་བྱེད་པ་རྣམས་ཀྱི་ངོ་ལ་རེ་ཞིག་དོན་འབྲས་མི་ཡོང་བ་ཤེས་ཏེ།

“དེ་རིང་ཚོགས་འདུ་འཚོགས་མཚམས་འདིར་འཇོག་རྒྱུ་ཡིན། ཚང་མ་ཁྱིམ་ལ་ལོག་ནས་ཁྱིམ་མི་ཚོ་དང་གྲོས་བསྡུར་ཡག་པོ་བྱེད་དགོས། གོང་རིམ་ནས་ཡིག་ཆ་ཁ་གསལ་སླེབས་སོང་ན་ཚོགས་འདུ་ཡང་བསྐྱར་ཚོགས་རྒྱུ་ཡིན། དེ་རྩིས་ཀྱིས་བསམ་བློའི་ནང་གྲ་སྒྲིག་ཡོད་པ་བྱེད་དགོས”ཞེས་བཤད་མ་ཐག་ཚང་མས་སྐད་ཅོར་རྒྱག་བཞིན་རང་རང་གི་པགས་གདན་མཆང་འོག་ཏུ་བཅུག་པ་དང་། གདན་མེད་པ་རྣམས་ཀྱིས་རྐུབ་ལ་འགོས་པའི་ཐལ་རྡུལ་རྡབ་རྡབ་གཏོང་བཞིན་འཚང་ཁ་ཤིག་ཤིག་གིས་ཕྱིར་དོན།

ཚོགས་ཁང་ཆུང་ངུ་དེའི་ནང་ཐལ་རྡུལ་གྱིས་ཁེངས་ཤིང་། ཐལ་རྡུལ་ཁྲོད་ཤང་གི་ལས་བྱེད་པ་རྣམས་ནི་ཨ་མང་ཐང་ལ་བསྐྱུར་བའི་ཕྲུ་གུ་ལྟར་མིག་ཅེ་རེར་ལུས། སྣུམ་བཞུ་དེས་ཀྱང་སྡུག་མ་ཐེག་པ་ལྟར་འདར་ཡོམ་ཡོམ་བྱེད་བཞིན་འདུག

ཨ་ཁུ་ཆོས་བཟང་ཁྱིམ་དུ་སླེབས་དུས། ཨ་ཅག་མཚོ་མོ་དང་བུ་མོ་སྒྲོལ་མ་གཉིས་ཀྱི་མཐའ་འཁོར་དུ་རུབ་ནས་ཐུག་པ་བསྐོལ་བཞིན་འདུག ཨ་ཅག་མཚོ་མོས་དེ་མུར་བལ་ལས་འཁེལ་རྒྱུ་གཡུག་བཞག་སྟེ་རྫ་མ་ནས་ཆང་ཧུའུ་གང་བཙགས། ཨ་ཁུ་ཆོས་བཟང་སྐད་ཆ་ཚིག་གཅིག་མ་བཤད་པར་ཐབ་ཁུང་གི་ཀ་བའི་འཁྲིས་སུ་བསྙེས་ནས་བསྡད། ཨ་ཅག་མཚོ་མོས་ཆང་ཕོར་པ་གང་བླུགས་ནས་ཨ་ཁུར་སྤྲོད་བཞིན་པར་“ཡང་གྲོང་ཚོའི་ལས་ཀ་ག་རེ་ལངས་འདུག”ཅེས་སུན་སྣང་ལྡན་པའི་ངང་འཆར་ཅན་གྱི་སྐད་ཆ་དེ་དྲིས།

ཨ་ཁུས་ཆང་ཕོར་བླངས་ནས་ཧུབ་འཐུང་ཞིག་བྱས་རྗེས།

“ད་ཡང་ཆུ་རགས་རྒྱག་མཁན་ཡིན་འགྲོ། ང་ནི་རྦད་དེ་ཡིད་ཐང་ཆད་གྱིས། ལོ་ལྟར་རེ་བཞིན་……”ཞེས་བུ་མོ་སྒྲོལ་མས་མི་འདོད་པའི་ངང་ཐབ་ནང་ལྕི་བ་འབུད་ཀྱིན་བཤད།

ཆང་བཏུངས་ཚར་རྗེས། ལག་པའི་སྦར་མོས་རློན་པར་གྱུར་བའི་ཁ་དང་རྨ་ར་ཕྱིས་ཙམ་བྱས། དེ་ནས་བང་ཁྲིའི་སྟེང་ནས་ཟོན་པ་འཚེམ་འཕྲོ་དེ་ཨ་ཅག་མཚོ་མོར་ལེན་དུ་བཅུག་ནས་ཟོན་པ་འཚེམ་གྱིན་ཚོགས་འདུའི་གནས་ཚུལ་རྣམས་བཤད།

“དེ་འདྲ་ཡིན་རོགས་བྱས་ན་དང་ཐོག་ང་ལ་བཅིངས་འགྲོལ་འཐོབ་པ་འདུག”

བུ་མོ་སྒྲོལ་མས་མུ་མཐུད་བརྗོད་པར་“དེ་འདྲ་དངོས་གནས་མིན་ན་ངའི་མི་ཚེ་ཕྱེད་ཀ་ཆུ་ལེན་ལེན་པར་རྫོགས་པ་འདུག གལ་སྲིད་རི་གཤམ་དུ་གནས་སྤོས་བྱས་ན། ཆུ་ལེན་མི་དགོས་པར་གྲོང་ཚོ་གཞན་དང་འདྲ་བར་ཆུ་ཀ་ལ་ནས་བླངས་ཆོག་ཆོག་དང་། ལུད་སྒྱེ་སྒལ་པར་རྔུལ་ནག་འཚིར་འཚིར་དུ་འཁྱེར་མི་དགོས་པར་འཕྲུལ་ཆས་ཀྱིས་དབོར་ཡས་ཡོད། ད་དུང་ལོ་ལྟར་ཆུ་རགས་རྒྱག་པར་འགྲོ་དགོས་ཀྱི་མ་རེད་”ཟེར།

“དེ་འདྲ་ལས་སླ་པོ་ག་པར་ཡོག་རས”ཨ་ཅག་མཚོ་མོས་བལ་ལས་འཁེལ་གྱིན་“སྔོན་མ་ང་ཚོའི་རུ་ཁག་གི་ལུག་ཚང་དེ་ལ་རྒྱབ་ནས་གྲོང་ཚོར་སྤོ་བར་དཀའ་ལས་ཁག་པོ་དེ་འདྲ་བྱུང་སོང་”

“སྤོ་ཐུབ་མིན་ང་ཚོས་བཤད་ཁག་པོ་རེད། ཡིན་ནའི་ཁ་ལ་བདག་པོ་རྒྱག་དགོས། ད་ལྟ་གྲོང་ཚོའི་རྒན་རབས་མང་ཆེ་བས་སྤོ་འདོད་བྱེད་ཀྱི་མི་འདུག་”ཨ་ཁུ་ཆོས་བཟང་གིས་དེ་ལྟར་ཁ་ཏ་བྱས།

དགོང་མོ་དེ་ནས་བཟུང། གནས་ཚུལ་དེ་གྲོང་ཚོའི་གསར་འགྱུར་གལ་ཆེ་ཤོས་སུ་གྱུར། མཐོ་རི་བོའི་རྩེ་ཡི་ལུག་རྫི་ནས་དམའ་ཞིང་ཐང་ནང་གི་ལས་མི་དང་། ཁྱིམ་ཚང་ནང་གི་རྒན་འཁོགས་བཅས་ཀྱིས་དེའི་སྐོར་གླེང་བས། ཧ་ལམ་དུས་བཀག་གི་འབར་རྡེལ་ཞིག་འབར་ཉེན་ཡོད་པ་ལྟར་གྱུར། གལ་སྲིད་གླེང་བུ་རྣམས་ཕྱོགས་བསྡོམས་བྱས་ན། ལོ་གཞོན་རྣམས་གནས་སྤོ་བྱེད་པར་ཅུང་འཐད་ཀྱང་། ལོ་རྒན་ཚོས་གནས་སྤོ་བྱེད་རྒྱུར་འདོད་པ་གཏན་ནས་མེད་པ་རེད།

གཉིས།
གཟའ་འཁོར་གཅིག་གི་དུས་ཡན་འདས།
ཤང་ཀྲང་རྡོ་རྗེ་སོགས་ལས་བྱེད་མི་གསུམ་པོ་སླར་ཡང་རྫ་རི་གྲོང་ཚོར་སླེབས། ད་ཐེངས་ཁོ་ཚོའི་གདོང་ལ་རེ་བས་ཁེངས་བཞིན་ཚོགས་ཁང་ཆུང་ངུ་དེའི་རྐུབ་བཀྱག་ཐོག་བློ་བདེ་པོར་འཁོར། མང་ཚོགས་རྣམས་སྔར་དང་མི་འདྲ་བར་ཁུ་སིམ་མེར་འགོ་ཁྲིད་ལ་བལྟས་ནས་བསྡད།

“གྲོང་ཚོ་གནས་སྤོ་བྱ་རྒྱུའི་ཐད། དེ་སྔོན་ཐེངས་གཅིག་ཞུས་ཟིན་པ་ཡིན། ཚང་མས་བསམ་བློའི་གྲ་སྒྲིག་ངེས་ཅན་ཞིག་བྱས་ཡོད་ཤག་རེད་ཟེར་བས། དེ་མུར་མང་ཚོགས་ཚོས་མགོ་བོ་ཕར་ཡོ་ཚུར་ཡོ་བྱས་ནས། ཤབ་ཤུབ་ཀྱི་གླེང་མོལ་བྱེད་འགོ་ཚུགས་པས། ཤང་ཀྲང་རྡོ་རྗེའི་སྐད་ཆ་ལྷགས་རླུང་གིས་སྨུག་སྤྲིན་དེད་པ་བཞིན་ཡལ་བར་གྱུར། ཡུད་ཙམ་སོང་རྗེས་འོག་གི་གླེང་མོལ་ཇེ་ཉུང་དུ་སོང་བས་ཤང་ཀྲང་གིས་ཚོན་ཀྲང་ལ་མིག་བརྡ་ཞིག་བྱས།

དེའི་ཚེ། ཚོན་ཀྲང་གིས་“ཝེ། ད་ལྟོགས་ཅོར་མ་རྒྱག གནས་ལུགས་རྒྱུ་མཚན་དང་བསམ་འཆར་དྲངས་རྒྱུ་ཡོད་ན་མཇུག་ཏུ་ཤོད་ཅིག”ཅེས་བཤད།

སྐབས་དེར། ཚང་མ་ཁུ་སིམ་མེར་གྱུར་རྗེས་མུ་མཐུད་བཤད་པར་“ཚང་མས་སྔོན་ལ་ཡག་པོ་བྱས་ཏེ་གསན་རོགས། ད་རེས་གོང་རིམ་གྱི་ཡིག་ཆའི་ནང་ང་ཚོའི་རྫོང་ཡོངས་ཀྱི་འགྲིམ་འགྲུལ་མི་བདེ་བའི་གྲོང་ཚོ་རྣམས་ད་ལོ་དང་དུས་སང་ལོ་གཉིས་ནང་ཚང་མ་འགྲིམ་འགྲུལ་སྟབས་བདེ་བའི་གཞུང་ལམ་དང་ཉེ་སར་གནས་སྤོ་བྱེད་དགོས་པ་དང་……”

ཤང་ཀྲང་གིས་རང་ཉིད་ཀྱིས་གོང་རིམ་གྱི་ཚབ་བྱས་ནས་བཤད་པའི་སྐད་ཆ་དག་མང་ཚོགས་ཀྱི་བློ་ལ་ཡག་པོ་བབས་རྒྱུར་སྐད་ཆའི་འགོ་ཡག་པོ་ཞིག་འཛུགས་ཐུབ་མ་སོང་སྙམ་ཏེ་ཅུང་ཟད་འགྱོད་པ་སྐྱེས། འོན་ཀྱང་བརྒྱབ་ཚར་བའི་མདའ་དང་། བཤད་ཚར་བའི་གཏམ་ཡིན་པས་སྐད་ཆའི་མཚམས་མ་བཅད་པར་མུ་མཐུད་བརྗོད་པར་“དེ་ནི་ཏང་དང་རྒྱལ་ཁབ་ནས་ང་ཚོར་ཐུགས་འཁུར་གཟབ་བཞེས་གནང་བ་ཞིག་རེད། དེར་བརྟེན། གནས་སྤོ་བྱེད་པར་སེམས་ཁག་པོ་བྱེད་མི་དགོས། གང་ཡིན་ཟེར་ན། གནས་སྤོ་བྱེད་པར་རྒྱལ་ཁབ་ནས་རོགས་སྐྱོར་དངུལ་ཕོན་ཆེན་གཏོང་རྒྱུ་རེད་”ཟེར་བས།

ཚོགས་ཁང་ཆུང་ཆུང་དེའི་ནང་དུ་རེ་ཞིག་འཇམ་ཐིང་ངེར་གནས་ཞིང་། ཕྱི་རོལ་དང་མི་འདྲ་བའི་མཁའ་རླུང་མཐུག་པོ་ཞིག་འཁྲིགས་ཡོད་པའི་སྣང་བ་སྟེར། སྒྲོག་ཙེའི་སྟེང་གི་སྣུམ་བཞུས་ཀྱང་འགུལ་སྐྱོད་ཅི་ཡང་མེད་པ་ལྟར་རང་ནུས་ཡོད་རྒུས་འོད་མདངས་སྦྱིན་བཞིན་མཆིས།

མུ་མཐུད་བརྗོད་པར་“ང་ཚོ་ཤང་ནས་གྲོས་བསྡུར་བྱས་ཏེ་ད་ལོ་ཚང་མ་གནས་སྤོ་བྱ་རྒྱུའི་འཆར་གཞི་བཏིངས་ཟིན། ཉིན་ཤས་རྗེས་ནས་དུས་ཚོད་གཏན་འཁེལ་བཟོས་ཏེ་རི་གཤམ་དུ་ས་ཆ་རྩིས་ལེན་བྱེད་པར་འགྲོ་དགོས་པས། དེ་རྩིས་ཀྱི་བསམ་བློའི་ནང་གྲ་སྒྲིག་ཡོད་པ་བྱེད་དགོས”ཟེར།

སྐབས་དེར། རང་རང་སོ་སོར་གནད་དོན་ཅི་ཞིག་ཐུག་པ་ལྟར་ཚང་མས་ཕན་ཚུན་ཤབ་ཤུབ་ཏུ་གླེང་ནས། རིམ་བཞིན་སྐྱ་ཀའི་ཚང་ལ་རྡོ་ཕོག་པ་བཞིན་སྐད་ཅོར་དང་། ཟང་ཟིང་གིས་ཁེངས།

ཨ་ཁུ་བྱམས་པས་“ད་འདུག་སེ་བསྡད་ན། ལུང་པ་སྤུ་ཡོད་དེ་བསྐྱལ་ཉེན་འདུག”སྙམ་ནས་མགོ་བོ་ཡར་བཀྱག་ཏེ་ལག་པ་གནམ་ལ་འཕྱར་ནས་“ལོ་བཅུ་བརྒལ་བའི་བོང་རྒན་ལ་ཤེད་ཤུགས་མེད་ཀྱང་ལོ་རྒྱུས་ཡོད། གལ་སྲིད་རྒྱལ་ཁབ་ནས་འགྲོ་གྲོན་བཏང་སྟེ་ཁང་པ་ལྷ་ཁང་ལྟ་བུ་ཞིག་བཞེངས་ཀྱང་ས་ཞིང་མེད་ན་གང་བཟའ། ལས་བྱེད་པ་ཞིག་ཡིན་ན་རྒྱལ་ཁབ་ཀྱི་གླ་ཕོགས་ལེན་རྒྱུ་ཡོད། འོན་ཀྱང་ང་ཚོ་ཞིང་པ་ལ་གླ་ཕོགས་སུས་སྤྲད། ཕྱིའི་ས་ཞིང་དང་ནང་གི་དུད་འགྲོ་ལ་མ་བརྟེན་ན་གྲོད་ཁོག་སུས་བརྒྱངས་ཀྱི་རས་”ཞེས་ཁ་སྣ་ལག་པས་ཕྱིས་ཙམ་བྱས།

ཚོགས་ཁང་ནང་རེ་ཞིག་ཁུ་སིམ་པོར་གནས་ཞིང་། སྔར་ནས་མི་རྒན་གྱིས་སྐད་ཆ་ཤོད་དུས། གཞོན་པ་རྣམས་ཁ་ཁར་སྡོད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་ཡོད་པ་འདྲ།

དེར་མཐུད་ཨ་ཁུ་ཉི་མས་ཨ་ཁུ་བྱམས་པའི་སྐད་ཆར་རྒྱབ་སྐྱོར་བྱེད་པའི་ཚུལ་གྱིས“རེད། ས་ཞིང་མེད་ན་གང་བཟའ། ད་ཆ་ང་ཚོའི་གྲོང་ཚོར་ས་ཞིང་མུའུ་བརྒྱ་ལྷག་ཙམ་ལས་མེད། དེར་ད་དུང་ལོ་ལྟར་ཆུ་ལོག་གི་གནོད་འཚེ་འཕྲད་ནས་ལོ་གཅིག་གི་འཚོ་བ་འདང་ལ་མ་འདང་རེད། གལ་སྲིད་རི་གཤམ་དུ་གནས་སྤོས་བྱས་ན་དེར་གྲམ་ཐང་ཡིན་པས། ཨེ་ནི་ཁང་སྟོང་མགོ་ལ་གྱོན་ནས་ལྟོགས་སྒོམ་བརྒྱབ་བསྡད་པས་མ་བྱུང་”ཟེར།

ཨ་ནེ་སྐྱིད་འཛོམས་ནི་ནམ་རྒྱུན་ནས་ཁ་སྡོད་མི་ཚུགས་མཁན་ཞིག་ཡིན་པས་“ཨུན”ཞེས་གློ་བསངས་ཤིག་བརྒྱབ་ནས་སྐད་ཆ་ཤོད་རྒྱུའི་བརྡ་ཞིག་བསྟན་རྗེས་“ས་ཆ་གཞན་ལ་ཁྱིམ་གཞིས་ཆགས་དགོས་ཟེར་ན། བཟའ་མི་གང་བོ་མུག་གེས་འཆི་སྲིད། གང་ལྟར་ཁང་པ་རྒྱལ་ཁབ་ནས་སྟེར་ཆོག་ཟེར་ཡང་ཁས་ལེན་གྱི་མིན། དེ་བས་གཡང་ས་དཀར་པོ་རང་ལ་བསྡད་ན་བཟང་བས། སུ་ཡིན་ནའང་བསམ་བློ་སྔོན་ལ་གཏོང་རྒྱུ་གལ་ཆེ་”ཞེས་བཤད་པས་ཚང་མའི་སེམས་ལ་ལྗིད་ཏིག་ཏིག་གི་འཁུར་བོ་ཞིག་བསྐུར་བ་ལྟར་གྱི་སྣང་བ་ཞིག་བྱུང་།

མདུན་གྱི་ལས་བྱེད་གསུམ་པོའི་བློ་ཕམ་གྱི་གདོང་ཤ་ལྷོད་ཅིང་། མིག་ཟུང་གི་ཟུར་ལས་རེ་ཐག་ཆད་པའི་ངང་ཚུལ་ཞིག་མངོན་ཡོང་། ཚོགས་འོག་ནས་རྣར་ཉན་མི་འདོད་པའི་སྐད་ཆ་མང་པོ་ཞིག་ཁྱབ་ཡོང་བས། སུན་སྣང་གིས་ཨམ་ཅོག་ཀྱང་བཀབ་དགོས་བྱུང་།

ཤང་ཀྲང་རྡོ་རྗེའི་སྐད་ཆའི་འཆར་གཞི་རྦད་དེ་འཁྲུག་དང་ཐོག་ཁོས་གྲོང་ཚོ་གནས་སྤོས་བྱས་ཚར་རྗེས་གོང་རིམ་ནས་ཞིང་ཁ་གསར་སྤོལ་བྱ་རྒྱུ་དང་། དེ་ནས་ལམ་ཆུ་ཡུར་བཟོ་རྒྱུ། གློག་འཁྲིད་རྒྱུ། ཁྱིམ་ཚང་མི་རེ་ངོ་རེའི་ནང་ཆུ་ཀ་ལ་འཛུགས་རྒྱུ་སོགས་ཀྱི་འཆར་གཞི་རྣམས་ཤོད་རྩིས་ཡོད་མོད། ལོ་རྒན་ཚོའི་ཨུ་ཚུགས་དང་། དེའི་རྗེས་སུ་འབྲངས་མཁན་ལོ་གཞོན་ཚོའི་སྐད་ཅོར་གྱིས་ཤོད་འདོད་མེད་པར་གྱུར་པ་དང་། ཨམ་ཅོག་ནང་གསེར་བླུགས་ཀྱང་ཧ་མི་གོ་བའི་བོང་རྒན་དེ་ཚོར་བརྒྱ་བཤད་སྟོང་བཤད་བྱས་ཀྱང་ཕན་ཐོགས་རྒྱུ་མིན་འདུག་སྙམ་ནས་སླར་ཡང་ལས་རོགས་གཉིས་མཉམ་དུ་ཇི་ལྟར་བྱ་དགོས་མིན་ཐད་ལ་གྲོས་བྱས།

ཡུད་ཙམ་སོང་རྗེས། དྲུང་ཡིག་གིས་རྣམ་འགྱུར་ཡ་མ་ཟུང་ཞིག་སྟོན་ནས་“ཁ་ཁར་བཞུགས་རོགས་……ཝའེ་……ད་སྐད་ཆ་མང་པོ་ཤོད་པའི་དགོས་པ་མི་འདུག་གནས་སྤོ་བྱེད་འདོད་ཡོད་ན་ཡར་ཐོ་འགོད་པར་ཤོག་”ཅེས་གདོང་ལ་མི་འདོད་པའི་ཉམས་ཤིག་ཤར་བཞིན་བཤད།

མང་ཚོགས་ཀྱི་ཁྲོད་དུ་གྲགས་འགུལ་ཅི་ཡང་མ་བྱུང་བས། ལོ་རྒན་ཁ་ཤས་ཀྱི་གདོང་ལ་རྒྱལ་ཁའི་འཛུམ་མདངས་སམ་སྤོབས་པ་ཞིག་རྒྱས་འདུག

ཤང་ཀྲང་རྡོ་རྗེས་དེའི་ནང་གནད་དོན་ཞིག་ཡོད་པ་ཤེས་ནས་“དེའི་ཐད་མི་སུ་ཞིག་ལ་བསྟུན་དགོས་མེད། སོ་སོའི་རང་དབང་རེད། དོན་ངོ་མ་བཤད་ན་རྒྱལ་ཁབ་ཀྱིས་ཁྱོད་ཚོ་ལུས་བདེ་སེམས་སྐྱིད་ཡོང་རྒྱུར་ཐུགས་ཁུར་གནང་བ་ལས། ཁྱོད་ཚོ་སྡུག་ལ་སྦྱར་བ་ཞིག་མ་རེད་”ཅེས་སྐད་ཆ་མགོ་བོའི་དཀྱིལ་ནས་ཐོན་འགྲོ་བ་བཞིན་ངང་རྒྱུས་རིང་པོས་བཤད་པས་གློ་བུར་དུ་“ང་གནས་སྤོས་བྱ་རྒྱུར་མོས་མཐུན་ཡོད་”ཅེས་གློ་བུར་དུ་ཚོགས་རྭའི་དཀྱིལ་ནས་དེ་སྐད་གྲགས་པས། མི་ཚང་མ་ཧ་ལས་མོད་ཤང་གི་ལས་བྱེད་པ་གསུམ་པོ་ཟུམ་ལ་ཉེ་བའི་མིག་ཀྱང་སྒོར་དུ་ཕྱིན། སྒྲོག་ཙེའི་སྟེང་ནས་མར་སྒུར་ཏེ་བལྟ་དུས་དེ་ནི་ཨ་ཁུ་ཆོས་བཟང་རེད།

ཨ་ཁུ་ཆོས་བཟང་གི་སེམས་ནང་སྔར་ནས་བུ་བསྟན་འཛིན་གྱིས་བཤད་པའི་མངགས་ཆ་ཞིག་ཡོད་པ་སྟེ། བུ་བསྟན་འཛིན་ནི་གྲོང་ཁྱེར་ནང་སློབ་གྲྭར་ཡོད་པས། ཁོས་ཟེར་ན་དེང་སྐབས་རྒྱལ་ཁབ་ནས་མ་དངུལ་འབོར་ཆེན་བཏང་སྟེ་ཞིང་འབྲོག་ཁུལ་ལ་ཁང་པ་མང་པོ་རྒྱག་བཞིན་ཡོད་པ་དང་། ལོ་ཤས་སོང་བའི་རྗེས་ལ་རྒྱལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོར་སྤྱོད་གོ་ཆེ་ལ། དཀར་ཆ་དོད་པའི་སྡོད་ཁང་གསར་པའི་ནང་སྡོད་ཐུབ་པ་བྱ་རྒྱུ་རེད་ཟེར། ཁོའི་སློབ་གྲོགས་ཤིག་གི་ལུང་པ་ནི་དེ་སྔ་རི་ལྡེབས་སུ་ཆགས་ཡོད་པ་དང་། ད་ཆ་རི་གཤམ་གྱི་རྒྱ་ལམ་གྱི་གཡས་གཡོན་དུ་གནས་སྤོས་བྱས་ཡོད་པས་མ་ཚད། ཁང་པ་ཚང་མ་ཉིས་ཐོག་ཤེལ་ཁྲ་ཅན་ཡིན་པ་དང། ད་དུང་དེ་སྔ་ཐང་རྒོད་ཡིན་པའི་ས་རྒྱ་ཆེན་པོ་དག་འཕྲུལ་ཆས་སྣ་ཚོགས་ཀྱིས་ས་ཞིང་བཟོས་ཐོག་ཆུ་ཡུར་འཁྲིད་པ་མ་ཟད་གློག་དང་འཐུང་ཆུ་ཡང་ཡོད་པ་བཟོས་ནས་ད་ཆ་ཁྱིམ་ཚང་ནང་བརྙན་འཕྲིན་སོགས་དེང་རབས་ཅན་གྱི་ཁྱིམ་ཆས་མ་ཚང་བ་མེད་པས། ངོ་མ་ལུས་བདེ་སེམས་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་ཟེར་ལ། ངས་བྱས་ན་རིང་མིན་ང་ཚོའི་གྲོང་ཚོ་ཡང་གནས་སྤོས་བྱ་ངེས་པས། པ་ཕ་རང་གིས་སྔོན་ཚུད་ནས་གནས་སྤོ་བྱ་རྒྱུའི་ཐོ་བཀོད་ན་དེ་རྩིས་ཀྱི་ཡག་པ་ཡོད་ཟེར་བ་དེ་རེད།

ཨ་ཁུའི་བསམ་བློའི་ནང་སྔོན་ཚུད་ནས་གནས་སྤོ་བྱ་འདོད་ཡོད་མོད། འོན་ཀྱང་བློ་ཐག་མ་ཆོད་པར རྫ་ཁོག་གློད་ན་ཆག མ་གློད་ན་ལག་པ་འཚིག ཞེས་པ་ལྟར་མི་ཁ་འཁོར་དོགས་ཀྱིས་ཁ་རོག་མི་སྡོད་ཀ་མེད་ཐུག ཏག་ཏག་ཤང་ཀྲང་གིས་དེ་ལྟར་བཤད་པས། ཁོས་བློ་ཐག་ཆོད་པོའི་སྒོ་ནས་“ང་གནས་སྤོས་བྱ་རྒྱུར་མོས་མཐུན་ཡོད་”ཅེས་པའི་སྐད་ཆ་དེ་ཐོན།

ཁོས་“གང་ཡིན་ཟེར་ན། གཅིག་ནས་ང་ཚོའི་གྲོང་ཚོ་འདི་རི་སྒང་དུ་ཆགས་པས་ཆུ་ཉེན་ཆེ་ཞིང་། ཆར་པ་འབྲིང་ཚད་ཅིག་བབས་ན་ཡང་ཆུ་རྣམས་སྡོད་མ་ཐུབ་པར་གང་སར་རྒྱུག་པ་དང་། ཞིང་ས་རྣམས་ཐུར་དུ་འཁྱེར་ནས་བལྟ་རྒྱུ་འདི་རྒྱུ་མེད་པ་བཟོ་གི་ཡོད། སྟོན་ཀ་ལོ་ཏོག་ལག་ཏུ་ལེན་དུས་ཕྱེད་ཡོད་ཕྱེད་མེད་མ་རེད་དམ། ཡང་ཆར་པ་མ་འབབ་ན་ཞིང་ཆུ་གནམ་ལ་བརྟེན་དགོས་པས་གང་སྡུག་སྡུག་རེད། གཉིས་ནས་ཤང་དང་ལམ་ཐག་རིང་ལ་འཕྲུལ་ཆས་རིགས་ཡོང་ས་མེད་པས་གང་ཅིའི་ཐད་དཀའ་ངལ་འཕྲད་ཀྱི་ཡོད། དཔེ་ཆ་བཞག་ན། མི་གཅིག་ནད་ཀྱིས་མནར་དུས་ལམ་སེང་ཨེམ་རྗེ་བསྟེན་མི་ཐུབ་པ་མ་ཟད། ཨེམ་རྗེ་སྐད་གཏོང་བའམ་ཨེམ་རྗེའི་སར་འགྲོ་བའི་བར་ལ་མིའི་ཚེ་སྲོག་ལ་ཉེན་ཁ་འཕྲད་ཀྱི་ཡོད་། གསུམ་ནས་……”ཞེས་ཤོད་པའི་སྐབས་དེར།

“ཨུན་……”ཞེས་གློ་བུར་དུ་ངུ་སྐད་རྣར་གཟན་པ་ཞིག་གྲགས་བྱུང་།

ཚང་མས་ངུ་སྐད་རྒྱག་སའི་ཕྱོགས་སུ་བལྟ་དུས། དེ་ནི་ཨ་མ་ཆོས་སྐྱིད་ཀྱི་བུ་མོ་ཚེ་གཡང་རེད། ཚང་མས་ཁོ་མོ་ངུ་བའི་རྒྱ་མཚན་གསལ་པོ་ཤེས། ཁོ་མོའི་ཨ་ཅག་གྲོངས་ནས་བདུན་ཚིག་གསུམ་པའང་ཟིན་མེད། ངོ་མ་མི་རྣམས་སེམས་སྡུག་དགོས་པ་ཞིག་སྟེ། ཨ་ཅག་དེ་ལོ་ན་ཉི་ཤུ་ལྷག་ཙམ་ལས་སོན་མེད་ཅིང་། ཕྲུ་གུ་སྐྱེས་སྐབས་སྟབས་མ་ལེགས་པར་ཁྲག་མང་པོ་ཤོར། དེ་དུས་དྲག་འགོག་པའི་ཐབས་ཤེས་སུ་ལ་ཡོད། གཞོན་སྐྱེས་རྐང་མགྱོགས་ཁ་ཤས་ཀྱིས་ཤང་དུ་ཨེམ་རྗེ་འབོད་པར་ཕྱིན་ཀྱང་། ཨེམ་རྗེ་སླེབས་མ་ཚར་གོང་མཆུ་ཏོ་དང་བཞིན་མདངས་ཐལ་སྐྱར་གྱུར་ཅིང་། ཟུངས་ཁྲག་དོན་མཚམས་ཆད་ནས་དེར་ཡོད་ཀྱི་སྤུན་ཉེ་དང་ཕྱི་མི་རྣམས་ཀྱིས་མིག་གིས་མཐོང་སར་འཇིག་རྟེན་ཕྱི་མའི་ལམ་དུ་ཆས། གསར་དུ་བཙས་པའི་ཚེ་སྲོག་ཆུང་ངུ་དེ་ནི་ཟུར་གྱི་ཉལ་ཁྲིའི་ཐོག་ནས་འཇིག་རྟེན་མི་ཡུལ་དུ་སླེབས་པའི་དགའ་སྣང་གིས་རྐང་རྐྱང་ལག་རྐྱང་བྱེད་པས་སྐབས་དེའི་འཁུར་དུ་མི་བཟོད་པའི་སྡུག་བསྔལ་ལ་སྣང་དོགས་ཅི་ཡང་མ་མཆིས། “མུ་གེའི་གང་ལ་ཟླ་ལྷག”ཅེས་པའི་དཔེ་ལྟར་སྐབས་དེར་ཁྱོ་ག་དེ་ཡང་རང་གི་ཡུལ་དུ་ལོག

“ཨུན”

ཚེ་གཡང་གི་ངུ་སྐད་ཇེ་ཆེར་ཕྱིན།

ཚོན་ཀྲང་གིས་གནས་ཚུལ་སྟབས་མི་ལེགས་པ་དེ་ཤང་ཀྲང་ལ་བཤད། ཤང་ཀྲང་རྡོ་རྗེ་སེམས་ཀྱིས་མ་བཟོད་པར་ཁོ་མོ་ཁྱིམ་དུ་བསྐྱལ་དགོས་པའི་བརྡ་བཏང་། བུ་མོ་གཉིས་ཀྱིས་ཁོ་མོར་སེམས་གསོ་བྱེད་བཞིན་གཡས་སྐྱོར་གཡོན་སྐྱོར་ངང་འཁྲིད་ཕྱིན།

“ཁྱེད་རང་ཐོ་འགོད་པར་ཕེབས་རོགས་གནང་”

ཤང་གི་ལས་བྱེད་པ་གསུམ་པོའི་ངོ་གདོང་ནས་བདེན་དོན་དང་རྒྱལ་ཁའི་རྣམ་འགྱུར་ཞིག་མངོན་ཡོང་བ་དང་།

དྲུང་ཡིག་གིས་ཨ་ཁུ་ཆོས་བཟང་ལ་དེ་སྐད་སྨྲས།

“གྲུབ་ཐོབ་འགྲོ་འགྲོ་མང་ན། སྲིན་པོའི་ཡུལ་ལ་སླེབས་ཡོང་”

ཐོག་མར་ཨ་ཁུ་ཆོས་བཟང་གིས་གནས་སྤོ་བྱ་རྒྱུའི་འདོད་ཚུལ་ཤོད་སྐབས། གཏམ་དཔེ་དེ་ཨ་ནེ་སྐྱིད་འཛོམས་ཀྱི་མཆུ་ཏོའི་རྩེ་ནས་ཐོན་ཆོག་ཆོག་ཏུ་གནས། རྒན་འཁོགས་ཁ་ཤས་ཀྱང་མོས་པའི་སྐད་ཆ་ཤོད་རྒྱུར་གྲ་སྒྲིག་བྱས་ནས་བསྡད་ཡོད། འོན་ཀྱང་། གློ་བུར་གྱི་ངུ་སྐད་དེ་བདེན་དོན་གྱི་སྟ་རེ་ཞིག་དང་འདྲ་བར་ཁོ་ཚོའི་ཨུ་ཚུགས་ཀྱི་སྡོང་པོ་ལྷོག་ལྷོག་ཏུ་བཅད་པ་དང་། ཨ་ཁུ་ཆོས་བཟང་གི་སྐད་ཆའི་རྒྱབ་རྟེན་ལྟ་བུར་གྱུར་པས། སྐད་ཆ་ཁོག་ཏུ་མིད་དེ་མཆུ་ཏོ་མུར་ཙམ་རེ་བྱེད་དགོས་ཐུག

“ཁྱེད་རང་གི་མིང་འབྲི་ཤེས་སམ”

“མི་ཤེས”དྲུང་ཡིག་གིས་ཨ་ཁུ་ཆོས་བཟང་གི་ཚབ་བྱས་ཏེ་མིང་བྲིས་“མིང་གི་སྟེང་མཛུབ་ཐེལ་ཞིག་བརྒྱབ་དང་།”“ཨ་ཁུ་ཆོས་བཟང་གིས་རང་གི་མིང་སྟེང་མཛུབ་ཐེལ་དམར་སྒོར་རེ་ཞིག་བརྒྱབ”

“ད་དུང་ཐོ་འགོད་མཁན་ཨེ་ཡོད”

ཤང་ཀྲང་གིས་རེ་བའི་མིག་ཟུང་གིས་མང་ཚོགས་ལ་བལྟས།

“ང་ཡོད་”གྲོང་ཚོའི་བུད་མེད་ཀྲུའུ་རེན་ཨ་ཅག་པད་སྒྲོན་གྱིས་“ངས་འདིར་རང་ཉིད་འཇོན་མདོག་བྱས་ཏེ་ཐོ་འགོད་པ་མིན། ཚང་མས་བསམ་བློ་ཐོངས་དང་། ཤང་སློབ་ཆུང་དུ་སྡོད་མཁན་གྱི་ང་ཚོའི་སློབ་ཕྲུག་ཚང་མ་ལོ་བཅུ་གཉིས་མན་ཆད་ཀྱི་སློབ་མ་ཞེ་ཅིག་རེད། ངལ་གསོའི་དུས་ཚོད་སླེབས་དུས་རི་ཡར་འཛེགས་མར་འབབ་བྱེད་དགོས་པའི་རྐྱེན་གྱིས་ཕྲུ་གུ་ཚོ་ཁྱིམ་དུ་ལོག་ཡོང་ཐུབ་ཀྱི་མེད། གལ་སྲིད་དགེ་རྒན་གྱིས་དུས་ཚོད་སྔ་བསྣུར་གྱིས་སློག་ནས་ཁྱིམ་དུ་སླེབས་ན་སློབ་གྲྭར་འགྲོ་སྐབས་ལམ་ཐག་ལ་འཛེམས་ནས་མུ་མཐུད་སློབ་གྲྭར་འགྲོ་འདོད་མི་བྱེད། ཁ་ཤས་ཁྱིམ་ནས་ཨུ་ཚུགས་ཀྱིས་བཏང་ཡང་སློབ་བྱོལ་དུ་སོང་སྟེ་ལུག་རྫི་དང་བ་རྫིའི་རྗེས་སུ་ཕྱིན། ད་དུང་ཁ་ཤས་ཀྱིས་ངུས་ནས་རྩ་བ་ནས་མི་འགྲོ། དེར་བརྟེན་ང་ཚོའི་གྲོང་ཚོའི་ཡིག་རྨོངས་ཇེ་མང་ནས་ཇེ་མང་དུ་འགྲོ་གིན་ཡོད། དེ་ལྟར་མུ་མཐུད་བྱས་ན་ཕྱིས་འབྱུང་ང་ཚོའི་མི་རབས་ཕྱི་མ་གང་འདྲ་ཞིག་ཆགས་ཀྱི་རེད་”ཅེས་བཤད་པས་ཤང་ཀྲང་གིས་ཡིད་འཚིམ་པའི་མགོ་བོ་ལྕོག་ལྕོག་བྱས།

དེར་མཐུད་ནས་ཨ་ཁུ་པད་མས་“ང་ཚོ་ག་ཚོད་ཀྱི་སྐྱིད་པོ་ཡོད་ཟེར་ནའང་། ནམ་ཉིན་མཚན་མེད་པར་ལྟོ་གོས་ཐོག་ལ་སེམས་ཁྲལ་རྒྱག་དགོས། ངས་བལྟས་ན། གོང་རིམ་ནས་ང་ཚོ་རི་གཤམ་དུ་སྤོས་ཟེར་བ་ལའང་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན་”

“གལ་ཏེ་རི་གཤམ་དུ་སྤོས་ན་ལས་སྡུག་རེད་ཟེར་ན། གྲོང་ཚོ་གཞན་དག་དེ་ཚོ་ང་ཚོ་ལས་ཡག་དོན་ཅི་ཡིན་”

……

རིམ་བཞིན་ཚོགས་ཁང་ནང་རང་མོས་ཀྱིས་ཐོ་འགོད་མཁན་ཇེ་མང་དུ་སོང་བས་ཤང་དབུ་ཁྲིད་དག་གི་ངོ་ལ་རེ་བ་དང་འཛུམ་མདངས་ཀྱིས་ཁེངས།

གསུམ།

“ཏོལ་ཏོལ་”གློ་བུར་དུ། མ་གིའི་ལམ་སྣེ་ནས་རླངས་འཁོར་གྱི་དུང་བརྡ་ཞིག་གྲགས་བྱུང་བས། ཨ་ཁུ་ཆོས་བཟང་དྲན་པའི་ཀློང་ནས་ཕྱིར་དྲངས། སྔར་བཞིན་ཡ་ཐོད་ལག་པས་བཀབ་ནས་ཞིབ་ལྟ་ཞིག་བྱས། རླངས་འཁོར་གྲོང་ཚོའི་ཟུར་གྱི་ཟམ་པའི་ཚུར་རོལ་དུ་ཐོན་ཚེ། རླངས་འཁོར་གྱི་འཁོར་སྒྲོམ་ནང་ཨར་འདམ་གྱི་ས་ཕག་བྱུར་བུར་བླུགས་ཡོད་པ་དང་། “ཡང་སུ་ཚང་གི་ཕག་ཚང་རྒྱག་མཁན་ཡིན་ནམ་”སྙམ་ནས་བལྟས་བསྡད་པ་ན། རླངས་འཁོར་དེ་ཐད་ཀར་གྲོང་ཚོ་བརྒྱུད་ནས་གྲོང་ཚོའི་སྟོད་ཕྱོགས་ཀྱི་ལམ་བུ་ཀྱག་གེ་ཀྱོག་གེ་དེའི་སྟེང་རྒྱུགས།

“འོ། ངས་མ་དྲན་པ་རེད། ད་བྱེད་དུས་ཆུ་མཛོད་བཟོ་མཁན་གྱི་ལས་མི་དེ་དག་རེད་”

ཨ་ཁུ་ཆོས་བཟང་གིས་དེ་ལྟར་ཁེར་ལབ་ཅིག་བརྒྱབ་པ་དང་། སླར་ཡང་མ་གིའི་ལམ་སྣེར་བལྟ་ཙམ་བྱས་རྗེས་“ད་དུང་མ་སླེབས་པ་ཅི་ཡིན་”ཞེས་དོགས་མི་བདེ་བའི་ངང་བརྗོད།

ད་ནངས་ཁྱིམ་ལས་ཙག་ཙིག་རྣམས་ཚར་རྗེས། ལག་ཏུ་སྐུད་པ་འཁེལ་རྒྱུ་ཞིག་ཐོགས་ཏེ་གསར་དུ་སྐྱེས་པའི་ལུ་གུ་ཆུང་ཆུང་རྣམས་དེད་ནས། གྲོང་ཚོའི་གཡས་ཟུར་གྱི་རི་ཆུང་དེའི་ངོས་སུ་བརྒྱབ་པ་དང་། རང་ཉིད་རི་ལྡེབས་ཀྱི་ཁུག་ཀྱོག་ཉི་མ་དྲོ་ས་ཞིག་ཏུ་བསྡད།

རི་ཆུང་དེར་སྔོ་རྩྭ་ཐར་ཐོར་དུ་སྐྱེས་ཡོད་པ་དང་། དེ་ནི་མཐོ་ཞིང་གཟར་བ་ཞིག་མིན་ནའང་། ཁྱིམ་དུད་བཞི་ཅུ་ལྷག་གིས་གྲུབ་པའི་གྲོང་གསར་འདིའི་བཀོད་པ་དང་། ཁོར་ཡུག་གི་མཛེས་ལྗོངས། གཡས་གཡོན་གྱི་ལྕུང་གླིང་། སྨད་རྒྱུད་ཀྱི་ཞིང་ཐང་། ད་དུང་གྲོང་ཚོ་ནས་(ཤང་དང་རྫོང་དུ་འགྲོ་ས་)མ་གིའི་ལམ་གྱི་སྣེ་བར་སྐྱ་ཤར་རེར་བསྲིངས་ཡོད་པའི་གཞུང་ལམ་ནི་རྦར་མཐིལ་ནང་བླུགས་པ་ལྟར་གསལ་ཐིང་ཐིང་དུ་མཐོང་ཐུབ།

རྒས་གཉེར་ཇེ་མང་དུ་སོང་བ་དང་བསྟུན་ནས། ཉི་མ་དྲོ་སར་སྡོད་རྒྱུར་དགའ་བ་ནི་ཕལ་ཆེར་རྒན་འཁོགས་ཚང་མའི་ཐུན་མོང་གི་གོམས་གཤིས་ཤིག་ཡིན་པ་འདྲ། ཨ་ཁུ་ཆོས་བཟང་ཡང་དེ་ལས་མ་འདས། ཁོ་ཤུར་མ་རྒྱ་སྨུག་གི་གྱོན་གོས་ཆ་ཚང་ཞིག་གྱོན་ཡོད་པ་དང་། མགོ་ལ་རྒྱ་གར་ཞྭ་མོ་ཞིག་གྱོན། རྐང་པར་འགྱིག་ལྷམ་སྔོན་པོ་ཞིག་གྱིན་ཡོད་པས། ཧ་ཅང་བབ་ཆགས་ཤིང་སྟབས་བདེ་བའི་སྣང་བ་ཞིག་སྟེར་བར་བྱེད། དེ་རིང་ཁོའི་ངོ་ལ་བལྟས་པ་ཙམ་གྱིས་ནམ་རྒྱུན་དང་མི་འདྲ་བའི་སེམས་ནང་དགའ་སྣང་གིས་ཁེངས་པ་མངོན། ཁོས་སྐུད་པ་འཁེལ་ཞོར་དུ་ཡ་ཐོག་ལག་པས་བཀབ་ནས་མ་གིའི་ལམ་སྣེ་ནས་འཕྲུལ་ཆས་ཤིག་བུད་ཡོང་བ་མཐོང་ཚེ། ལག་ལས་ཅམ་མེར་བཞག་ནས་གྲོང་ཚོའི་ཟུར་གྱི་ཟམ་པའི་ཚུལ་རོལ་དུ་མ་བསླེབས་པའི་བར་དུ་ཞིབ་བལྟ་བྱེད། ངོ་ཆོད་འཕྲལ་བློ་ཕམ་ཞིག་དང་སྦྲགས་མུ་མཐུད་ལག་ལས་བྱེད། སྐབས་རེ་ཁོས་ལག་ལས་ཟུར་དུ་བཞག ཨམ་ཕྲག་གི་སྦུག་ནས་རྭ་ཅོའི་སྣ་རུ་ནག་ཐིང་ཐིང་དེ་བཏོན་ནས་རྣ་ཐ་འཐེན་གྱིན། མ་གིའི་ལམ་སྣེར་བལྟ་བཞིན་སླར་ཡང་འཕྲུལ་ཆས་ཤིག་བུད་ཡོང་བའི་རེ་བ་བྱེད། དེ་ཡང་གཞན་ཞིག་མིན་པར་ཉིན་ཤས་གོང་བུ་མོ་སྒྲོ་མ་དང་མག་པ་ལྟ་སར་ཤར་རླུང་རྟགས་ཅན་གྱི་རླངའ་འཁོར་ཆེ་གྲས་ཤིག་ཉོ་བར་སོང་བ་རེད། དེ་ཡང་སྒྲོལ་མ་དང་སྒྲོལ་མའི་མག་པ་གཉིས་ཀྱིས་འདི་ལོ་དབྱར་རྩྭ་དབུན་འབུ་བཀོག་པ་དང་། གྲོང་ཁྱེར་ནང་ཞོར་ལས་བྱས་ཏེ་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་བྱུང་བས། ཁྱིམ་མི་གང་བོས་ཕར་གྲོས་ཚུར་གྲོས་ཡང་ཡང་བྱས་མཐར། ཤར་རླུང་རྟགས་ཅན་གྱི་རླང་འཁོར་ཆེ་གྲས་ཤིག་ཉོ་རྒྱུ་ཐག་བཅད་དེ། དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་ཁ་ཤས་གཡར་བ་དང་། ལས་ཁུངས་སུ་ཡོད་པའི་བུ་བསྟན་འཛིན་གྱིས་སྒོར་མོ་ཁྲི་གཅིག་རྒྱབ་སྐྱོར་བྱས།

ད་ནངས་ཁྱིམ་དུ་ཁ་པར་སླེབས་པར་གཞིགས་ན། རླངས་འཁོར་ཉོས་ཟིན་ཏེ་དེ་རིང་ཡིན་ཅིག་ལོག་ཡོང་རྒྱུ་ཡིན་པས་མ་གིའི་ལམ་སྣེ་ནས་འཕྲུལ་ཆས་ཤིག་བུད་ཐེངས་རེར་ཁོ་གཉིས་ཡིན་རོགས་བྱས་ན་སྙམ་པའི་བསམ་ཡང་སྐྱེས་ཤིང་། ཡང་ཁོ་གཉིས་ལ་བར་ཆད་འདྲ་འཕྲད་མེད་དམ་སྙམ་པའི་སེམས་ཁྲལ་ཡང་ཞོར་དུ་སྐྱེས་ཡོང་།

“དཀོན་མཆོག་མཁྱེན་བར་ཆད་མི་ཡོང་བ་ཤོག”

སྐབས་དེར། ཨ་ཁུ་ཆོས་བཟང་གིས་སྐུད་པ་འཁེལ་མཚམས་བཞག སྣ་ཤུ་ཅིག་བརྒྱབ་ནས་སྣ་ཁུག་བསངས་ཙམ་བྱས། སྣ་རུ་བཏོན་ནས་པུས་མོར་བརྡབ་བརྡབ་ཁ་ཤས་བྱས་རྗེས་ལག་གཡོན་མའི་མཐེ་བོང་གི་སེན་མོའི་སྟེང་སྣ་ཐ་བྱུར་བྱུར་གང་བླུགས་ནས་དེ་ལྟར་ཁེར་ལབ་ཅིག་བྱས། དེ་ནས་ལག་གཡས་པའི་གོང་མཛུབ་དང་མཐེ་བོང་གཉིས་རུབ་སྟེ་སེན་སྟེང་གི་རྣ་ཐ་ནས་ཕྱེད་ཙམ་བླངས་ཏེ་“སིར”སྒྲ་དང་བཅས་སྣ་ལ་འཐེན་བཞིན་དུ་སླར་ཡང་མ་གིའི་ལམ་སྣེར་བལྟ་ཙམ་བྱས།

དབྱར་དུས་ཀྱི་རི་ཀླུང་ནི་ངོ་མ་རྨ་བྱའི་སྒྲོ་གུར་ཕུབ་པ་ལྟར་མཛེས་ཤིང་ལྟ་ན་སྡུག སྔོ་ལྗང་གི་གསེབ་ཏུ་དཀར་དམར་སེར་གསུམ་གྱི་མདོག་གིས་སྤྲས་ཤིང་། དེ་དག་གི་དྲི་ཞིམ་རླུང་དང་བསྡེབས་ནས་ཕྱོགས་བཞིར་ཁྱབ། འདབ་ཆགས་སྣ་ཚོགས་ཀྱི་སྐད་སྒྲ་གང་ས་ནས་གྲགས། གསོན་ཉམས་དོད་པའི་ཁོར་ཡུག་གིས་སེམས་ལ་བཤད་མི་ཤེས་པའི་དགའ་བདེའི་སྣང་བ་ཞིག་དབང་མེད་དུ་སྤྲོད་པར་བྱེད། སྒོས་སུ་མདང་ནུབ་མུན་མ་རུབ་གོང་འབབ་འགོ་བརྩམས་པའི་ཆར་ཟིམ་དེ་ནམ་སྨད་བར་དུ་བབས་པས། ད་ནངས་ཡ་གིའི་རི་རབ་དང་། མ་གིའི་ཞིང་ཐང་། བར་གྱི་གྲོང་ཚོ་བཅས་སྣུམ་གྱི་ནང་ནས་བཏོན་པ་ལྟར་འཇམ་ཆིལ་ལེར་གནས་ཤིང་། ཉི་འོད་ཀྱི་སྣང་བས་ཅི་དགར་ཁྱབ་པས་བལྟས་པ་ཙམ་གྱིས་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ཀྱང་འདི་ལས་མཛེས་སྡུག་ལྡན་པ་ཞིག་ཨེ་ཡོད་སྙམ།

ཀོ་ཏེ་ཀོའོ།

བྱ་སྐད་དེས་ཨ་ཁུ་ཆོས་བཟང་གཉིད་ལས་བསླངས། མགོ་བོ་ལྕོག་ཙམ་བྱས་ནས་སྒེའུ་ཁུང་ཕྱིར་བལྟ་ཙམ་བྱེད་ཞོར་སྦར་མྱུལ་བྱས་ནས་ཙག་སྒྲ་བཙལ་རྗེས། སྔས་འགོའི་འགྲམ་གྱི་སྒམ་སྟེང་གི་སྣུམ་བཞུ་སྤར། དེ་ནས་མལ་ལས་ལངས་ཞོར་ཨ་ཅག་མཚོ་མོ་སྐད་བཏང་།

“འོ་རྫི། ནམ་ལངས་འདུག་གམ་”

ཨ་ཅག་མཚོ་མོས་གཟུགས་སྟོད་མལ་ནས་བཏོན། མགོ་སྐྲ་འཇག་འཇག་བྱེད་བཞིན་དངངས་འཚབ་ཆེན་པོས་དེ་སྐད་དྲིས།

“ནམ་ལངས་གྲབས་འདུག ད་མགྱོགས་ཙམ་མ་བྱས་ན”ཞེས་ཨ་ཁུ་ཆོས་བཟང་གིས་ཚ་གི་ཚ་གིའི་ངང་ལྷམ་གོག་གྱོན་བཞིན་སྐད་ཆ་ཤོད་ལོང་མེད་པའི་འཚུབ་སྣང་ཞིག་བསྟན། དེ་ནས་རྐང་ལྷམ་གྱིས་རྐེད་རགས་འཆིང་ཞོར་ཁང་པའི་ཐོག་ཁར་ཕྱིན་ནས་བལྟ་སྐབས། ཁྱིམ་ཚང་མང་ཆེ་བའི་སྒེའུ་ཁུང་ནས་བཞུ་མར་གྱི་འོད་ཁྲ་ལམ་ལམ་བྱེད་པ་དང་། སྒོ་རྭའི་ནང་ནས་ཁལ་མས་ལྟོ་ཟ་བཞིན་ཡོད་པའི་“ཏོང་ཏོང་”གི་སྐད་སྒྲ་ལྷང་ལྷང་དུ་གྲགས་ཡོང་། དེ་ནས་གྲོང་པ་ཁྱིམ་མཚེས་ཚོར་བལྟ་སྐབས་ཚང་མ་ནག་ཧུར་རེར་གྲགས་འགུལ་ཅི་ཡང་མེད་པར་བསྡད་ཡོད་པས་ཁོ་ཧ་ལས་ཏེ་“དཔེ་ལ་གྲོང་པ་དེ་ཚོའི་མགོ་ལ་ཐོག་བརྒྱབ་ནའི་ཧ་གོ་བ་མི་འདུག་”ཅེས་ཁ་ནས་དབང་མེད་དུ་ཐོན། དེ་འཕྲལ་ཁྱིམ་མཚེས་ཨ་ཅག་དབྱངས་ཅན་དང་། ཨ་ཁུ་པདྨ་སྐད་བཏང་།

“ལྟས་གཉིད་”ཨ་ཁུས་གཉིད་ལ་འཁང་ར་བྱེད་བཞིན་ཐོག་ཁ་ནས་བབས།

“ད་མ་བྱས་ན། མི་ཚང་མ་སྔ་སར་སར་ནས་ལངས་ཚར་འདུག མུན་ནག་འདི་ཚོ་ཡིན་ན་”ཞེས་ཁྲོ་འཚུབ་འཚུབ་ཀྱིས་བརྗོད་ཞོར་ཁལ་མ་གཉིས་པོར་གཟན་རྩྭ་སྟེང་བར་ཕྱིན།

ཨ་ཅག་མཚོ་མོས་ཁྱོ་གའི་ཁྲོ་འཚུབ་ཀྱི་སྐད་ངན་ཐོས་རྗེས་སྐེད་རགས་ལག་ཏུ་འཁྱེར་འཁྱེར་པར་བུ་མི་སྒྲོལ་མ་སྐད་གཏོང་ཞོར་ཐད་ཀར་ཐབ་ཚང་ནང་འཛུལ། མེ་ཁ་གསོས་རྗེས་ཤིང་ཧྲུག་སྦྲ་མོ་གང་བུད་ནས་མེ་ཤུགས་ཆེ་རུ་འགྲོ་རིང་སྐེད་རགས་བཅིངས། དེ་ནས་ལྕགས་ཐབ་སྟེང་མདང་ནུབ་ཀྱི་ཐུག་ལྷག་ཚ་པོ་བཟོ་རྒྱུར་བཀབ་པ་དང་། ཐབ་ནང་ཤིང་གང་བུད་རྗེས་གཞི་ནས་གཅིན་གཏོང་བར་ཕྱིན།

ཨ་ཅག་མཚོ་མོས་ཁྱོ་གའི་ཁྲོ་འཚུབ་ཀྱི་སྐད་ངན་ཐོས་རྗེས་སྐེད་རགས་ལག་ཏུ་འཁྱེར་འཁྱེར་པར་བུ་མོ་སྒྲོལ་མ་སྐད་གཏོང་ཞོར་ཐད་ཀར་ཐབ་ཚང་ནས་འཛུལ། མེ་ཁ་གསོས་རྗེས་ཤིང་ཧྲུག་སྦར་མོ་གང་བུད་ནས་མེ་ཤུགས་ཆེ་རུ་འགྲོ་རིང་སྐེད་རགས་བཅིངས། དེ་ནས་ལྕགས་ཐབ་སྟེང་མདང་ནུབ་ཀྱི་ཐུག་ལྷག་ཚ་པོ་བཟོ་རྒྱུར་བཀབ་པ་དང་ཐབ་ནང་ཤིང་གང་བུད་རྗེས་གཞི་ནས་གཅིན་གཏོང་བར་ཕྱིན།

ནམ་རིམ་བཞིན་ལངས་ཡོང་།

ཨ་ཁུ་ཆོས་བཟང་གིས་བོང་བུ་རྐྱང་དཀར་དང་ནག་རིལ་གཉིས་ལ་སྒ་ཆས་གཡོགས། དེ་ནས་བོང་བུའི་ལྟོའི་ནང་གྲོ་ཕྱེ་དང་ཚྭ་ནམ་རྒྱུན་ལས་མང་བ་བརྒྱབ་སྟེ་དཀྲུག་དཀྲུག་བཏང་རྗེས་བོང་བུ་གཉིས་ལ་སྟེར་ནས་ནང་དུ་འཛུལ།

ད་འ་ལད་ཐུག་པ་འཐུང་རྩིས་གྱིས། ལྟོ་ཕད་བླུགས་ཡས་དེ་ཚོ་དམང་དགོང་ནས་བླུགས་ཚར། རྩམ་པ་འདིར་ཡོད་”ཅེས་ཨ་ཅག་མཚོ་མོས་གཉེར་ཚང་ནས་མར་དོན་ཡོང་བཞིན་རྩམ་ཁུག་ལྗིད་ཏིག་རིག་ཞིག་ལྟོ་ཕད་ཆེན་པོ་དེའི་ཟུར་དུ་བླུགས། ཨ་ཁུ་ཆོས་བཟང་གིས་ཨ་ལན་སྦྱིན་ཞོར་ཀ་བའི་ལོགས་ནས་ཆག་ཕད་གཉིས་པོ་མར་ཕབ་སྟེ་རེ་རེའི་ནང་གྲོ་སྲན་གང་རེ་བླུགས་ནས་འཁྱེར་ཆོག་ཆོག་བཟོས། དེ་ནས་མདང་ནུབ་གྲ་སྒྲིག་བྱས་ནས་བཞག་པའི་གུར་དང་། ཉལ་ཆས། ཐབ་ཆས། སྦྱག་མ་དང་ཇོར་སོགས་སྒོ་ཕྱིར་བཏོན་ནས་བོང་བུར་འགེལ་ཆོག་ཆོག་ཏུ་བཞག་རྗེས་གཞི་ནས་ཐུག་པ་འཐུང་བར་ཕྱིན།

“ཀུའེ། ད་ཤོག་”

ཨ་ཁུ་ཆོས་བཟང་གིས་དེ་མུར་བོང་བུ་གཉིས་པོ་སྒོ་རྭའི་ནང་ནས་བཏོན། རྡོག་ཁྲེས་རྣམས་བགོས་ནས་བོང་བུ་གཉིས་པོར་བཀལ་རྗེས། རང་ཉིད་ཀྱིས་ལྟོ་ཕད་ཆེན་པོ་ཞིག་རྒྱབ་ཏུ་འཁུར། བུ་མོ་སྒྲོལ་མས་སླེལ་པོ་ཞིག་འཁུར།

ཨ་ཅག་མཚོ་མོས་“གྲོ་ཞིབ་དང་རྩམ་པ་རྫོགས་གྲབས་བྱེད་དུས། ཡར་ལན་བསྐུར་ཤོག་མ་གིར་སླེབས་སོང་ན་ཁྱེད་གཉིས་གང་ཅིའི་ཐད་གཟབ་གཟབ་གྱིས་ཨ”ཞེས་ཐུག་པ་འཐུང་སྐབས་བརྗོད་ཟིན་པའི་སྐད་ཆ་དེ་སེམས་ཁྲལ་ཆེན་པོས་བསྐྱར་དུ་བཤད།

“སྣང་དག་མི་དགོས། ཡིན་ནའི་བ་གླང་དེ་ཚོ་ལྟོ་ཆག་ཤོར་ཡོང་ང་”ཨ་ཁུ་ཆོས་བཟང་གིས་འགྲོ་ཁར་ཨ་ཅག་མཚོ་མོར་དེ་ལྟར་མངགས།

གུ་དོག་པའི་སྲང་ལམ་ཁག་ནས་བོང་བུ་དང་རྟ་དྲེལ་གྱི་དྲིལ་བུའི་སྐད་སྒྲ་སི་ལིང་ལིང་དུ་གྲགས། ཐལ་རྡུལ་གྱི་བང་རིམ་ཞིག་ཀྱང་གྲོང་ཚོའི་མཁའ་དབྱིངས་སུ་འཕྱུར། ནམ་རྒྱུན་དང་མི་འདྲ་བའི་བྲེལ་ཟིང་གི་རྣམ་པ་དེས་གནའ་བོའི་གྲོང་ཚོ་འདི་རྨོངས་གཉིད་ལས་བསད་པ་ལྟར་སྣང་། ཉལ་ཆས་དང་། གུར། ཐབ་ཆས། ལག་ཆ་སོགས་སྣ་ཚོགས་བཀལ་ཡོད་པའི་བོང་བུ་དང་། རྟ་དྲེལ་རྣམས་རིམ་བཞིན་གྲོང་ཚོ་ནས་རི་གཤམ་དུ་འཐེན་པའི་ཀྱག་ཀྱོག་གི་ལམ་ཆུང་སྟེང་སྲིངས། རྫ་རི་གྲོང་ཚོར་མཚོན་ན། བོང་བུ་དང་རྟ་དྲེལ་ནི་གྲོང་ཚོའི་མེད་དུ་མི་རུང་བའི་སྐྱེལ་འདྲེན་གྱི་ཡོ་ཆས་གཙོ་བོ་ཞིག་ཡིན་ཏེ། རི་གཤམ་ནས་ཅ་དངོས་ལེན་རྒྱུ་དང་། རི་རྩེ་ནས་མེ་ཤིང་དབོར་རྒྱུ། དེ་བཞིན་དགུན་དཔྱིད་ལུད་དབོར་རྒྱུ་དང་། སྟོན་ཀ་ཚར་མ་དབོར་རྒྱུ་སོགས་ག་བཏང་གོ་ཆོད་ཅིག་ཏུ་གྱུར་ཡོད།

ཨ་ཁུ་ཆོས་བཟང་གིས་གྲོང་ཚོའི་མ་ཎི་རྡེའུ་འབུམ་ཡོད་ས་ནས་སྐེ་བརྙངས་ཏེ་སེམས་མི་ཐང་བའི་བྱིས་པ་ཞིག་གིས་རི་མོ་བྲིས་པ་ལྟར། རི་གཤམ་དུ་འཐེན་པའི་རྐང་ལམ་ཀྱག་གེ་ཀྱོག་གེ་དེའི་སྟེང་བལྟ་སྐབས། ཁྱིམ་དུད་ཁག་གི་ཁལ་མ་རྣམས་གཅིག་ཤོར་གཉིས་ཤོར་གྱིས་ཐུར་སྐྱོད་བྱེད་བཞིན་ཡོད་པ་དང་། སྔ་ཤོས་རྣམས་རི་གཤམ་དུ་སླེབས་གྲབས་ཡོད་པས་ཨ་ཁུར་རང་དབང་མེད་པར་དངངས་འཚབ་ཞིག་ལངས་ཏེ་“ཁྱུ་”ཞེས་ཁལ་མ་གཉིས་ལ་འདེད་སྐུལ་བྱས།

དེ་ཉིན་ནི་གནས་སྤོའི་ཉིན་དང་པོ་དེ་ཡིན་པས། མི་མང་ཆེ་བའི་སེམས་ལ་དགའ་སྣང་དང་རེ་བས་ཁེངས། ལྷག་པར་དུ་གཞོན་ནུ་ཚོ་ནི་ཕྱི་ལ་འགྲོ་རྒྱུར་དགའ་བས་ཁ་ཤུ་རྒྱག་པ་དང་། གླུ་ལེན་པ། དགའ་བའི་ཉམས་དང་ཆེན་པོ་ཞིག་གིས་ཁེངས་པ་རྟོགས་ཐུབ། འོན་ཀྱང་ཨ་ཁུ་བྱམས་པ་དང་ཉི་མ་སོགས་ཀྱི་ངོ་ལ་དགའ་སྣང་ཅི་ཡང་མེད་པར་རེ་ཆད་དང་བློ་ཕམ་གྱི་ངང་ཚུལ་ཞིག་མངོན།

རི་གཤམ་དུ་སླེབས་པ་དང་། དེ་ཉིན་རང་རང་གི་རས་གུར་ཕུབ་པའི་ལས་ལ་བྲེལ། ཉིན་གཉིས་པར་ཤང་དབུ་ཁྲིད་ཀྱི་ཐིག་ཚད་ལེན་པ་དང་མཛུབ་ཁྲིད་འོག་རང་རང་སོ་སོར་དབང་བའི་ས་ཆ་རྩིས་ལེན་དང་། དེ་རྗེས་ཚེར་མ་བཀོག་པ་དང་གྲམ་རྡོ་སྒྲུག་ནས་ས་འཁོད་སྙོམས། ཨ་ཁུ་ཆོས་བཟང་གི་ས་ཆ་ནི་ཁྱིམ་དུད་གཞན་ཚང་མའི་མདུན་གྲལ་དུ་འཁེལ་ཡོད་པས། མདུན་གྱི་ས་ཁྱོན་ནི་ཁྱིམ་དུད་གཞན་ལས་རྒྱ་ཆེ་བ་ཡོད། སེམས་ནང་རྗེས་སུ་ཁང་པའི་མདུན་དུ་ལྕང་མ་བཙུགས་ནའང་འདྲ། ཚལ་ཞིང་བཟོས་ནའང་འདྲ། ག་རེ་བྱས་བྱས་ཡོང་བ་འདུག་སྙམ་ནས་དགའ་སྣང་དང་བཅས་འཇོར་གཞུས་ནས་རྡོ་དང་ཚེར་མ་བཀོག བུ་མོ་སྒྲོལ་མས་ཇ་བསྐོལ་ཀྱིན་ཨ་ཕས་བཀོག་པའི་ཚེར་མ་རྣམས་ཕྱོགས་གཅིག་ཏུ་རུབ་རུབ་བཟོས།

ལས་ཀའི་བར་གསེང་དུ་ཨ་ཁུ་ཆོས་བཟང་གིས་གུར་ནང་ཕྱིན་ནས་ཆང་དང་ཕོར་པ་བླངས། སྐོམ་སེལ་དུ་འཁྲིས་ཀྱི་ཨ་ཁུ་བག་གྲོ་དང་ཨ་ཁུ་པདྨ་གཉིས་སྐད་བཏང་། ཁོ་ཚོས་ཆང་འཐུང་ཞོར་དུ་ལབ་གླེང་སྣ་ཚོགས་བྱས།

ཨ་ཁུ་ཆོས་བཟང་གིས་ཡིད་འཚིམ་པའི་ངང་ཁའི་སྨ་རར་འགོས་པའི་ཆང་ཟིལ་ལག་པས་བྱིལ་ཞོར་“ཁྱོད་གཉིས་ལྟོས་དང་། ས་ཆ་འདིར་ཁང་པ་བརྒྱབ། གཡས་གཡོན་དུ་ལྕང་མ་བཙུགས། སྨད་རྒྱུད་ཀྱི་ས་རྒྱ་ཆེན་པོ་དེར་ཞིང་ཐང་བཟོས་ན་ཨེ་ནི་དཔེ་མི་སྲིད་པའི་ཡག་པོ་ཡོང་ངེས་རེད་”ཅེས་པའི་ལན་དུ་མགོ་གཡུག་གཡུག་བྱས།

“ངས་ཀྱང་དེ་འདྲ་བསམ་བྱུང་། ད་དུང་གཞུང་ཆུ་སྔོན་མོ་ནས་ཆུ་ཡུར་བཟོས་ཏེ་ཆུ་བཏང་ན་ང་ཚོ་སྣང་དག་ཡོང་བ་མི་འདུག”ཅེས་ཨ་ཁུ་པདྨས་སྐད་ཆའི་མཇུག་བསྐྱངས།

“དེ་འདྲ་བྱུང་ན། ང་ཚོ་སྐྱིད་པོ་ཡོང་ས་རེད་”ཨ་ཁུ་བག་གྲོས་རེ་བ་ཆེན་པོས་བཤད།

…..

བཞི།

“ཁྱུ”

ཨ་ཁུ་ཆོས་བཟང་གིས་མདུན་དུ་ཅ་དངོས་བཀལ་བའི་བོང་བུ་གཉིས་ལ་འདེད་སྐུལ་བྱེད་པ་དང་། རང་ཉིད་ཀྱི་སྒལ་པར་ཅ་ལག་བླུགས་པའི་སླེལ་པོ་རྫས་ཕད་ཆེན་པོ་ཞིག་འཁུར་ཏེ། རི་ལམ་ཀྱག་ཀྱོག་བརྒྱུད་ནས་གྲོང་ཚོའི་ཕྱོགས་སུ་ཡོང་གི་ཡོད། བུ་མོ་སྒྲོལ་མས་ཅ་དངོས་ཛར་ཛོར་བླུགས་པའི་སླེལ་པོ་ཞིག་འཁུར། ལག་ཏུ་རྫའི་ཁོག་ཏིར་ཞིག་གཟབ་ནན་གྱིས་འཁྱེར་ནས་ཁལ་མའི་རྗེས་ཟིན་པ་ཡོང་བཞིན་ཡོད།

ཁོ་གཉིས་ཀྱིས་ད་ནངས་ཁྱིམ་དུད་གཞན་དང་འདྲ་བར། བྱ་སྐད་དང་པོ་བརྒྱབ་མ་ཐག་ཡར་ལངས་པ་དང་། ཨ་ཁུ་ཆོས་བཟང་གིས་བོང་བུ་གཉིས་ལ་སྒ་ཆས་བརྒྱབ། གཟན་རྩྭ་སྟེར། ཞོགས་ཟས་སྟབས་བདེ་ཞིག་བཟས་རྗེས་ཁྱིམ་ནས་ཐོན་པ་དང་། རི་ལམ་ཀྱག་ཀྱོག་བརྒྱུད་རི་སྒང་དུ་སླེབས་སྐབས་གཞི་ནས་ནམ་ལངས།

ཨ་ཁུ་ཆོས་བཟང་གིས་ཁང་རྙིང་པའི་ནང་གི་དངོས་རྣམས་རྡོག་ཆས་བརྒྱབ་ནས་བོང་བུ་གཉིས་ལ་བཀལ། བུ་མོ་སྒྲོལ་མས་ཅ་དངོས་ཆག་སྐྱོན་ཤོར་སླ་བ་རྣམས་རྫས་ཕད་དང་སླེལ་པོའི་ནང་ཟོན་གྱིས་བླུགས་པ་དང་། ཐོན་ཁར་མི་རེས་རེ་རེ་འཁུར།

ཞོགས་པའི་ཉི་མ་རིམ་བཞིན་འཆར་བ་དང་། རི་ལམ་ཀྱག་ཀྱོག་ངོས་སུ་ཁྱིམ་ཆས་བཀལ་བའི་བོང་བུ་དང་རྟ་དྲེལ་གྱི་ཁལ་མ་རྣམས་ཐལ་རླུང་འཚུབ་འཚུབ་སྒོས་རི་གཤམ་གྱི་གྲོང་ཚོར་ཁ་ཕྱོགས་ནས་འགྲོ་བཞིན་ཡོད།

ཨ་ཁུ་ཆོས་བཟང་གིས་རི་གཤམ་དུ་བལྟ་སྐབས་གསར་དུ་ཆགས་པའི་གྲོང་གསར་དེས། ཁོའི་སེམས་ནང་བརྗོད་ལས་འདས་པའི་དགའ་སྣང་དང་རེ་བ་ཆེན་པོ་ཞིག་བསྐྱལ་ཡོང་།

ཁང་ཁྱིམ་གསར་པའི་སྒོ་ཁར་སླེབས་མ་ཐག ཨ་ཅག་མཚོ་མོས་ཁྱིམ་ནས་དོན་ཡོང་སྟེ་ཁལ་མའི་སྔོན་བཀག་དེ་ནས་ཚང་མས་ཧ་རུབ་སྦ་རུབ་ཀྱིས་རྒྱབ་ཆས་རྣམས་ཕབ་ནས་པང་པའི་ནང་བསྐྱལ། དེ་རྗེས་ཨ་ཁུ་ཆོས་བཟང་གིས་ཉི་ཁུག་ཏུ་བསྡད་ནས་ཆང་ཕོར་པ་ཁ་ཤས་བཏུངས། དེའི་རིང་ཨ་ཅག་མཚོ་མོ་དང་བུ་མོ་སྒྲོལ་མས་ཅ་དངོས་རྣམས་སྒྲིག

ཉིན་འདི་དག་རིང་། རྫ་རི་གྲོང་ཚོའི་མི་རྣམས་རི་སྒང་གི་ཁྱིམ་ཆས་རྣམས་རི་གཤམ་གྱི་གྲོང་གསར་དུ་དབོར་བའི་ལས་ལ་བྲེལ་བའི་སྒང་ཡིན།

ཁ་ངོམ་པ་དང་རྐང་མལ་གསོས་རྗེས་ཨ་ཁུ་ཆོས་བཟོས་དང་བུ་མོ་སྒྲོལ་མས་སླར་ཡང་བོང་བུ་གཉིས་པོ་དེད་ནས་རི་སྒང་དུ་འགྲོ་སའི་ལམ་དུ་ཆས། རི་སྐེད་དུ་སླེབས་སྐབས་དེ་གར་ཨ་ཁུ་བྱམས་པ་དང་ཉི་མ་སོགས་ངལ་གསོས་ནས་བསྡད་ཡོད།

ཚང་མས་གྲོང་ཚོ་གསར་པའི་སྐོར་ལ་གླེང་མོལ་གང་རྒྱས་བྱས།

ཨ་ཁུ་བྱམས་པས་“ད་ཡིན་ན“ཁ་བདེ་པོའི་ཁ་ལ་བལྟས་པས། མགོ་བདེ་པོའི་ཞྭ་མོ་བརླགས”ཟེར་བ་དེ་བྱེད་གྲབས་འདུག ད་ཁྱོད་ཚོ་ལྟོས་དང་། དགོས་པའི་ས་ཞིང་མེད་པར་ཁང་སྟོང་གིས་ཅི་བྱེད”

“ངས་དང་ཐོག་ནས་འདི་འདྲ་བསམ་བྱུང་“ཕ་རིའི་སླེལ་པོ་མེད། ཚུར་རིའི་ལྕི་བ་མེད”ད་སྡུག་པ་ཞིག་མཐོང་གྲབས་འདུག་”ཨ་ཁུ་ཉི་མ་སེམས་ཁྲལ་ཆེན་པོས་སྨྲས།

“ད་ཡིན་ན་མ་མཐོང་དགུ་མཐོང་མཐོང་ང་། སྟེང་གི་ལྷ་ཁྲོས་བཅུག འོག་གི་ཀླུ་ཁྲོས་བཅུག ད་འོ་འདི་རེད། ཁང་པ་ནི་གྲམ་རྡོ་དང་ཚེར་མས་ཁེངས་པའི་ཐང་དཀྱིལ་དུ་སྤོས། ཧུང་……”ཞེས་ཨ་ཁུ་དོན་གྲུབ་ཀྱིས་སྣ་ཐ་“སིར་”སྒྲ་དང་བཅས་འཐེན།

ཉིན་ཤས་ཀྱི་རྗེས། རི་གཤམ་དུ་གསར་དུ་ཆགས་པའི་གྲོང་གསར་དེ་ནས་གཡང་ལུག་གི་འབའ་སྒྲ་དང་། རྟ་བོང་གི་འཚེར་སྐད། འབྲི་ཕྱུགས་ཀྱི་ངུར་སྒྲ། ཁྱི་ཡི་ཟུག་སྐད་སོགས་གྲགས་ཡོང་བ་དང་། ཁྱིམ་དུད་རེ་རེའི་དུ་ཁུང་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད་པས། གཞུང་ཆུ་སྔོན་མོའི་བཞུར་སྒྲ་ལས་མི་ཕྱུགས་ཀྱིས་གྲགས་འགུལ་ཅི་ཡང་མེད་པའི་ཐང་སྟོང་དེར་ད་ལྟར་གསོན་ཤུགས་ཀྱིས་ཁེངས། ཧ་ལམ་ལོ་ངོ་སྟོང་ལ་དབུགས་རྒྱུན་ཆད་པའི་ཚེ་སྲོག་ཞིག་སླར་ས་འོག་ནས་འཇིག་རྟེན་དུ་ཐོན་པ་དང་གཉིས་སུ་མ་མཆིས། དེ་ལས་ལྡོག་སྟེ་འུར་ཟིང་ཆེ་བའི་རི་སྒང་གི་གྲོང་ཚོ་དེ་ད་ལྟ་ལོ་རྒྱུས་ཀྱི་གྱང་རོར་གྱུར་ནས་ཅི་ཡང་མི་སྣང་།

ད་ལྟ་རྫ་རི་གྲོང་ཚོ་ཧྲིལ་པོ་བདེ་བླགས་ངང་གནས་སྤོས་བྱེད་བཞིན་ཡོད་ཀྱང་། མི་རྣམས་ཀྱི་གླེང་གཞི་གཙོ་བོ་ནི་ས་ཞིང་མེད་པ་དེ་རེད།

ལུང་མདོ་ནས་སྔར་གྲགས་མ་མྱོང་བའི་ལྡིར་སྒྲ་ཆེན་པོ་ཞིག་གྲགས། དེ་ནི་ཉིན་ཤས་རྗེས་སུ་མི་རྣམས་ཧ་ལས་དགོས་པ་ཞིག་ལ། སྔར་གྲོང་ཁྱེར་ནང་མ་གཏོགས་མེད་པའི་ས་འདེད་འཕྲུལ་འཁོར་ཆེ་གྲས་ཁག་ཅིག་འབྱོར། འཕྲུལ་འཁོར་དེ་དག་རྫ་རི་གྲོང་གསར་མདུན་གྱི་ཐང་སྟོང་ཆེན་པོ་དེའི་ཟུར་དུ་བཞག སྐབས་དེར་རྫ་རི་གྲོང་གསར་གྱི་རྒན་གཞོན་ཚང་མ་ཡ་མཚར་བའི་ངང་དེ་གར་རུབ། གསེར་མདོག་ཅན་གྱི་འཕྲུལ་འཁོར་དེ་དག་གི་ཆེ་ཆུང་ནི་ཁང་པ་ལས་ཆེ་བར་སྣང་ཞིང་། ཤ་རྒྱགས་ལ་འབྱོར་བའི་ཁ་ལོ་བ་དེ་དག་གི་གདོང་ལ་འཛུམ་གྱིས་ཁེངས། ཁོ་ཚོས་ས་གཙང་ས་ཞིག་ཏུ་བཟོ་ལྟ་ལེགས་ཤིང་མཛེས་པའི་རས་གུར་ཕུབ། ཅ་དངོས་དང་ཉལ་ཆས་རྣམས་གུར་ནང་དུ་བཅུག ཉིན་དེར་ཁ་ལོ་བ་དེ་དག་གིས་ལས་ཀ་གང་ཡང་མ་བྱས་པར་ཟས་བཟས། སྦི་རག་བཏུངས། ཤོ་བརྒྱབ་པ་སོགས་རང་རང་སོ་སོ་གང་དགའ་གང་སྐྱིད་བྱས་ནས་བསྡད།

ཉིན་གཉིས་པར། རྫ་རི་གྲོང་གསར་གྱི་བར་སྣང་ལ་འབྲུག་སྟོང་མཉམ་ལྡིར་ལྟར། ས་འདེད་འཕྲུལ་འཁོར་གྱི་ལྡིར་སྒྲས་ཁྱབ། འཕྲུལ་འཁོར་དེ་དག་གི་དུ་ཁུང་ནས་ཤེད་ཀྱིས་འཕྱུར་བའི་དུ་བ་ནག་པོ་དེ་ཨ་སྔོན་དགུང་ལ་འཕྱུར་བའི་སྤྲིན་ནག་གི་ཕུང་བོ་ལྟར་ལང་ལོང་དུ་འཁྲིགས་ཤིང་། རྒྱང་བལྟ་བྱས་ཚེ། ཐང་སྟོང་དེ་ནི་འགྲོ་བ་མིའི་རིགས་དང་། རང་བྱུང་ཁམས་བར་ལ་འཐབ་འཛིང་དྲག་པོ་ཞིག་བྱུང་བའི་གཡུལ་ས་ངོ་མ་ཞིག་རེད། དེ་ལྟ་བུའི་གནམ་ས་འདར་བར་བྱེད་པའི་འཐབ་འཛིང་ཞིག་བྱས་པ་བརྒྱུད། ཐང་རྒྱ་ཆེན་པོ་དེར་ལོ་མང་པོར་གཉིད་ལ་ཤོར་པའི་གྲམ་རྡོ་དང་ཚེར་མ་དེ་རྣམས་ཐང་དེའི་མཐའ་ལ་བསྐྲད་ཅིང་། ལོ་ངོ་སྟོང་ཕྲག་མང་པོར་གཉིད་དུ་ཡུར་བའི་ས་ཡི་རང་མདངས་ཕྱིར་མངོན།

གྲོང་ཚོའི་ནང་མི་མང་ཆེ་བའི་སྐད་ཆའི་བཤད་ཕྱོགས་རིམ་བཞིན་ཡག་ཏུ་ཕྱིན། ས་ཞིང་མེད་པའི་སྡུག་སྐད་རྒྱག་མཁན་རྩ་བའི་ཆ་ནས་མེད་པར་གྱུར། མི་ཚང་མས་ཉིན་ལྟར་ས་ཞིང་སྦོལ་སར་ཐེངས་རེ་བལྟ་བར་འགྲོ་བ་དང་སེམས་ནང་དགའ་སྣང་དང་འཆར་གཞི་མི་འདྲ་བ་མང་པོ་འཁོར་ཡོང་།

“དཔེ་མི་སྲིད། འཕྲུལ་ཆས་འདི་དག་རྫུ་འཁྲུལ་སྟོན་མཁན་དང་ཆ་རེད་”

“ལས་ཀ་འདི་མིས་བྱས་ན་ལོ་དང་ལོ་འགོར་གྱི་རེད་”“དེས་ག་པར་ཚད། ས་སྦྱག་མ་གང་རེ་བྱས་ཏེ་དབོར་དུས། ཨེ་ནི་ག་པར་ཕྱིན་སོང་”

“དེས་ག་པར་ཚད། ས་སྦྱག་མ་གང་རེ་བྱས་ཏེ་དབོར་དུས། ཨེ་ནི་ག་པར་ཕྱིན་སོང་”

“ཧུང་། དེ་འདྲ་མི་སྡུག་རུས་འཁྱོག་པོ་ག་ཚོད་ཡོད་ནའང་བྱེད་འདོད་ཀྱི་མ་རེད”“ས་ཞིང་མགྱོགས་པོ་འདི་འདྲ་བཟོ་གི་རེད་བསམ་པ་མ་བྱུང་། ད་ཡིན་ན་སེམས་ཁྲལ་བྱེད་དགོས་པ་མི་འདུག”

ས་འདེད་འཕྲུལ་འཁོར་དེ་དག་གིས་ཟླ་ངོ་གཅིག་ཙམ་རིང་། ཕར་འདེད་ཚུར་འདེད་ཡང་ཡང་བྱས་མཐར་ཐང་རྒྱ་ཆེན་པོ་དེ་གཤིན་པོའི་ཞིང་ཐང་ཞིག་ཏུ་གྱུར། དེ་ནས་ས་འདེད་འཕྲུལ་འཁོར་རྣམས་ཕྱིར་ལོག ཤང་སྲིད་གཞུང་གི་བཀོད་སྒྲིག་འོག་རྫ་རི་གྲོང་ཚོའི་མི་ཚང་མ་བཀོལ་ནས་གསར་དུ་བཟོས་པའི་ཞིང་ཐང་དེ་རབ་འབྲིང་ཐ་གསུམ་དུ་དབྱེ་སྟེ་པ་ཏྲའི་རིས་ལྟར་བཀྲ་བའི་གྲུ་བཞི་གླིང་གཞིར་བཟོས།

དེ་ནས་གཟའ་འཁོར་གཅིག་སོང་རྗེས། ཨར་འདམ་རྡག་རྡག་བླུགས་པའི་རླངས་འཁོར་ཆེ་གྲས་ཁག་ཅིག་དང་། ལས་ཀ་བྱེད་མཁན་གྱི་འཕྲུལ་ཆས་ཆུང་གྲས་ཁག་ཅིག ད་དུང་ངོ་དགོང་དཀར་བའི་རྒྱ་རིགས་ཉི་ཤུ་ལྷག་ཙམ་འབྱོར་ནས་ཞིང་ཐང་དང་གཞུང་ཆུ་སྔོན་མོའི་བར་དུ་གུར་ཕུབ་ནས་བསྡད། དེ་དག་གིས་གཞུང་ཆུ་སྔོན་མོ་ནས་ཞིང་ཐང་བར་དྲང་ཐིག་བཏང་ནས། ཁ་ཤས་ཀྱིས་ཡུར་བུ་འདྲུ་འགོ་བརྩམས་པ་དང། ཁ་ཤས་ཀྱིས་འཕྲུལ་ཆས་བཀོལ་ནས་ཨར་འདམ་གཡོས། ཁ་ཤས་ཀྱིས་ཡུར་བུའི་ནང་ཨར་འདམ་བཏིང་།

དགུན་ཁ་སླེབས། ཐལ་རླུང་གི་འུར་སྒྲ་དང་། བསྡོངས་ནས་ཁ་བའི་འདབ་མ་བར་སྣང་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་ས་ལ་བབས། རྫ་རི་གྲོང་གསར་གྱི་ཁོ་ར་ཁོར་ཡུག་ཐམས་ཅད་དངུལ་མདོག་གི་ལྭ་བ་གྱོན་པ་བཞིན་དཀར་ཆིལ་ལེར་གྱུར་ཅིང་། སྐབས་རེར། སྡོང་མགོ་ནས་ཡུལ་བྱ་འགའ་རེས་སྐད་མི་སྙན་པ་ཞིག་སྒྲོག་པ་ལས། གྲོང་ཚོ་ཡོངས་རྫོགས་འཇམ་ཐིང་ངེར་གྱུར་འདུག

འོན་ཀྱང་། གྲོང་ཚོའི་ལས་མི་ཀུན་གྲང་ངད་ལ་མ་འཛེམས་པར་ཞིང་ཐང་གསར་པའི་མཐར་འཛོམས་ནས་གྲོང་ཚོའི་ཚོན་ཀྲང་གི་བཀོད་སྒྲིག་འོག་ཕྱོགས་བཞི་མཚམས་བརྒྱད་ནས་གྱར་རྭ་བསྐོར་བཞིན་ཡོད་པ་དང་། མི་རྣམས་དགའ་འོས་པ་ཞིག་ལ་སྔོན་ཆད་རི་སྒང་དུ་སྡོད་དུས་མི་རེར་ཆ་སྙོམས་བྱས་ན་ས་ཞིང་མུའུ་༠.༥ཙམ་ལས་མེད་ད་ལྟ་མི་རེར་ས་ཞིང་མུའུ་གསུམ་དང་ཕྱེད་ཀ་ཙམ་བགོ་སྐལ་དུ་ཐོབ་ཡོད། གྱང་རྭ་བསྐོར་ཚར་རྗེས། ཚོན་ཀྲང་གིས་དགུན་དལ་གྱི་དུས་ཚོད་དེ་བེད་སྤྱད་ནས་མི་སྣ་ཁག་བཀོད་སྒྲིག་བྱས་ཏེ་སྐྱེས་པ་རྣམས་ཁལ་མ་དེད་ནས་རི་སྒང་གི་སྔར་ཡོད་ཀྱི་ཤིང་སྡོང་དག་ནས་སྡོང་ཕྲུག་གཅོད་པར་བཏང་བ་དང་། བུད་མེད་རྣམས་གྲོང་ཚོའི་གཡས་གཡོན་གྱི་ས་སྡོང་དང་། ལམ་གྱི་འགྲམ། གྱང་རྭའི་མཐའ་ཁོར་བཅས་སུ་དོང་ཁུང་འདྲུ་བར་ལས་བགོས་ཚགས་ཚུད་པོ་བརྒྱབ། རང་ཉིད་ངོ་མས་ཤང་དང་གྲོང་ཚོ་གཞན་ལ་སྡོང་ཕྲུག་སློང་བར་ཕྱིན་པས། དེ་དག་གིས་ཀྱང་རྒྱབ་སྐྱོར་དང་སེམས་འཁུར་ཆེན་པོ་བྱས།

རི་ལུང་དང་ཁུག་ཀྱོག་གང་ས་ནས་གང་ས་དང་འཁྱག་རོམ་བཞུར་ཤིང་། གཞུང་ཆུ་སྔོན་མོའི་སྐད་སྒྲ་སྔར་བས་ཇེ་ཆེར་གྱུར། རྩྭ་དང་རྩི་ཤིང་རིམ་བཞིན་སྐྱེས། གསར་དུ་བཙུགས་པའི་སྡོང་ཕྲུག་དག་ལས་ལྗང་མདོག་གི་མྱུ་གུ་འབུས། བྱ་བྱིའུ་ཡི་སྐད་སྙན་ཡང་ཡང་དུ་སྒྲོགས།

ད་ནི་རྫ་རི་གྲོང་གསར་དུ་ས་ཞིང་རྨོ་བའི་གྲ་སྒྲིག་བྱེད་བཞིན་འདུག

ཨ་ཁུ་ཆོས་བཟང་གིས་ཐོང་གཤོལ་དང་གཉའ་ཤིང་སྔོན་ཚུད་ནས་ཞིང་ཁར་བསྐྱལ་བ་དང་། དེ་རྗེས་རྨོན་མཛོ་གཉིས་པོ་ཞིང་ཁར་དེད། ཨ་ཅག་མཚོ་མོས་སོན་བརྒྱབ་ཚར་བས་རྨོན་མཛོ་གཉིས་དོར་དུ་བསྡེབས་ནས་རྨོན་པ་རྒྱག་འགོ་ཚུགས། གྱང་རྭ་བསྐོར་བའི་ཞིང་ཐང་གསར་པའི་ནང་ཁྱིམ་དུད་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་རྨོན་གཡག་དོར་དུ་བསྡེབས་ནས་ཞིང་རྨོ་བཞིན་འདུག

སྐབས་དེར། ཞིང་ཐང་གི་ཕྱོགས་སུ་འདྲུད་འཐེན་འཁོར་ལོའི་སྐད་སྒྲ་ཞིག་གྲགས་ཡོང་བ་དང་། ཡུད་ཙམ་ལས་མ་སོང་བར་འདྲུད་འཐེན་འཁོར་ལོ་དེ་ཞིང་ཐང་ནང་དུ་འབྱོར། དེ་ནི་གཞན་མིན་པར་ཨ་ཁུ་པདྨའི་བུ་མོ་ཚེ་སྐྱིད་ཀྱི་མག་པ་རེད། མག་པ་དེ་ནི་སྨད་རྒྱུད་ཀྱི་གྲོང་ཚོ་གཞན་ནས་ཡིན་པས་སྔར་ནས་འདྲུད་འཐེན་འཁོར་ལོ་ཡོད། འཕྲུལ་འཁོར་དེ་ཨ་ཁུ་པདྨའི་ཞིང་ཁར་འབྱོར་རྗེས་འཁོར་ལོའི་རྒྱབ་ཀྱི་ཐོང་གཤོལ་མར་ཕབ་ནས་ཞིང་འདེབས་པར་བརྩམས། འཁོར་ལོའི་དུ་ཞག་དང་མཉམ་དུ་ས་ནག་ལྷོག་ལྷོག་ངང་གཞོགས་གཡས་སུ་གཡུགས་བཞིན་མཆིས། དེ་ནི་རི་གྲོང་ཚོའི་ལོ་རྒྱུས་ཐོག་འཕྲུལ་འཁོར་གྱི་ཞིང་འདེབས་པའི་ལོ་རྒྱུས་ཐོག་མ་དེ་ཡིན། ཆུ་ཚོད་ཕྱེད་ཀ་ཙམ་ཡང་མ་འགོར་བར་འཕྲུལ་འཁོར་དེས་ཨ་ཁུ་པདྨའི་ས་ཞིང་རབ་གཉིས་བཏབ་ཚར་བར་གྱུར།

ཞིང་ཐང་ནང་ཡོད་པའི་མི་ཚང་མ་ཧ་ལས། རང་རང་གི་དོར་དུ་བསྡེབས་པའི་རྨོན་མཛོ་ལ་སྙིང་རྗེ་ཞིག་དབང་མེད་དུ་སྐྱེས་ཤིང་། ཆབས་ཅིག་འཕྲུལ་ཆས་དེ་འདྲ་ཞིག་མགྱོགས་མྱུར་ཉོ་འདོད་ཀྱི་བློ་ཞིག་དབང་མེད་དུ་བྱུང་།

དེར་མཐུད་རྫ་རི་གྲོང་གསར་ལ་དགའ་འོས་པའི་རྣམ་པ་གསར་པ་དང་། བྱ་བ་གསར་པ་གང་མང་ཐོན་པ་དང་སྦྲགས་བྱ་བ་རྙིང་པ་གང་མང་ཞིག་མཇུག་སྒྲིལ།

སྔ་ཕྱིར་དུད་ཁྱིམ་སོ་སོར་རང་འབབ་ཆུ་ཀ་ལ་བཙུགས་པས་ཆུ་ཟོམ་འཁུར་ནས་ཆུ་ལེན་པའི་ལོ་རྒྱུས་མཇུག་སྒྲིལ། གློག་འཁྲིད་པས་སྣུམ་བཞུ་སྤར་མི་དགོས་པར་མཚན་མོ་ཡང་ཉིན་མོ་བཞིན་དུ་གསལ། ཁྱིམ་ཚང་འབྱོར་པ་ཅུང་དྲག་པ་ཚོས་ཁ་པར་བཙུགས་པ་དང་བརྙན་འཕྲིན་ཉོ་འགོ་ཚུགས། ཁ་ཤས་ཀྱིས་ཇ་བསུའི་འཕྲུལ་ཆས་དང་འཁྱགས་སྒམ་སོགས་ཀྱང་ཉོས། ད་དུང་ཁ་ཤས་ཀྱིས་གྲོང་ཚོ་གཞན་ལ་དཔེ་བལྟས་ནས་ཉི་ཐབ་དང་དབུགས་ཐབ་ཀྱང་ཉོས། ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་ཆེན་པོ་ཕྱིན། མི་རྣམས་ཀྱི་ལས་ཀའི་དཀའ་ཁག་ཇེ་ཆུང་ནས་ཇེ་ཆུང་དང་། འཚོ་བ་ཉིན་རེ་ལས་ཉིན་རེ་བཞིན་ཇེ་སྐྱིད་དུ་སོང་། སྔོད་ཆད་ཇ་རྐྱང་སྤགས་རྐྱང་ཟ་བ་ནས་ད་ལྟ་ཚལ་རིགས་སྣ་ཚོགས་ལ་ལོངས་སུ་སྤྱོད་པ་དང་། གྱོན་གོས་ལའང་དོ་སྣང་ཇེ་ཆེ་དང་དོད་ཇེ་ཆེར་འགྲོ།

མི་རིང་བར་གྲོང་ཚོའི་ཟུར་དུ་སློབ་གྲྭ་ཞིག་གསར་སྐྲུན་བྱས། དེ་རྗེས་སློབ་གྲྭའི་ཕར་ཙམ་ནས་སྨན་ཁང་ཞིག་ཀྱང་གསར་སྐྲུན་བྱས། ཆབས་ཅིག་གྲོང་ཚོ་ནས་ཆེད་དུ་མ་དངུལ་བཏང་སྟེ་ལམ་འགྲམ་དུ་ཚོང་ཁང་ཞིག་ཀྱང་གསར་རྒྱག་བྱས་ཤིང་། སྔོན་ཆད་ཀྱི་རྫ་རི་གྲོང་ཚོ་ཞེས་པའི་མིང་དེ་བདེ་སྐྱིད་གྲོང་གསར་ཞེས་པར་བསྒྱུར།

མི་རྣམས་ཀྱི་སེམས་ལ་སྔོན་ཆད་ཀྱི་རྫ་རི་གྲོང་ཚོ་དེ་རྨི་ལམ་ནང་ཐེངས་གཅིག་རྨིས་པ་ལྟར་རིམ་བཞིན་བརྗེད་ངད་ཀྱི་ལམ་དུ་ཕྱིན།

ལྔ།

གློ་བུར་དུ་སློབ་གྲྭའི་རྒྱང་བསྒྲགས་ལས་སྙན་ཞིང་འཇེབས་པའི་གླུ་སྐད་ཞིག་གྲགས་པས། ཨ་ཁུ་ཆོས་བཟང་དྲན་པའི་ཀློང་ནས་ཕྱིར་དྲངས། ཨ་ཁུས་མར་གཤམ་གྱི་སློབ་གྲྭའི་ནང་བལྟས་པ་ན། སློབ་གྲྭའི་ལུས་རྩལ་རྭ་བའི་ནང་དུ་པ་ཏྲའི་རི་མོ་དང་མཚུངས་པའི་ཐིག་དཀར་པོ་དག་བརྒྱབ་ཡོད་པ་དང་། སྟོད་ཐུང་དཀར་པོ་དང། གོས་ཐུང་སྔོན་པོ། ད་དུང་སྐེ་དཀྲིས་དམར་པོ་དམར་ལམ་ལམ་བྱེད་པའི་སློབ་བུ་རྣམས་ལུས་རྩལ་རྭ་བར་འཛོམས་ཏེ་གྲལ་བསྒྲིགས་ཤིང་། རྒྱང་བསྒྲགས་ལས་རོལ་མོ་སྙན་ཞིང་འཇེབས་པ་ཞིག་གྲགས་པ་དང་བསྟུན་ནས་རྒྱ་སྐད་ཀྱི་གྲངས་ཀ་ཞིག་བརྩིས་པའི་ཚེ་སློབ་བུ་དེ་དག་བྱང་ཆ་ལྡན་པའི་ངང་ནས་གྲལ་སྟར་གྲུ་བཞི་བ་ཞིག་བསྒྲིགས། དེ་ནས་རིམ་བཞིན་ལག་བརྐྱངས་བྱས་ཏེ་སོ་སོའི་བར་ཐག་ངེས་ཅན་ཞིག་ཏུ་བསྒྱུར་ཏེ་རྒྱང་བསྒྲགས་ལས་ཕྱུང་བའི་དབྱངས་འགྲོས་དང་བསྟུན་ནས་སྟངས་སྟབས་མཉམ་པའི་ལུས་རྩལ་སྦྱོང་འགོ་ཚུགས།

སྐབས་དེར། མ་གིའི་ལམ་སྣེ་ནས་སྦག་སྦག་གི་སྐད་སྒྲ་ཞིག་གྲགས་བྱུང་བས། ཨ་ཁུ་ཆོས་བཟང་གིས་སྔར་དང་འདྲ་བར་ཡ་ཐོད་ལག་པས་བཀབ་ནས་ཞིབ་བལྟ་བྱས། ཟམ་པའི་ཚུར་རོལ་དུ་བསླེབས་ཚེ། ད་གཟོད་ཨ་ཁུ་བྱམས་པའི་བུ་རྡོ་རྗེ་ཡིན་པ་གསལ་པོར་ཤེས།

“སིར་”

ཨ་ཁུ་ཆོས་བཟང་གིས་སླར་ཡང་སྣ་ཐ་ཏོག་ཙམ་འཐེན་ནས། སློབ་བུ་རྣམས་ལུས་རྩལ་སྦྱོང་བར་བལྟས་ནས་བསྡད། རྒྱང་བསྒྲགས་ལས་ལུས་རྩལ་གྱི་རོལ་དབྱངས་དེ་ཡོངས་སུ་མཇུག་གྲིལ་པའི་ཚེ། ལུས་རྩལ་སྦྱོང་བཞིན་པའི་སློབ་བུ་ཚོའི་ལུས་རྩལ་ཡང་མཇུག་སྒྲིལ། ཨ་ཁུ་ཆོས་བཟང་གིས་སླར་ཡང་མ་གིའི་ལམ་སྣེར་བལྟ་ཙམ་བྱས། དེ་ནས་ལམ་སྣེའི་ཕྱོགས་ནས་གློག་སྐུད་འཐེན་པའི་གློག་ཤིང་རེ་རེ་བཞིན་བརྒྱུད་མིག་གཉིས་པོ་རིམ་བཞིན་གྲོང་ཚོའི་ཕྱོགས་སུ་བསྐོར། རྒྱབ་མདུན་དང་གཡས་གཡོན་ནས་བལྟས་ནའང་། ངོས་གཙང་ལ་གྲལ་འགྲིག་པའི་ཁང་ཁྱིམ་དེ་དག་ནི་ཚང་མ་ཉིས་ཐོག་ཤེལ་ཁྲ་ཅན་ལས་གྲུབ། ཁྱིམ་ཚང་རེ་རའི་ཐོག་ཁ་ན་བརྙན་འཕྲིན་འཕྲུལ་ཆས་ཀྱི་གནམ་སྐུད་བར་སྣང་དུ་བསྲིངས་འདུག ཁང་པའི་སྒོ་དང་སྒེའུ་ཁུང་རྣམས་ལ་ཤམ་བུ་དང་། སྒོ་ཡོལ་ཤེལ་ཡོལ་བཅས་ཀྱིས་ལེགས་པར་བརྒྱན། ཤམ་བུའི་འོག་གི་རབ་གསལ་དང་། ཀ་གདུང་། སྒོ་སྒེའུ་ཁུང་རྣམས་ལ་ཚོན་གྱིས་བསྐུས་ནས་གཅིག་ལས་གཅིག་མཛེས་ཉམས་ཀྱི་ཕྱུག ཁང་པ་སོ་སོའི་མདུན་གྱི་རྭ་སྐོར་ནང་ཤིང་འབྲས་ཀུ་ཤུ་དང་། ལི། ཁམ་བུ། སྟར་ཀ། གཡེར་མ་སོགས་ཀྱི་སྡོང་པོས་ཁེངས་ཤིང་། ཤིང་འབྲས་དེ་དག་གི་ཡལ་ག་ཕྱོགས་བཞིར་བརྐྱངས་ནས་ཕན་ཚུན་སྐྱེས་སྟོབས་ཀྱི་དཔལ་ངོམས་པ་ལྟར་སྐྱེས་ཤིང་། ཆེས་ཆེར་རྒྱས་པའི་ལོ་མའི་གསེབ་ནས་འབྲས་བུ་དག་འཚང་ཁག་ཤིག་ཤིག་ངང་སྐྱེས་བཞིན་མཆིས། རྭ་སྐོར་གྱི་གཞོགས་གཅིག་ཏུ་འགྱིག་ཤོག་གི་དྲོང་ཁང་བརྒྱབ་ནས། ནང་དུ་ཙོང་དང་། པད་ཚལ། ཇིན་ཚུལ། ཀྲོ་མ་ཀྲུའུ་སོགས་ཚལ་རིགས་སྣ་ཚོགས་བཏབ་ཡོད། ཁྱིམ་དུད་འགའ་རེའི་མདུན་དུ་ཨར་འདམ་གྱིས་བཟོས་པའི་ཕག་ཚང་དང་། བྱ་ཚང་སོགས་མཆིས། རྒྱབ་ཀྱི་གཡུལ་པའི་ནང་གཡུལ་གཏོང་འཕྲུལ་ཆས་དང་། འདྲུད་འཐེན་འཁོར་ལོ། སྦག་སྦག་སོགས་བཞག་འདུག

གྲོང་ཚོའི་གཡས་ཕྱོགས་སུ་བལྟས་ན། ཀ་རག་བྱུགས་པའི་སློབ་གྲྭའི་ཐོག་བརྩེགས་ཁང་ཆེན་དེ་དག་མཐོང་ཐུབ། སློབ་གྲྭ་དེ་རྒྱ་ཆེན་པོ་མེད་ནའང་ཁོ་ར་ཁོར་ཡུག་ཏུ་སྦྱར་སྡོང་དང་། ལྕང་སྡོང་། ཤུག་སྡོང་། གསོམ་སྡོང་སོགས་བཙུགས་ཡོད་ཅིང་། ལྗོན་ཕྲེང་དཀྱིལ་གྱི་བཟོ་བཀོད་ལེགས་པའི་མེ་ཏོག་ལྡུམ་རྭ་ན། མཛེས་ཤིང་དྲི་བསུང་འཐུལ་བའི་མེ་ཏོག་སྣ་ཚོགས་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བ་དང་། ཡིད་དུ་འོང་བའི་ཉི་འོད་ནང་ན་གསེར་སྦྲང་གཡུ་སྦྲང་དག་གིས་ཟ་ཟིའི་གཤོག་སྒྲ་འབྱིན་ཏེ་མེ་ཏོག་གི་གཡས་གཡོན་ནས་འཕུར་ལྡིང་གར་ལ་རྩེན་ཞིང་། ལྗོན་གསེབ་ན་བྱ་བྱེའུ་མང་པོས་ཀྱུར་ཀྱུར་གྱི་མགྲིན་དབྱངས་བར་མེད་དུ་འཁྲོལ་གྱིན་གནས།

ཉོན་དང་། ད་ལྟ་སློབ་ཚན་ཚུགས་ནས་དཔེ་དེབ་ཀློག་པའི་སྒྲ་སྙན་པོ་ཞིག་རྣ་ལམ་དུ་ཐོས་འོང་།

སློབ་གྲྭའི་ཟུར་གྱི་གྲོང་ཚོའི་སྨན་ཁང་ནང་སློབ་གྲྭ་དང་འདྲ་བར་སྡོང་པོ་དང་མེ་ཏོག་སྣ་ཚོགས་བཙུགས་ཡོད་ལ། སྡོང་པོའི་བསིལ་གྲིབ་འོག་ནང་པ་ཁ་ཤས་རྐུབ་བཀྱག་ཐོག་འཁོད་པ་དང་། སྨན་ཆུ་བླུགས་པའི་ཤེལ་དམ་སྡོང་པོའི་ཡལ་གའི་ཐོག་བཀལ་ཡོད་པ་རེད། ཨེམ་རྗེ་དབང་འདུས་ཀྱི་ནད་པ་ཁ་ཤས་ལ་སྨན་ཁབ་རྒྱག་བཞིན་མཆིས། ལམ་འགྲམ་གྱི་ཚོང་ཁའང་འགན་གཙང་བླངས་པའི་ཚོང་པ་ཉི་མས་ཟས་སྣའི་རིགས་དང་། གྱོན་ཆས། ད་དུང་ཐ་མག་དང་ཆང་རག སློབ་ཆས་འབྲི་དེབ་དང་སྨྱུ་གུ་སྣ་ཚོགས་སོགས་འཚོང་བར་བྲེལ། སྨན་ཁང་དང་སློབ་གྲྭའི་རྒྱལ་སྒོའི་འགྲམ་ནས་ཨར་འདམ་གྱི་རྒྱུ་ཆས་བསྐྲུན་པའི་ཡུར་བུ་རྒྱ་ཆེ་ཞིང་གཏོང་ཟབ་པ་དེ་མ་གིའི་པ་ཏྲའི་རིས་ལྟར་བཀྲ་བའི་ཞིང་ཐང་གི་ཕྱོགས་སུ་བསྲིངས་ཞིང་། ཡར་འགོ་ཐད་ཀར་གཞུང་ཆུ་སྔོན་པོ་དང་འབྲེལ་ནས་ཡུར་བུའི་ནང་ཆུ་ཤག་ཤག་ཏུ་རྒྱུ། ཞིང་ཐང་ན་གྲོ་ནས་སྲན་གསུམ་གྱི་འབྲུ་རིགས་སྣ་ལྔའི་ལོ་ཏོག་བསིལ་རླུང་གིས་བསྐྱོད་ནས་མགོ་ལྕོག་ལྡེམ་པ་དང་། ཞིང་ཁར་རྩྭ་ངན་འཐོག་མཁན་དང་། ཞིང་ཆུ་འདྲེན་མཁན་སོགས་སྣང་།

“རྒྱལ་ཁབ་འདི་དངོས་གནས་དཔེ་རེད་”

ཨ་ཁུ་ཆོས་བཟང་གིས་མིག་འོག་གི་གྲོང་ཚོའི་ཁོར་ཡུག་ཧྲིལ་པོར་ཞིབ་ལྟ་ཞིག་བྱས་པ་དང་འབྲེལ། མགོ་བོ་ལྕོག་ལྕོག་བྱེད་བཞིན་དེ་ལྟར་ཆིག་ལབ་ཅིག་བརྒྱབ།

ཨེ་མ། སྔོན་ཆད་གནམ་གྱི་ངོ་ལ་བལྟ་དགོས་པའི་ལོ་རྒྱུས་དེ་ད་ལྟ་དངོས་གནས་མཇུག་རྫོགས་འདུག སྔར་རི་སྒང་དུ་སྡོད་དུས། དཔྱིད་མགོ་མའི་དུས་སུ་སྡུག་ལས་སྣ་ཚོགས་མྱངས་ནའང་དབྱར་ཁ་གནམ་ནས་ཆར་པ་མ་འབབ་ན་ལོ་ཏོག་ཚ་བས་བསྐམས་འགྲོ། སྟོན་ལས་བྱེད་སྐབས་ཞིང་ཁ་ཚང་མ་ལག་བརྔས་རྒྱག་དགོས་པ་དང་། ཡོད་ཚད་རྟ་དྲེལ་དང་བོང་བུ་སོགས་ལ་འགེལ་དགོས། དེ་ནས་གཡུལ་ཁའི་ནང་སླེབས་རྗེས་བཙས་གྲིས་སྙེ་མའི་མགོ་སྐེ་རྣམས་སོ་སོར་ཕྲལ་དགོས་པ་དང་། དེ་རྗེས་རྟ་དྲེལ་གྱིས་འདྲུད་པའི་རྡོ་རིལ་﹙སྙེ་རྡོ་﹚གྱིས་མནན་ནས་འབྲུ་རྡོག་འདོན་དགོས། དེ་ནས་ཡང་ལྷགས་འཕྱར་བཏང་སྟེ་འབྲུ་དང་གྲ་རྡུལ་སོ་སོར་དབྱེ་བ་བྱེད། གལ་སྲིད་ཆར་པ་བཏང་ན་སྟོན་སྡུད་ཀྱི་ལས་ཀ་མཇུག་སྒྲིལ་དུས་དགུན་འཁྱག་བ་མོ་ལྷུང་བའི་དུས་ཀྱང་མང་པོ་ཞིག་བྱུང་མྱོང་། ཡང་སྐབས་རེ་སྔ་དྲོ་ཚར་མ་རྣམས་གཡུལ་ཁའི་ནང་བཀྲམས་ན། ཕྱི་དྲོ་ཆར་ཆུས་དེད་ནས་འདམ་སྦག་དང་མཉམ་དུ་འབྱར་སྡོད་ལ། དེ་བསྐམ་སེད་གཏོང་བར་ཉིན་གསུམ་བཞི་ཙམ་ལ་འཇོག་དགོས། ད་དུང་……ཨ་ཙི། ཚུལ་དེ་དག་དྲན་པས་ཅི་བྱེད། ཡོད་ཚད་ཕར་ལ་འདས་ཟིན་པས་ད་ལྟ་དགའ་སྤྲོ་སྐྱེས་ན་འགྲིག གྲོང་ཚོ་གནས་སྤོས་བྱས་པ་ནས་བཟུང་ལས་ཀ་མང་པོ་ཞིག་ལྡབ་འགྱུར་གྱིས་བྱེད་བདེར་སོང་ཡོད། དུས་གང་ཡིན་རུང་ཞིང་ཁར་ཐན་པ་བསྟན་པའི་སེམས་ཁྲལ་བྱ་མི་དགོས། སྟོན་ཀ་པུས་མོ་དང་སྐེད་པ་ན་ན་བར་ཞིང་ཁ་ལག་པས་བརྔ་མི་དགོས་པར་འཕྲུལ་ཆས་ཀྱིས་འཁྱུག་ཙམ་ལ་བརྔས་འགྲོ་བ་དང་། ཉིན་མོ་བརྔས་ཟིན་པའི་ལོ་ཏོག་རྣམས་དགོང་མོ་གཡུལ་གཏོང་འཕྲུལ་ཆས་ཀྱི་ཁ་ནང་དུ་རྫོང་ཅི་ཐུབ་བྱས་ཆོག ད་ལྟ་སྟོན་ལས་ལ་མང་ཤོས་འགོར་ནའང་ཉིན་གསུམ་བཞི་ཙམ་ལས་འགོར་གྱི་མེད་པས་སེམས་ཁྲལ་གང་ཡང་བྱ་དགོས་མེད།

ད་ལྟ་རང་ཁྱིམ་གྱི་གྲོ་འཐག་འཕྲུལ་ཆས་དང་། ཨ་ཁུ་བྱམས་པའི་སྣུམ་འཚག་འཕྲུལ་ཆས། ཨ་ཁུ་ཉི་མའི་རྩྭ་འཐག་འཕྲུལ་ཆས། ད་དུང་གྲོང་ཚོའི་ཐུག་བཤོ་འཕྲུལ་ཆས་བཅས་ཚང་མ། གློག་ལ་བརྟེན་ནས་འཁོར་གྱིན་ཡོད་པས། ས་ལེ་དབར་བཅུ་ཕྲག་ལྷག་གིས་ཆོད་པའི་རྫོང་དུ་འགྲོ་མི་དགོས། དེ་ནི་ཕྲུ་གུ་ཚོའི་བསོད་ནམས་ཡིན་པ་མ་ཟད། རྟ་དྲེལ་དང་བོང་བུ་དག་གི་བདེ་སྐྱིད་རེད།

སྔོན་ཆད། གྲོ་དང་གཟན་ཆས་འཐག་པའམ་སྣུམ་འཚག་ཏུ་འགྲོ་སྐབས། ངེས་པར་དུ་རྟ་དྲེལ་དང་བོང་བུ་རྣམས་ལ་ཁལ་འགེལ་དགོས་ཤིང་། ལྷག་དོན་རྫོང་དུ་སླེབས་སྐབས་གློག་མེད་པའམ་གློག་ཆད་པའི་སྐབས་དང་འཁེལ་དུས་ཉིན་གཉིས་གསུམ་ལ་སྒུག་དགོས།

ལོ་ཞིག་གི་ལོ་གསར་སླེབས་ཉེའི་མཚམས། རང་ཉིད་ཨ་ཁུ་པདྨ་དང་མཉམ་དུ་གྲོ་ཞིབ་འཐག་པར་སོང་མོད་གློག་ཆད་པའི་དུས་དང་འཁེལ་ཏེ། གྲང་ཟུག་ཆེ་བའི་མཚན་ཧྲིལ་པོར་ནམ་ལངས་ལངས་སྒུག་བསྡད་པ་དེ་དྲན་སྐབས། ད་ལྟ་ཡང་གྲང་འདར་རྒྱག་དགོས་པ་ཞིག་སྣང་།

གྲང་འདར་དེས་ཨ་ཁུ་ཆོས་བཟང་འདས་དོན་གྱི་ཀློང་ནས་ཕྱིར་དྲངས།

སྔར་དང་འདྲ་བར་སྣ་ཐ་འཐེན་ཞོར་དུ་སླར་ཡང་མ་གིའི་ལམ་སྣེར་བལྟ་ཙམ་བྱས། ལམ་སྣེ་ནས་གྲོང་ཚོའི་ཕྱོགས་སུ་བསྲིངས་པའི་ལམ་བུའི་སྟེང་ད་ལྟ་གང་ཡང་མི་སྣང་ཞིང་། ལམ་གཡས་གཡོན་དུ་རྩེ་མོ་དགུང་ལ་ཟུག་ཅིང་ཡལ་འདབ་ཕྱོགས་བཅུར་བརྐྱངས་པའི་ལྗོང་ཤིང་གི་སྟེང་དུ་བྱ་བྱིའུ་ཡི་ཚོགས་ནི་སྐད་སྙན་མི་སྒྲོག་པར་དབྱར་ཁའི་ཉི་འོད་ལ་གཡོལ་ཏེ་ངལ་གསོ་བཞིན་གནས། གྲོང་ཚོའི་ནང་ནས་བྱ་མོ་འགའ་རེས་སྒོང་སྐད་རྒྱག་པའི་སྐད་འགའ་རེ་ཐོས་འོང་། གྲོང་ཚོའི་མཐའ་འཁོར་དང་ཞིང་ཐང་བར་གྱི་སྔོ་ཐིང་ངེར་གནས་པའི་ལྗོན་ཤིང་གསེབ་ཏུ་གསར་དུ་སྐྱེས་པའི་རེའུ་ལུག་དང་། བེའུ། ཡ་ཙི་སོགས་རང་དགར་གནས་ཡོད་པ་དང་། གཞུང་ཆུ་སྔོན་མོའི་ལྷུང་ལྷུང་གི་སྐད་སྒྲ་རླུང་གི་འགྲོས་དང་བསྟུན་ནས་ལན་རེར་གསལ་ཞིང་ལན་རེར་མི་གསལ་བ་རེ་གོ་ཐུབ་པ་མ་ཟད། ཡ་གིའི་རི་ལྡེབས་སུ་འབྲས་ལྟར་སྤུངས་པའི་ར་ལུགས་གི་འབའ་སྒྲའང་མཚམས་རེར་ཐོས་འོང་།

གློ་བུར་དུ། ཨ་ཁུ་ཆོས་བཟང་ལ་འཚུབ་སྣང་ཞིག་སྐྱེས།

སྔོན་དང་འདྲ་བར་ཡ་ཐོད་ལག་པས་བཀབ་ནས་མ་གིའི་ལམ་སྣེར་བལྟ་ཙམ་བྱས། སྐབས་དེར་ལམ་སྣེ་ནས་རླངས་འཁོར་སྔོན་པོ་ཞིག་ཐལ་འཚུབ་ཕྱུར་རེར་བུད་བྱུང་། རླངས་འཁོར་དེ་གྲོང་ཚོའི་ཟུར་གྱི་ཟམ་པའི་ཚུར་རོལ་དུ་སླེབས་པ་དང་དེ་གར་བཞག རླངས་འཁོར་ནང་ནས་མི་ཞིག་བབས་ཏེ་ཨ་ཁུ་ཆོས་བཟང་གི་ཕྱོགས་སུ་ལག་གཡུག་བརྒྱབ་བྱུང་བས། ད་གཟོད་བུ་མོ་སྒྲོལ་མ་ཡིན་པ་ཤེས་ཏེ་ངོ་གདོང་ལ་སྤྲོ་སྣང་སྨྲ་མི་ཤེས་པ་ཞིག་རྒྱས།

“ད་སླེབས་བྱུང་”

ཁོས་སེ་མོའི་སྟེང་གི་སྣ་ཐ་རྔུབ་ཐེངས་གཅིག་གིས་གཙང་དག་བྱས་རྗེས། འཕྲལ་མར་ཡར་ལངས་ཏེ་ངོས་མི་སྙོམས་པའི་རི་ལམ་ཕྲ་མོ་བརྒྱུད་མར་བབས། དེ་ནས་རང་ཁྱིམ་གྱི་ཕྱོགས་སུ་གོམ་ཁ་སྤོས། གྲོང་ཚོའི་འགྲམ་གྱིས་སྔོ་ཐིང་ངེར་གནས་པའི་སྡོང་པོའི་བར་གསེང་ནས་ཁོའི་གཟུགས་བརྙན་རིམ་བཞིན་མི་སྣང་བར་གྱུར།

འབྲུག་མོས་ཞུ་དག་བྱས་པ། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ལས་དྲངས།



Friday, January 21, 2011

གླེན་པ་གཉིས།


སྔོན་ལུང་པ་ཞིག་ལ་རྡོ་རྗེ་དང་ཀུན་དགའ་ཟེར་བའི་གྲོགས་པོ་གླེན་པ་གཉིས་ཡོད། རྡོ་རྗེ་ནི་སེམས་ནང་གི་སྐད་ཆ་ཁ་ནས་བཤད་མ་ཐུབ་པར་བསྒོམ་ནས་རྟག་ཏུ་བློ་བུག་དོག་ནས་སྡོད་མཁན་ཞིག་དང་། ཀུན་དགའ་ནི་རྩེད་མོ་གླེན་རྟགས་ཚ་པོ་དེ་འདྲ་རྩེ་བར་དགའ་མཁན་ཞིག་ཡིན།

ཉིན་ཞིག་ཀུན་དགས་རྡོ་རྗེ་ལ་མཚར་གཏམ་ཐེབས་ཆག་ཞིག་བཤད་ཀྱང་རྡོ་རྗེས་གད་མོ་མ་བགད་པར་བརྟེན། ཀུན་དགས་རྡོ་རྗེ་བགད་ཆེད་ཨི་ཙི་གུ་ལུ་བླངས་པས། རྡོ་རྗེ་དགས་མོ་ཤོར་ཀྱང་ད་དུང་མུ་འཐུད་བླངས་པས་རྡོ་རྗེ་ཤི་གྲབས་བྱས། འོན་ཀྱང་དེའི་མོད་ལ་ཁང་པའི་ཕྱི་རོལ་ནས་ཁྱིས་ཟུག་པ་ལས་རེ་ཞིག་ཀུན་དགས་ཨི་ཙི་གུ་ལུ་བླང་རྒྱུ་བཞག་ནས་བལྟ་བར་སོང་།

ཉིན་ཞིག་ཁོང་གཉིས་ཆུ་བརྒལ་བར་མཚོ་ཞིག་གི་འགྲམ་དུ་སོང་། ཀུན་དགས་ཆུ་རྐྱལ་ཡག་པོ་ཤེས་ཀྱང་རྡོ་རྗེ་ཡག་པོ་ཤེས་ཀྱི་མེད། དེར་ཁོང་གཉིས་ཆུ་རྩེད་རྩེས་ནས་ལུས་པོ་ཡོངས་རྫོགས་ནུབ་ཙམ་གྱི་ཆུ་དཀྱིལ་དུ་སླེབས་དུས། ཀུན་དགས་རྩེད་མོ་རྩེས་ནས་རྡོ་རྗེ་ཆུའི་ནང་མར་ཡུན་རིང་སྣུབས་པས་རྡོ་རྗེ་ཤི་གྲབས་བྱས། འོན་ཀྱང་སྟབས་ལེགས་ནས་མཚོའི་གྲམས་སུ་ཤྭ་བ་ཞིག་ཆུ་འཐུང་སར་སླེབས་པ་ཀུན་དགས་མཐོང་ནས་བལྟ་བར་ཕྱིན། གོང་གསལ་རྩེད་མོ་གླེན་རྟགས་ཚ་པོ་དེ་གཉིས་རྩེ་དུས་རྡོ་རྗེས་རང་ཉིད་ཤི་གྲབས་བྱེད་ཚུལ་ཀུན་དགའ་ལ་ཚིག་གཅིག་མ་ལབ་ཀྱང་སེམས་སུ་བཟོད་མི་ཤེས་པའི་འཇིགས་སྣང་དང་ཁོང་ཁྲོ་ཟ།

ཡང་ཉིན་ཞིག་ཁོང་གཉིས་རྟ་གཞོན་ནས་ཕྱིན། ཀུན་དགའ་ནི་རྟ་བཞོན་རྒྱུར་དགའ་ཞིང་བཞོན་མཁས་ལ་རྡོ་རྗེ་ནི་དེ་ལས་ལྡོག་སྟེ་རྟ་བཞོན་རྒྱུར་སྐྲག་ཅིང་བཞོན་ཡང་ཡག་པོ་ཤེས་ཀྱི་མེད། རྡོ་རྗེས་རྟ་བཞོན་ནས་སྔོན་ལ་ཕྱིན། ཀུན་དགས་དེའི་མཇུག་དེ་གར་ཕྱིན། ཀུན་དགས་རྡོ་རྗེ་རྟ་བཞོན་རྒྱུར་སྐྲག་གི་ཡོད་པ་ཤེས་ཀྱི་ཡོད་པས་རྩེད་མོ་རྩེས་ནས་རྡོ་རྗེའི་རྟ་ལ་རྟ་ལྕག་ཞུས། རྡོ་རྗེའི་རྟ་རྒྱུགས་ཕྱིན་པས་རྡོ་རྗེ་ཞེད་ཐག་ཆོད་ནས་མ་བྱས་དང་ཟེར་ཀྱང་ཀུན་དགས་མ་ཉན་པར་ད་དུང་རྡོ་རྗེའི་རྟའི་མཇུག་ཏུ་རྒྱུགས་ཕྱིན་ནས་རྟ་ལྕག་ཞུས་པས། རྡོ་རྗེས་ཁོང་ཁྲོང་ཟ་ནས་སྐེད་པ་ནས་གྲི་བཏོན་ནས་ཙུག་གུར་སྡོད་དང་ཟེར་ནས་མིག་གིས་མ་བལྟས་པར་གྲི་བརྒྱབ་གཡུག་བྱས་པས། རྒྱབ་ནས་རྟ་ལྕག་ཞུ་བར་འོང་ཀུན་དགའི་སྐེ་ལ་ཕོག་ནས་དེ་མུར་ཀུན་དགའ་ས་ལ་བརྒྱལ།
ཡུན་རིང་མི་འགོར་བར། ཀུན་དགའ་སྲོག་དང་བྲལ། རྡོ་རྗེ་གྲོགས་པོ་དང་བྲལ། ཁྲིམས་ཁང་གི་ལག་ལྕག་གྱང་དང་བྲལ། བཙོན་ཁང་ཐོ་དེབ་༢༣༤ སྨྱུ་གུ་དང་བྲལ། ཁོ་བོའི་རྩོམ་སྒྲུང་བརྗོད་བྱ་དང་བྲལ།

ལེགས་བཤད།
རང་ཚོད་རང་གི་མ་བཟུང་།།
རང་གཏམ་གཞན་ལ་མ་བཤད།།
གླེན་རྟགས་ཁོ་ན་བྱེད་ན།།
གླེན་པ་གྲོགས་དང་བྲལ་ཡོང་།།

Tuesday, September 21, 2010

གྲོག་མ།

ཤ་ཀླན་འཇམ་དབྱངས་གྲགས་པ།
ངས་འཛིན་གྲོགས་ཤིག་གམ་ཉལ་གྲོགས་ཤིག་གི་མིན་ནམ་སྙམ་པའི་དཔེ་ཁུག་ཅིག་ཏུ་དཔེ་དེབ གམ་དངོས་རྫས་འགའ་བཅུག་ནས་ཕྲག་པར་ཁུར།ལག་གཡས་སུའང་ལམ་ཟུར་གྱི་སྟབས་བདེའི་ཟ་ཁང་ཞིག་ནས་ཉོས་པའི་སྒོང་སྒྲིལ་ཞིག་བཟུང་སྟེ་བཞི་མདོ་ནས་སློབ་གྲྭའི་ཕྱོགས་སུ་བསྲིངས་པའི་གཞུང་ལམ་ཐོག་བསྐྱོད།གཞུང་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་ཤིན་ཏུ་མང་ལ་མི་མང་ཆེ་བ་ངས་མཐོང་མ་ཞེ་ཅིག་སྟེ་ནམ་རྒྱུན་གྱི་ལམ་འགྲུལ་བ་ཚོ་དང་གཏན་ནས་མི་མཚུངས།འཕྲུལ་འཁོར་རྣམས་ཀྱང་སྔར་མ་དག་ལས་སྐད་ཅོར་ལྡབ་འགྱུར་གྱིས་ཆེ།ང་རྒྱུན་ལྡན་མིན་པའི་སྣང་ཚུལ་དག་ལ་ཡ་མཚན་ཅི་ཡང་མ་སྐྱེས་པར་ལམ་ཟུར་དུ་རྡོ་ལེབ་ཅིག་གི་སྟེང་བསྡད་དེ་ཐ་མག་ཅིག་ལ་མེ་བསྒྲོན།
མི་འདི་ཚོར་བྲེལ་བ་འདི་འདྲ་ཆེ་དོན་ཅི་ཡིན་ནམ།ང་དང་ལམ་ཕར་ཟུར་གྱི་མི་སུ་ཐུག་ལ་ལྟོ་སློང་བའི་མུ་ཏོ་བ་འགའ།དེ་མིན་གཞོན་ནུ་ཕོ་མོ་ཆ་རེར་བསྡེབས་ནས་རྒྱ་སྲང་དང་ཚོང་ཁང་ཉུལ་བཞིན་པ་དག་ལས་གཞན་ཡོད་ཚད་ནི་འཁྲུག་ཆེན་གཉིས་པའི་དམར་འཛིང་དམག་བཞིན་ཟང་ཟིང་ལང་ལིང་གིས་བསྐྱོད་བཞིན་འདུག
ངས་ལམ་འགྲུལ་བ་ཚོར་མིག་སྐྱེལ་བྱེད་ཞོར་དུ་ཐ་མག་མཛུབ་བར་དུ་བཅུག་ནས་ཤུགས་ཀྱིས་འཐེན་པ་ན་གང་མཚམས་ཤིག་ནས་དཀྱིལ་མཛུབ་དང་གུང་མཛུབ་གཉིས་ནས་ཚ་བེར་བེར་གྱི་ཚོར་བ་ཞིག་བྱུང་བས་དེ་མ་ཐག་འཐེན་འཕྲོ་སར་གཡུགས་ཏེ་རྡོག་བརྫིས་བཏང་།ངས་དཔེ་ཁུག་མདུན་དུ་བླངས་ནས་ཁ་འབྱེད་རྩིས་བྱེད་སྐབས་དཔེ་ཁུག་ལས་ཆེ་ཆུང་མཐེ་བོང་གི་སེན་མོ་ཙམ་ཡོད་པའི་འབུ་གྲོག་མ་ཞིག་ཐོན་བྱུང་། “ཨོ། མི་འདི་ཚོ་གྲོག་མ་དང་འདྲ་བོ་འདུག གྲོག་མ་རྡོ་ཚ་བོའི་སྟེང་དུ་བཞག་པ་དང་འདྲ་བོ་འདུག” ངས་དེ་ལྟར་དྲན་ཞིང་ཁེར་བགད་ཡིད་ཚིམས་པ་ཞིག་བྱས། སླར་ཡང་དཔེ་ཁུག་ཀྱི་ཕྱོགས་སུ་ལག་པ་བརྐྱངས་སྐབས་དཔེ་ཁུག་ལས་ད་གིན་དེ་ལས་གཟུགས་བོང་ཆེ་ཙམ་གྱི་གྲོག་མ་གཉིས་གསུམ་ཞིག་ཐོན་བྱུང་། ང་མུ་མཐུད་དུ་བགད་འདུན་མ་སྐྱེས་པས་ཅུང་སྒམ་པས་དཔེ་ཁུག་ཏུ་ལག་པ་བཅུག་མོད།ཉུག་ཉུག་ཇི་ཙམ་བྱས་ཀྱང་དངོས་རྫས་ཤིག་དང་ཕྲད་རྒྱུ་མ་བྱུང་།དེ་ལས་ལྡོག་སྟེ་ལག་ངར་དང་མཛུབ་བར་དུ་སྲོག་ཆགས་ཆུང་ཆུང་མང་པོ་ཞིག་འགུལ་བཞིན་པའི་སྣང་བ་སྦྱིན། ང་མྱུར་སྟབས་ཀྱིས་སྡོད་གནས་ལས་ལངས་ཤིང་དཔེ་ཁུག་ཏུ་ཞིབ་བལྟས་བྱས་པ་ན་དཔེ་ཁུག་ཏུ་དངོས་རྫས་ཤིག་མཐོང་སར་མེད་པར་གྲོག་མ་ཆེ་ཆུང་མང་པོས་ཁེངས་འདུག
ངས་དངངས་སྐྲག་སྒོས་དཔེ་ཁུག་སྐེ་ནས་བཤུ་བར་རྩོམ་སྐབས་དེའང་ཇེ་ལྕི་རུ་སོང་བའི་ཚོར་སྣང་ཞིག་གིས་གཏན་ནས་བཤུ་མ་ཐུབ། མཐར་ང་འུ་ཐུག་སྟེ་འོ་དོད་འདོན་བཞིན་རྒྱུགས། ཡ་མཚན་པ་ཞིག་ལ་མི་འདི་དག་གིས་ང་ལ་དོ་སྣང་ཙམ་ཡང་མི་བྱེད་པར་མ་ཟད་ཐད་ཀར་གདོང་ཐུག་རྒྱག་དུས་ཀྱང་གཟུར་ཙམ་བྱེད་པ་ལས་འབྲོ་བ་དང་འུར་རྒྱག་པ་སོགས་གཏན་ནས་མི་བྱེད།གང་མཚམས་ཤིག་ནས་ངའང་འབྲོ་མི་ཐུབ་པར་གྱུར། ད་ལྟར་ངའི་ལུས་ཧྲིལ་བོ་གྲོག་མས་གཡོགས་ཟིན་ལ་མིག་ཀྱང་འབྱེད་་དཀའ་བར་གྱུར་འདུག ངས་ནུས་ཤུགས་ཡོད་ཚད་ཀྱིས་མིག་གཡས་པ་ཕྱེ་མ་གཙུམ་ཙམ་བྱས་ཏེ་བལྟས་སྐབས་ཕར་ཕྱོགས་ཀྱི་མི་དེའང་གྲོག་མས་གཡོགས་འདུག་པར་མཐོང༌།ངས་ཤིན་ཏུ་རྩོལ་བ་ཆེན་པོས་ཁའང་གདངས་ཏེ་མི་དེ་ལ་“གྲོག་མ…གྲོག་མས..ཁྱེད་གྲོག་མས་གཡོགས་འདུག”ཅེས་སྐད་རྒྱག་པར། ཁོས་སྣང་དོགས་ཅི་ཡང་མེད་པར་གྲོག་མ་དེ་ཚོར་རེག་རེག་ཙམ་བྱས་ཏེ་“ང་མ་གཞི་ནས་གྲོག་མ་ཞིག་ཡིན།”ཟེར། ང་ཤིན་ཏུ་ཡ་མཚན་ཏེ་མདུན་ཕྱོགས་ནས་ཡར་ཡོང་བཞིན་པའི་མི་དེ་ལ་ལྟ་སྐབས་དེའང་གྲོག་མས་གཡོགས་འདུག
མི་གཞན་ཚོར་བལྟ་བར་རྩོམ་པ་ན་གྲོག་མ་གཉིས་གསུམ་ཞིག་སྔ་གཞུག་རྩད་དེ་མིག་གོང་དུ་འཛེག་བྱུང་བས་ངས་མིག་ཤུགས་ཀྱིས་གཙུམ་དགོས་བྱུང༌། ཕལ་ཆེར་ཁོ་ཚོའང་གྲོག་མས་གཡོགས་ཡོད་ཤེ་ཆེ། ང་མགོ་རྨོངས་སོང༌། “ངོ་མ་ཁོ་ཚོ་གྲོག་མ་ཡིན་ནམ། ཡང་ན་ང༌། མིན། གཏན་ནས་ཡིན་མི་སྲིད།སུ་གྲོག་མ་ཡིན་ནའང་ང་ཡིན་མི་སྲིད།”ངས་དེ་ལྟར་དྲན་ཞིང་སླར་ཡང་མིག་འབྱེད་འཛུམ་བྱེད་པར་འབད།བར་སྐབས་ཤིག་ལ་རྣ་རྩ་ནས་ཡར་འཛེག་བཞིན་པའི་གྲོག་མ་པྲ་ཆལ་དེས་ནུས་ཤུགས་ཕྱུངས་ཏེ་ངའི་འགྲམ་ངོས་སུ་མཆུ་མདུང་བཙུགས་བྱུང་བས་ངས་“ཨ་ཚ”ཞེས་སྐད་ངན་འདོན་བཞིན་འགྲམ་ལྕག་ཅིག་གཞུས་པས་ཚ་བེར་བེར་གྱི་ཚོར་བ་ཞིག་དང་ལྷན་གཉིད་ལས་སད།དེ་ནི་མ་གཞི་གཉིད་ལམ་ཞིག་ཡིན་པར་འདྲ། ཡིན་ཡང་ད་གིན་གྱི་གྲོག་མ་པྲ་ཆལ་དེ་མིན་ནམ་སྙམ་པའི་གྲོག་མ་མཐེ་བོང་གི་སེན་མོ་ཙམ་ཞིག་ད་དུང་རྣ་རྩར་འབྱར་འདུག
ངས་ཕར་ཕྱོགས་ཀྱི་མལ་ཁྲིའི་ཐོག་ནས་ཅི་ཞིག་སྐྱོར་བཞིན་པའི་ཉལ་གྲོགས་དེར་“ཁྱེད་གྲོག་མ་ཡིན་ནམ”ཞེས་དྲིས་པར། ཁོས་བགད་ཙམ་བྱས་ཏེ་“ད་དུང་གཉིད་ལབ་རྒྱག་བཞིན་ཡོད་དམ”ཟེར། ངས་ཀྱང་ཀུ་རེ་ཡིན་པའི་ཁུལ་གྱིས་བགད་ཙམ་བྱས་རྗེས་སོ་འཁྲུ་ཁ་ནང་དུ་བཅུག་སྟེ་ཁྲུས་ཁང་དུ་སོང༌།ང་ཚུར་ཡོང་སྐབས་གྲོག་མའི་སྐོར་དེ་ཕལ་ཆེར་བརྗེད་ཟིན། གློ་བུར་དུ་ང་ལ་སྒྲུང་གཏམ་ཞིག་འབྲི་འདོད་ཆེན་པོ་སྐྱེས་སོང་བས་བསམ་གཞིག་བྱེད་ཞོར་དུ་རབ་གསལ་ནས་གྲོང་ཁྱེར་གྱི་ཁང་བརྩེགས་དག་ལ་ཅེར། ངས་བསམ་པར་གལ་ཏེ་ངས་སྒྲུང་གཏམ་ཞིག་འབྲི་ན་དེ་བརྩེ་དུང་སྐོར་གྱི་སྒྲུང་གཏམ་ཞིག་ཡིན་དགོས།དེའང་ང་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་དགོས།ང་ལ་ཆ་རྒྱུས་ཡོད་པ་ནི་བརྩེ་དུང་འབའ་ཞིག་ཡིན་ལ་དེ་ལས་ཕན་ཞིང་གྲོང་གི་འཚོ་བ་དང་།འབྲོག་པའི་སྐྱིད་སྡུག་སོགས་ཕ་ཡུལ་གྱི་ཡོད་ཚད་ནི་རྣ་བས་ཟ་ཟི་ཞིག་གོ་མྱོང་བ་ཙམ་ལས་མིག་གི་དབང་པོས་སྤྱོད་མྱོང་མེད་པས་དེ་དག་བྲིས་ན་གཞན་ལ་བཞད་གད་སློང་ངེས།དེ་བས་ངའི་སྒྲུང་གཏམ་གྱི་ཁ་བྱང་དུའང་<<བརྩེ་དུང་གི་གཏམ་རྒྱུད>>དམ་གཞན་བརྩེ་དུང་མཚོན་ཐུབ་པའི་མིང་ཡག་པོ་ཞིག་གདམ་དགོས།
དེ་ནས་ངས་གྲོག་མ་དེ་ཚོ།མ་རེད།རྨི་ལམ་ནང་གི་གྲོག་མ་དེ་ཚོ་སྒྲུང་གཏམ་དུ་འབྲི་དགོས་མིན་ལ་བསམ་བློ་གཏང་།དེ་ཚོ་འབྲི་མི་རུང་།གང་ལགས་ཤེ་ན་གྲོག་མ་ནི་འཇིག་རྟེན་ཐོག་གི་སེམས་ཅན་ནུས་མེད་ཅིག་དང་ཆེས་མི་སྡུག་པ་ཞིག་ཡིན་པས་(དམའ་མཐའ་ཡང་སྐབས་དེར་ངས་དེ་ལྟར་དྲན་ཡོད)དེ་ཚོ་ངའི་བརྩེ་དུང་སྐོར་གྱི་སྒྲུང་གཏམ་ནང་དུ་འཇུག་དོན་མེད།དེ་ནས་ངས་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོའི་ཕྱོགས་སུ་བསམ་བློ་བཏང་། ངོ་མ་འདི་ནི་ཆེས་དཀའ་ཚེགས་ཅན་གྱི་བྱ་བ་ཞིག་རེད། རྩོམ་པ་པོ་གྲགས་ཅན་དེ་ཚོས་མི་སྣ་གཙོ་བོ་ཇི་ལྟར་འདེམས་བཞིན་ཡོད་དམ། ཁོ་ཚོའི་མོས་ཕྱོགས་ཙམ་ཞིག་འདེམས་བཞིན་ཡོད་དམ། ཡིན་མི་སྲིད།
སྒྲུང་གཏམ་དུ་མི་སྣ་གཙོ་བོ་ནི་མི་ཐ་ཤལ་དང་རང་ག་བའང་བདམས་ཡོད་པས་མི་དེ་དག་རྩོམ་པ་པོ་ཚོས་མོས་ཕྱོགས་ག་ལ་ཡིན། ངས་དེ་ལྟར་སེམས་བཞིན་ཕལ་ཆེར་མི་སྣ་གཙོ་བོ་བློ་ངོར་ཤར།ཉལ་ཁང་དུ་ལོག་རྗེས་དེ་རིང་སྤྱི་ལེར་བཅོ་ལྔ་ཙམ་གྱི་སར་ཡོད་པའི་གྲོགས་པོ་ཞིག་གི་རྩར་བྱ་བ་གལ་ཆེན་ཞིག་སྒྲུབ་ཏུ་འགྲོ་དགོས་པ་དེ་དྲན་གསོས་པས་མྱུར་དུ་གོན་པ་བརྗེ་བ་དང་སྐྲ་སྣུམ་དང་ངོ་སྣུམ་འབྱུག་པ་སོགས་ནམ་རྒྱུན་ཕྱི་རུ་འགྲོ་དུས་ཀྱི་རྒྱུན་སྲོལ་རྣམས་བསྐྱངས།དེ་རྣམས་ལེགས་པར་གྲུབ་རྗེས་ཕལ་ཆེར་རང་གི་གཟུགས་པོ་དང་ཆེ་ཆུང་མཉམ་པའི་ཤེལ་སྒོ་དེའི་མདུན་དུ་ལངས་ནས་ཕར་འཁོར་ཚུར་འཁོར་ལན་འགའ་བྱས། སྐབས་དེར་ངས་གྲོག་མ་བརྗེད་ཟིན་ལ་སྒྲུང་གཏམ་སྐོར་གྱི་གནས་ཚུལ་ལའང་བསམ་གཞིག་བྱེད་ཀྱིན་མེད།
ང་བཞི་མདོར་ཐོན་སྐབས་དེ་རུ་གླ་འཁོར་གཅིག་ཀྱང་མཐོང་ཡུལ་དུ་མི་འདུག ངས་འབྲུ་མི་གསལ་བའི་དམོད་པ་འགའ་བོར་རྗེས་གཞུང་ལམ་ཟུར་ནས་གོམ་པ་སྤོས་ཏེ་ཡར་ཙམ་སོང་བ་ན་ཁུག་མགོ་དེ་ནས་གླ་འཁོར་ཞིག་མར་ཡོང་བཞིན་པ་མཐོང་། ངས་རྐང་འགྲོས་དལ་དུ་བཏང་ནས་ལག་པ་གཡུག་ཙམ་བྱས། གླ་འཁོར་ང་དང་ཉེ་བར་སླེབས་དུས་ནང་དུ་གཞོན་ནུ་ཕོ་མོ་ཟུང་འཛེག་འདུག་པར་མཐོང་།ཕོ་གཞོན་དེས་གཞོན་ནུ་མའི་སྐེ་ནས་འཇུས་ཤིང་ཕྲག་གཡས་པར་རྡེབ་རྡེབ་ལན་འགའ་བྱས།
ངས་གློ་བུར་དུ་མདང་དགོང་གི་གྲོག་མ་དག་དྲན་བྱུང་བས་རང་དབང་མེད་པར་ངག་ནས་"གྲོག་མ"ཞེས་ཤོར། དེ་ལབ་ཚར་རྗེས་ང་ལ་འགྱོད་པ་ཚད་མེད་ཅིག་སྐྱེས་ཤིང་གཞོན་ནུ་དེ་གཉིས་ཀྱིས་གོ་ཨེ་ཡོད་སྙམ་བཞིན་མགོ་བོ་དགྱེ་ཙམ་བྱས་ཀྱང་ཕལ་ཆེར་གོ་མེད་པར་འདྲ། ཁོ་གཉིས་གཏམ་གླེང་གི་རྒྱ་རུ་ཚུད་འདུག
མཚམས་མཚམས་སུ་གཞོན་ནུ་མ་དེས་ཁྲོ་ཉམས་རེ་བསྟན་ཅིང་ཡང་ཕོ་གཞོན་དེས་ཞུ་བ་རེ་བྱས་རྗེས་ཁོ་གཉིས་ཀ་བགད་པར་བྱེད།སློབ་གྲྭ་དང་ཐག་མི་རིང་བའི་ས་ནས་ཁོ་གཉིས་གླ་འཁོར་ལས་བབས། མ་གཞི་ངས་ཀྱང་ཁོ་གཉིས་དེ་རུ་བབས་རྒྱུ་ཡིན་པ་ཤེས་པར་མ་ཟད་ཁོ་གཉིས་ཀྱང་གསལ་ཐག་ཆོད་ཤེས་ཡོད།ཁོ་གཉིས་གླ་འཁོར་དང་བྲལ་ནས་ཡུན་རིང་མ་སོང་བར་ངས་གླ་འཁོར་ཁ་ལོ་བ་བོས། ད་ལྟ་ངས་ཤིན་ཏུ་སེམས་ཆུང་སྒོས་བོས་ཡོད་པས་གཞོན་ནུ་ཕོ་མོ་དེ་གཉིས་ཀྱིས་གོ་མི་སྲིད། ཁ་ལོ་བས་ང་ལ་ལྟ་ཙམ་བྱས་རྗེས་འཁོར་ལོའི་ཁ་བསྒྱུར་དེ་ངའི་ཕྱོགས་སུ་སླེབས་བྱུང་། ངས་རིན་གོང་ཡང་སྐད་ཆ་མ་དྲིས་པར་བྱང་ཆ་དོད་པས་འཁོར་ལོའི་ཐོག་ཏུ་འཛེག
"གང་དུ་འགྲོ་རྒྱུ"ཡུད་ཙམ་གྱི་རྗེས་ཁ་ལོ་བས་དེ་ལྟར་དྲིས། ཨོ་ཅིས་མི་བདེན། ངས་ཁོ་ལ་འགྲོ་ཡུལ་ཡང་བཤད་མེད།
"རྒྱ་སྲང་ག་གེ་མོའི་མི་དམངས་དངུལ་ཁང་གི་ལྡོག་ཕྱོགས་སུ་འགྲོ་རོགས།"ཁོས་འཐད་པའི་བརྡ་ལ་མགོ་བོ་གཡུགས་ཙམ་བྱས། སྐབས་དེར་ང་སྡོད་སའི་རྐུབ་བཀྱག་དེ་ཤིན་ཏུ་དྲོ་བའི་སྣང་བ་ཞིག་བྱུང་ཞིང་བསམ་བློ་ཞིག་བཏང་སྐབས་དེ་ནི་ལོས་ཡིན་ཏེ་གཞོན་ནུ་གཉིས་དེ་ད་ལྟ་སོང་མ་ཐག་པ་མ་ཡིན་ནམ།
ངས་ཞིབ་ཏུ་བསམ་བློ་ཞིག་བཏང་སྐབས་ད་ལྟ་ང་བསྡད་ས་འདི་ད་གིན་ཕོ་གཞོན་དེའི་བསྡད་ས་རེད་འདུག དེ་ཤེས་རྗེས་ང་ལ་ཅུང་དོགས་མི་བདེ་བའི་ཚོར་སྣང་ཞིག་བྱུང་བས་ལམ་སང་ཕར་ཕྱོགས་སུ་བསྡད་གནས་སྤར།ད་ནི་ང་ལ་དོགས་མི་བདེ་བའི་ཚོར་སྣང་ཅི་ཡང་མེད་ལ་མདང་དགོང་གི་གྲོག་མ་དང་སྒྲུང་གཏམ་སོགས་ཡོད་ཚད་བརྗེད་ཟིན།ངོ་མ་སྐབས་དེར་ང་བརྗེད་ཆུ་འཐུང་པ་དང་ཀུན་ནས་འདྲ་ལ་ང་ཚོ་མང་པོ་ཞིག་ཀྱང་མཚམས་རེར་བརྗེད་ཆུ་འཐུང་པ་དང་ཀུན་ནས་མཚུངས་ཨང༌། ཅི་ཡང་དྲན་རྒྱུ་མེད་པའི་དུས་སྐབས་ནི་ང་ལ་མཚོན་ན་ཤིན་ཏུ་སྐྱིད་པའི་གནས་སྐབས་ཤིག་རེད། སྐབས་དེར་ང་སེམས་པ་ལྷོད་དུ་བབས་ནས་གཡས་གཡོན་རྒྱབ་མདུན་ཡོངས་སུ་གཡེང་ཆོག་ལ་སྐེ་མཆིང་ལྷུག་ཏུ་བཏང་ནས་གླ་སྒྱིང་རེའང་བྱེད་ཆོག
བར་སྐབས་ཤིག་ལ་ངའི་གཞུག་ནས་ཡོང་བཞིན་པའི་སྦག་སྦག་འཁོར་ལོ་དེས་རྣ་ལ་གཟན་པའི་ཏུག་སྒྲ་ཞིག་རྒྱག་པས་ངའི་ལྷིང་འཇགས་ཡོངས་སུ་དཀྲོགས། སྐབས་དེ་ཏག་ཏག་ལ་ངའི་ངོ་ཤེས་ཞིག་གིས་ཕར་ཕྱོགས་ནས་ང་ལ་ལག་གཡུག་བྱེད་བཞིན་འདུག ངས་ཨུ་ཚུགས་སྒོས་གླ་འཁོར་བཀག་བཅུག་རྗེས་ངོ་ཤེས་དེ་ཐུག་པར་བསྐྱོད།"གྲོག་མ། དེང་སང་མཐོང་སར་མེད་པར་གང་དུ་འགྲོ་བཞིན་ཡོད།"ངས་དེ་ལྟར་གཏམ་མགོ་བཙུགས་མོད། སྐད་ཆ་སྔོན་མ་དེ་ཤོར་བས་ང་ལ་འགྱོད་པ་ཅུང་ཙམ་སྐྱེས། ཁོས་འཛུམ་ཙམ་དང་བཅས་"དེང་སང་བྱ་བར་བྲེལ་བ་ཆེ་བས་ཁོམ་ལོང་ཞིག་ག་བར་ཡོད།"ཅེས་བཤད་ཅིང་ངས་བཤད་པའམ་ཤོར་བའི་"གྲོག་མ"ཞེས་པར་སྣང་དོགས་ཙམ་ཡང་བྱེད་ཀྱི་མི་འདུག མ་གཞི་དེ་ལོས་ཡིན་ཏེ་ཁོའི་མིང་འདོགས་གྲོག་མ་རེད། ངས་དེ་དྲན་གསོས་པ་དང་སྤོབས་པའང་ཅུང་རྒྱས་བྱུང་བས་མུ་མཐུད་ནས་"ཁྱེད་ཀྱིས་བལྟས་ན་གྲོག་མ་དེ་སེམས་ཅན་ཅི་འདྲ་ཞིག་རེད"ཅེས་དྲིས།ཁོས་ཤིན་ཏུ་ཡ་མཚན་པའི་མིག་ཟུང་ང་ལ་བཏོད་ནས་"དེ་དྲིས་ནས་ཅི་བྱེད།"
"ངས་རང་དགར་དྲིས་པ་ཡིན"ངས་ཁོའི་ཡ་མཚན་པའི་རྣམ་འགྱུར་སྐྱུག་བྲོ་བ་དེ་མཐོང་མི་འདོད། དེ་རྗེས་ངེད་གཉིས་ཁོའི་བྱ་བའི་སྐོར་གྱི་སྐད་ཆ་འགའ་བཤད་ནས་སོ་སོར་བྲལ།
ང་གླ་འཁོར་དུ་བསྡད་དེ་སྔོན་བཞིན་བསྐྱོད་མོད། སེམས་པ་བསམ་གཞིག་འདྲ་མིན་གྱི་རྒྱར་ཚུད་ནས་ལྷོད་ལ་བབ་ཐབས་མ་བྱུང་། སྐབས་དེར་ཡང་ང་ལ་ཡང་སྒྲུང་གཏམ་འབྲི་འདོད་ཆེན་པོ་བྱུང་ཞིང༌། ངས་སྒྲུང་གཏམ་ནང་གི་ཞིབ་འབྲིའི་ཐད་ལ་བསམ་བློ་བཏང་།ཞིབ་འབྲིའི་ཐད་ལ་སྔོན་ཞིག་ཏུ་དཔེ་དེབ་ཅིག་ལས་རང་ཉིད་ཀྱི་ལྟ་ཚུལ་དང་ཤིན་ཏུ་མཐུན་པ་ཞིག་གསུངས་འདུག་པར་མཐོང་བས་དེར་སློབ་དགོས་ངེས་སྙམ། དེར་སློབ་ན་དམའ་མཐའ་ཡང་རང་ཉིད་ཀྱི་ལྟ་ཚུལ་དེ་ཅུང་འཐུས་སྒོ་ཚང་བ་ཞིག་ཏུ་འགྱུར་ཐུབ་ངེས།དེ་ལྟར་སེམས་ཀྱིན་གཡས་གཡོན་གྱི་ཡུལ་ལྗོངས་དང་མི་དག་ལ་བལྟ་སྐབས་དེ་ཚང་མ་ངས་ད་ལྟ་བློས་སློང་བྱེད་བཞིན་པའི་སྒྲུང་གཏམ་དང་གཏན་ནས་མི་འཚམ། ཡིན་ཡང་རྩོམ་པ་པོ་ཞིག་ལ་མཚོན་ན་ནམ་རྒྱུན་ནས་བྱ་དངོས་ལ་ཞིབ་ཚགས་སྒོས་འཇུག་དགོས་པ་གོ་བས་ངས་ཀྱང་རེ་རེ་བཞིན་ཞིབ་བལྟས་བྱས་པ་ཡིན____གད་འཕྱག་བཞིན་པའི་ཨ་མ་རྒན་མོ་དང་། གོས་གདང་དུ་གོན་པ་སྐམ་བཞིན་པའི་ཕོ་གསར་དར་མ། ད་དུང་ཡར་མར་འགྲོ་བཞིན་པའི་ལམ་འགྲུལ་བ་ཚོར...
"དངུལ་ཁང་དུ་སླེབས་སོང་"གང་མཚམས་ཤིག་ནས་ཁ་ལོ་བས་འཁོར་ལོ་བཀག་སྟེ་དེ་ལྟར་བཤད། ང་ཤུགས་ཀྱིས་སར་བབས་ནས་སྒོར་བཅུ་ཤོག་ཅིག་ཕར་བསྲིངས། ཁ་ལོ་བས་མ་རངས་པའི་ཚུལ་གྱིས་བཤད་རྒྱུར་"ད་དུང་སྒོར་ལྔ་སྣོན་རོགས།"ངས་ཁོང་ཁྲོ་ཆེན་པོས་"ཁྱེད་ཀྱིས་ང་ས་ཆ་འདིར་གསར་དུ་སླེབས་པ་རེད་སྙམ་མམ། ཁྱེད་རང་འཆུག་སོང་"ཞེས་བཤད་རྗེས་སྒོར་མོ་བཅུ་ཤོག་དེ་ཁོའི་རྩར་གཡུགས་ནས་འཕྲེད་ལམ་བརྒལ་ཏེ་གྲོགས་པོའི་སྡོད་གནས་སུ་སོང༌།གྲོགས་པོའི་རྩ་ནས་ཚུར་ལོག་སྐབས་ཕྱི་དྲོ་ཆགས་འདུག ང་ལོབས་ཕྱོགས་ལྟར་སློབ་གྲྭའི་ཉེ་འགྲམ་གྱི་དྲ་ཁང་ཞིག་ཏུ་འཛུལ་ནས་འཛམ་གླིང་གི་ཡུལ་གྲུ་གང་སར་ཡོད་པའི་མི་ཚོ་དང་གཏམ་གླེང་བྱེད་མགོ་བཙུགས།ངས་ཙི་གུས་མདའ་རྩེ་དེ་གཡུ་སྒྲོན་ཞེས་པའི་མིང་དེར་བཏོད་རྗེས་གུང་མཛུབ་ཀྱིས་ཤུབས་ཀྱིས་གནོན་པ་ན་ཡིད་དུ་འོང་བའི་བུ་མོ་ཞིག་གི་པར་རིས་མངོན་བྱུང༌། ཡིན་ཡང་མོའི་གདོང་གི་དབྱིབས་རྣམ་ལས་བོད་པ་ཡིན་པའི་ངེས་ཤེས་ཤིག་རྙེད་མི་ཐུབ། ངས་བྱང་ཆ་དོད་པོས་"ཀྭ་ཡེ་གཡུ་སྒྲོན་ལགས་"ཞེས་པའི་ཡིག་འབྲུ་རྣམས་བཏབ་སྟེ་བཏང་།
"ལགས་ཡོད།ཁྱེད་སུ་ཡིན་པ་ངས་ཤེས་ཆོག་གམ།"
"ཅི་ལ་མི་ཆོག ཡིན་ཡང་དང་པོར་ངའི་དྲི་བ་ཞིག་ལ་ཁྱེད་ཀྱིས་ལན་འདེབས་ཐུབ་བམ།""ཐབས་ཤེས་བྱེད་ངེས།"
"ཁྱེད་ཀྱིས་བལྟས་ན་གྲོག་མ་དེ་སེམས་ཅན་ཅི་འདྲ་ཞིག་རེད།"
" གྲོག་མ་དེ་འཛམ་གླིང་གི་སེམས་ཅན་རླབས་ཆེ་ཤོས་དེ་རེད།"
"ཅིའི་ཕྱིར།"
"ཨོ། དགོངས་དག ང་གྲོགས་མོས་འབོད་བྱུང་བས་ཁོམ་པ་མི་འདུག རྗེས་སུ་མཇལ་ཡོང་།དེ་དུས་ངས་ཁྱེད་ལ་ལན་གདབ་ངེས།"
"་་་་་་་་"
ངས་ཡིག་འབྲུ་འགའ་བཏབ་སྟེ་བཏང་མོད་མོ་དྲ་ཁང་ནས་བུད་ཚར་བ་འདྲ་བས་ཐབས་ཤེས་མི་འདུག

Saturday, October 10, 2009

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གཉིས།

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
རྩོམ་པ་པོ། བོད། ཤ་ཁྲག་རུས་གསུམ།
གཉིས་པ།
བློ་བཟང་གིས་རྐུབ་སྟེགས་ཀྱི་ཨང་གྲངས་རྒྱ་གར་གྱི་ཁ་ལོ་དེ་ལ་སྟོན་ཞོར་དུ་རང་གི་འདུག་སྟེགས་ཡོད་སར་ཕྱིན། སྟབས་ལེགས་ནས་ཁོ་རང་གི་འདུག་སྟེགས་སྒེའུ་ཁུངས་འཁྲིས་སུ་འཁེལ་ཡོད་པ་རེད། དེ་མིན་ཁོ་རང་རླངས་འཁོར་ཞེ་དྲག་འཕྲོད་ཀྱི་མེད་པར་མཚམས་རེར་རླངས་འཁོར་ནང་ནས་སྐྱུག་མེར་བླངས་ཀྱི་ཡོད་པ་རེད། རླངས་འཁོར་འགྲོ་གྲབས་ཡོད་པའི་སྐབས་ཤིག་ལ་མི་རྣམས་ནང་དུ་གཅིག་རྗེས་གཉིས་མཐུད་དུ་རང་གི་དགའ་ཉེ་ཚོ་ལ་ཕྱག་འཇུ་བྱེད་ཞོར་དུ་ནང་དུ་འབུད་དེ་འོང་དུས། གཞི་ནས་ཁོ་རང་གི་འདུག་རོགས་ནི་རྒད་པོ་གསར་ཉམས་ལྡན་པ་ཞིག་འཁེལ་ཡོད་པ་རེད། ལམ་བར་དུ་ཁོ་གཉིས་ཀྱི་ཕན་ཚུན་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ངག་བརྡམས་དེ་ཞོགས་པ་སྔ་བོ་རྡ་ས་མེག་ལོར་གྱི་རླངས་འཁོར་འབབ་ཚིགས་སུ་འབྱོར།
བློ་བཟང་གིས་རང་ཉིད་གང་དུ་འགྲོ་དགོས་མིན་ཡང་མི་ཤེས་སྟབས། རེ་ཞིག་རིང་རླངས་འཁོར་འབབ་ཚིགས་དེ་ནས་རྒྱབ་ཁུག་ནག་བརྡང་མ་དེར་ས་བཞག་ནས་རྐུབ་སྟེགས་ཤིག་གི་སྟེང་དུ་བསྡད་དེ་མིག་གིས་རིག་རིག་ཡར་མར་གཉིས་ལ་བལྟས་དེ་རླངས་འཁོར་ནང་གི་མགྲོན་པོ་ཁ་ཤས་བསུ་རུ་ཡོང་མཁན་མཐོང་དུས་སེམས་པ་ཅུང་སྐྱོ་ན་ཡང་། ཁ་ཤས་ཤིག་རང་དང་འདྲ་བར་བསུ་མཁན་མེད་པར་རྒྱབ་ཁུག་རེ་འཁུར་ནས་སོང་ཤུལ་དུ་ཁོ་རང་ད་དུང་འབབ་ཚིགས་དེ་ནས་ཅི་ཞིག་ལ་སྒུག་བཞིན་པ་ལྟར་བསམ་བློ་བཏང་ནས་བསྡད་ཡོད་པའི་སྐབས་དེ་ཡི་སྐབས་སུ། སྟབས་ལེགས་པ་ཞིག་ལ། གྲྭ་ས་ནས་ཁང་ཚན་གཅིག་པའི་གྲྭ་བ་ཞིག་དང་གདོང་ཐུག་བརྒྱབ། དེ་དུས་གྲྭ་བ་དེས་ཁྱེད་རང་ནམ་ཡོང་བ་ཡིན། འདི་ན་ཅི་བྱེད་ཀྱི་ཡོད་ཅེས་དྲིས།
བློ་བཟང་ནི་རང་གི་ཕ་མ་དང་སྤུན་མཆེད་ཅིག་རང་ཉིད་བསུ་རུ་སླེབས་པ་ལྟ་བུའི་ཚོར་བ་དང་བཅས་དེ། ང་རང་ད་ལྟ་རང་འདིར་འབྱོར་བ་ཡིན། ད་འདི་ནས་གང་དུ་འགྲོ་དགོས་མིན་མ་ཤེས་པར་བསྡད་ཡོད་ཅེས་བཤད་དུས། གྲྭ་བ་དེས་་ཡ་ཡ་ དེས་ན་ང་ཡོད་ས་འགྲོ ང་འདུག་ས་དངོས་ནས་བཟང་རྒྱུ་མེད་ཀྱང་། གནས་སྐབས་རིང་འགྲིག་འགྲོ་ནི་རེད་ཅེས་བཤད་དུས། བློ་བཟང་གི་འདོད་ཐོག་ལ་རྟ་རྒྱུགས་པ་ལྟར། ལགས་སོ། ལགས་སོ་ཟེར་ཞོར་དུ་རྒྱབ་ཁུག་ནག་བརྡང་མ་རྒྱབ་དུ་འཁུར་ནས། གྲྭ་བ་དེའི་རྗེས་སུ་སྙེགས། ལམ་བར་དུ་ཁོ་རང་རྡ་སར་ཡོང་དོན་སོགས་གསལ་བོ་ཞིག་གྲྭ་བ་དེར་ཞུས་དུས། གྲྭ་བ་དེས་སྐྱོ་ཉམས་དང་བཅས་དེ། ངོ་མ་ཁྱེད་རང་གིས་སེམས་ཐག་བཅད་ཟིན་པ་ཡིན་ན། ད་གང་བྱེད་ཟེར་ནས་སྐད་ཆ་བཤད་ཞོར་དུ། ཁོ་གཉིས་སྟོད་པ་གྲོང་གསེབ་ནང་གི་གྲྭ་བ་དེའི་གཟིམ་ཤག་གི་སྒོ་དྲུང་དུ་འབྱོར།
དངོས་ནས་དྲང་གནས་ཀྱི་གྲྭ་བ་ཁོང་གི་གཟིམ་ཤག་ནི་ཧ་ཅང་ཆུང་ཆུང་ཡིན་པ་མ་ཟད། ནང་དུ་མི་བཞི་ལྔ་ཞིག་ལྷན་འཛོམ་བྱེད་རྒྱུ་ཡང་དཀའ་བ་མ་ཟད། ཁང་བ་དེ་ཡང་ལྕགས་ཤོག་གི་བཟོས་པ་ཞིག་ཡིན་ལ། ཁང་བདག་བོད་པ་ཞིག་གིས་བསམ་ཤེས་བྱས་དེ་གྲྭ་རྐྱང་ཁོང་ལ་ཧིན་སྒོར་བཞི་བརྒྱ་བྱས་དེ་གཡར་བ་ཞིག་ཡིན་པ་རེད། གང་ལྟར། བློ་བཟང་ཁོ་རང་ལ་བསྡོད་ས་ཞིག་རེག་སྟབས། དངོས་ནས་དགའ་བ་མ་ཟད། གྲྭ་བ་ཁོང་གིས་ཀྱང་བློ་བཟང་ལ་ཁོ་རང་དབྱིན་ཡིག་སྤྱོང་ས་གང་དུ་འགྲོ་དགོས་མིན་དང་དུས་ཚོད་ག་དུས་ཡིན་མིན་སོགས་གསུངས་པ་དང་། དགོང་མོ་དེར་བློ་བཟང་ཁོ་གཉིས་ཀྱིས་ཁ་བརྡ་ལྷོད་ལྷོད་ཅིག་བྱས་དེ་བསྡད།
ཕྱིར་ཉིན་བློ་བཟང་རྡ་ས་མེག་ལོར་གྱི་ཁྲོམ་དུ་སོང་དེ། འབྲི་དེབ་དང་སྨྱུ་གུ་སོགས་དབྱིན་ཡིག་འཛིན་གྲྭ་འགྲོ་བའི་རྒྱུ་ཆ་འགའ་ཞིག་སྒྲིག་ནས་ཕྱི་དྲོ་དེར་ཡོངས་གླིང་སློབ་གྲྭར་དང་བླང་འཛིན་གྲྭ་ལ་ཕྱིན།
མུ་འགོད།

Friday, October 9, 2009

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གཅིག

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།
རྩོམ་པ་པོ། བོད། ཤ་ཁྲག་རུས་གསུམ།
གཅིག
སྤྱི་ལོ་དགུ་བཅུ་གོ་བརྒྱད་ལོའི་སྤྱི་ཟླ་བརྒྱད་པའི་ཟླ་གཅིག་ཙམ་ལ་བློ་བཟང་གིས་ཕ་ཡུལ་ནས་སྐུར་བའི་རྒྱ་སྒོར་གཅིག་སྟོང་ལྷག་ཞིག་འབྱོར་བའི་དགོང་མོར་དེར། རང་གི་ཤག་རོགས་བཟོད་རྒྱམ་ལ་འདི་ལ་འདི་ལྟར་བཤད། བཟོད་རྒྱམ་ལགས། ང་རང་སང་ཉིན་གྲྭ་ས་དང་ཁ་བྲལ་རྒྱུ་ཡིན་པས་བདེ་མོ་བྱོས། ང་རང་ལྟ་བུ་ཞིག་གྲྭ་ས་ནས་བསྡད་དེ་གྲྭ་བ་ཡག་པོ་ཞིག་ཡོང་ས་མ་རེད། དེ་ཡིན་དུས། རྡ་རམ་ས་ལར་སོང་དེ་དབྱིན་ཡིག་ཕྲན་པུ་རེ་སྤྱོང་ཞོར་དུ། མི་སྐྱ་བྱོས་དེ་རང་གི་འཚོ་བ་རང་གིས་བཙལ་ནས་བསྡད་ན་ཡག་པོ་འདུག་ལ་དཀོར་ཟས་དཀོར་ཆུ་ཟས་པ་མང་མེད་ན་ཉུང་མེད་ཚོད་ཡིན་དུས། ད་ནས་བཟུང་དཀོར་ཟས་དཀོར་ཆུ་ཟ་རྒྱུ་དེ་ནི་ང་ལྟ་བུ་ཞིག་གིས་གཏན་ནས་ཡོང་ས་མ་རེད་ཟེར་ནས་བཤད་དུས། ཤག་རོགས་བཟོད་རྒྱམ་གྱིས་བློ་བཟང་གིས་གདོང་ལ་ཧད་ནས་རེ་ཞིག་རིང་ཁ་མ་གྲགས། ཅུང་ཙམ་འགོར་རྗེས། དངོས་ནས་བཤད་ན་འུ་གཉིས་སྡེ་བ་གཅིག་གི་མི་ཡིན་ལ། གྲྭ་ས་འདིར་འུ་གཉིས་མ་གཏོགས་སྡེ་བ་གཅིག་པའི་མི་མེད་པ་ཡིན་དུས། ཁྱེད་རང་གྲྭ་བ་མི་བྱེད་ཟེར་ནས་བཤད་དེ་འོང་དུས། ངས་ཁྱེད་རང་ལ་དེ་ལྟར་མ་བྱེད་ཟེར་ནས་ཁ་བརྡ་སློབ་གསོ་ཞིག་རྒྱག་ཤེས་ཀྱི་མི་འདུག རྒྱུ་མཚན་ནི་འུ་གཉིས་ཀྱི་ནང་ནས་རྒྱ་གར་དུ་ཡོང་སྔ་ཤོས་ཁྱེད་རང་ཆགས་ཡོད་ལ། གྲྭ་བ་བྱེད་སྔ་ཤོས་དེ་ཡང་ཁྱེད་རང་ཆགས་ཡོད་པ་རེད། ད་ཁྱེད་རང་གིས་སེམས་ཐག་བཅད་ཟིན་སྟབས། ངས་ཁྱེད་ལ་གང་ཞིག་བཤད་ཟེར་ཞོར་དུ་སྐྱོ་ཉམས་དང་བཅས་དེ་མལ་ཁྲིའི་སྟེང་ནས་ཡང་བསྐྱར་བློ་བཟང་གི་གདོང་ལ་བལྟས། དེ་དུས་བློ་བཟང་གིས་ངས་གྲྭ་བ་ཟེར་བའི་བསྐོར་ལ་བསམ་བློ་མང་བོ་ཞིག་བཏང་བ་ཡིན། གྲྭ་བ་ཟེར་བ་ནི་ང་འདྲ་ཞིག་གི་གཏན་ནས་ཡོང་གི་མི་འདུག་པའི་རྒྱུ་མཚན་ཡོད་ཚད་རང་གི་སེམས་སུ་གསལ་བོར་ངེས་སོང་།
བློ་བཟང་གི་སྐད་ཆ་དེ་དག་ཤག་རོགས་བཟོད་རྒྱམ་གྱིས་གཅིག་གཅིག་གཉིས་གཉིས་བྱས་དེ་ཉན་བྱས་དེ་ཉན་རྗེས་སུ། ཁྱེད་རང་རྡ་སར་སོང་ན་འདུག་ས་ཡོད་དམ། སྤྱིན་བདག་ག་གེ་མོ་འདྲ་ཡོད་དམ། ཡང་ན། སྒོར་མོ་འདང་ངེས་ཤིག་ཡོད་དམ་ཟེར་ནས་དྲི་བ་འདི་གསུམ་གཅིག་རྗེས་གཅིག་གིས་གནན།
བློ་བཟང་གིས་དེ་མ་ཐག ང་རང་ལ་ཕ་ཡུལ་ནས་སྐུར་བའི་རྒྱ་སྒོར་གཅིག་སྟོང་ལྷག་པོ་དེ་མ་གཏོགས་སྒོར་མོ་མེད། གནས་སྐབས་རིང་འདུག་ས་ཡང་གཏན་འཁེལ་མེད། གྲོགས་པོ་ཞིག་ལ་བརྟེན་དགོས། སྤྱིན་བདག་ང་རང་ལ་གཏན་ནས་ཡོད་མ་མྱོང་{འདིས་སྐབས་སུ་སྤྱིན་བདག་ཟེར་ན་དེ་ནི་ཡོན་བདག་དད་པ་ཅན་དག་ལ་མི་གོ་བར་དེང་སང་གི་ཕྱི་རྒྱལ་ནས་རོགས་སྐྱོར་ལེན་མཁན་དག་ལ་གོ་དགོས།}། ཕྱིས་སུ་ཀྱང་འཚོལ་རྩིས་མེད། ད་བར་དུ་ཡོན་བདག་དད་པ་ལྡན་པ་དག་གིས་དཀོར་ཟས་པ་དེ་ཡང་ཚེ་རབས་མང་བོ་འཇལ་ཐུབ་མེད་པ་ཡིན་དུས། ད་དེའི་སྟེང་ལ་ཡང་བསྐྱར་གསོག་འདོད་ཅིག་མི་འདུག་ཟེར་ནས་ཤག་རོགས་བཟོད་རྒྱམ་ལན་སྤྲད་རྗེས་སུ། ཁོ་གཉིས་ཀྱི་དེ་དང་འབྲེལ་ནས་མཚན་ཕྱེད་གཡོལ་རེག་བར་དུ་ཁ་བརྡ་བྱས།
གྲྭ་ས་ནས་རླངས་འཁོར་རེ་གཞིས་གྲོང་གསུམ་པ་དང་རྨོན་དྒོ་གྲོང་བརྡལ་དུ་འགྲོ་བཞིན་ཡོད་པ་དེའི་ནང་དུ་བཟོད་རྒྱམ་གྱིས་བློ་བཟང་ལམ་ལ་བཅུགས། བློ་བཟང་གིས་ཤག་རོགས་བཟོད་རྒྱམ་ལ་བདེ་མོ་བྱོས། ངས་འདང་དགོང་ཁྱེད་ལ་བཤད་པའི་སྐད་ཆ་དེ་དག་ལ་བསམ་བློ་ཞིབ་དུ་གཏོང་་རོགས་ཞུ་ཟེར་ཞོར་རླངས་འཁོར་ནང་ནས་ལག་གཡུགས་བྱས།
རླངས་འཁོར་དང་མེ་འཁོར་སོགས་བརྒྱུད་དེ་ཉིན་མཚན་བཞིའི་རྗེས་སུ། བློ་བཟང་ལྡི་ལུ་སྒོ་མང་གྲྭ་ཚང་གི་མགྲོན་ཁང་དུ་འབྱོར་ནས། མགྲོན་ཁང་གི་འགན་འཛིན་ལ་རང་ཉིད་གྲྭ་ས་ནས་ཡོང་བ་ཡིན་པ་གསལ་བཤད་བྱས། གྲྭ་ཚང་གི་ཐོབ་ཁུངས་གཞིར་བཟུང་གིས་བློ་བཟང་ལ་ཡང་རིན་མེད་རྩེ་ཐོག་གི་ཁང་བ་ཆེན་པོ་དེའི་ནང་དུ་བསྡད་དུ་བཅུགས། དེ་རུ་ཁོ་དང་འདྲ་བའི་གྲྭ་སའི་ཐོབ་ཁུངས་ཀྱི་གྲྭ་བ་འགའ་རིན་མེད་བསྡོད་ཁང་དུ་བཞུགས་ཡོད་པ་རེད། ཡིན་ཡང་། ཕྱིར་ཉིན་ཕྱི་དྲོ་བློ་བཟང་གི་འདུག་རོགས་དེ་ཚོ་གྲྭ་སར་ཕེབས་ཤུལ་བློ་བཟང་གཅིག་བུར་ལུས།
བློ་བཟང་གིས་རང་གི་གྲྭ་ལ་མ་འཕུད་གོང་དུ་བརྩིགས་ངོས་སུ་བཀལ་བའི་༧གོང་ས་མཆོག་གི་སྐུ་དཔར་མདུན་ནས་ཕྱག་གསུམ་འཚལ་ནས། རང་གི་སེམས་གཏིང་གི་ཡོད་ཚད་སྐུ་དཔར་དེའི་དྲུང་དུ་ཕུལ་རྗེས། གྲྭ་ལ་རེ་རེ་བཞིན་འཕུད་དེ་ལྡེབས་བརྩེགས་ལེགས་པོ་ཞིག་བརྒྱབ་དེ་རྒྱབ་ཁུག་ནང་དུ་བཅུགས། ཁོ་བོས་སྐྱ་ལ་དེ་དག་གི་གོ་རིམ་མ་ནོར་བར་ག་ལེར་གྱོན་ཞོར་དུ། སེམས་ཁོང་དེ་ཡང་འཁྱག་པར་གྱུར་ན་ཡང་། རང་གིས་འདམ་པའི་ལམ་ཁ་ཡིན་སྙམ་ཞོར་རང་གིས་རང་ལ་སེམས་གསོ་བྱེད་བཞིན། རྒྱབ་ཁུག་དེ་འཁུར་ནས་ནས་རྡ་སར་འགྲོ་བའི་རླངས་འཁོར་ས་ཚིགས་ཕྱོགས་སུ་ཁ་ཕྱོགས་དེ་སོང་།
མུ་འགོད་ཡིན།
རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com