Due to our blog readers from Tibet we shifted our Tibetan blog to kyareng.wordpress.com. Now on this blog is stand for both of Tibetan and English writers
ད་ནས་བཟུང་དྲ་ལམ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་སྤྱོད་ཆོག་པ་ཞིག་ཏུ་གྱུར་པ་ཡིན་པས། རྩ་བའི་སྐྱ་རེངས་དྲྭ་ཚིག་གཤམ་གྱི་ཁ་བྱང་དུ་སྤོས་ཟིན་པ་ཡིན། kyareng.wordpress.com
Showing posts with label བརྩམས་སྒྲུང་།. Show all posts
Showing posts with label བརྩམས་སྒྲུང་།. Show all posts

Friday, April 27, 2012

འབྲོག་པ་དང་གསོན་འདྲེ་མ། (དམངས་སྒྲུང་།)

ར་ས་ཕོ་ཉས་བྲིས།
གནའ་སྔ་མོ་ལུང་པ་ཞིག་གི་ཕུག་ལ་ལུག་བརྒྱ་ཕྲག་ཡོད་པའི་འབྲོག་པ་ཞིག་པ་ཡོད། ནམ་ཞིག་འབྲོག་པ་དེས་ལུང་པའི་འདའ་ནས་གནའ་མ་ཞིག་ལེན་པ་རེད། དེ་ནས་བཟུང་འབྲོག་སར་དེར་མཚན་མོ་རླུང་འཚུབ་སྡང་བ་དང་། ཞོགས་པ་རྟག་པར་འབྲོག་པ་དེའི་ལྷས་ར་ནང་ལུག་རེ་བསད་ནས་བཞག་གི་ཡོད་པས། འབྲོག་པ་དེའི་བསམ་པར་སྤྱང་ཀི་ཞིག་གིས་རྒྱུན་དུ་དེ་ལྟར་བྱེད་ཀྱི་འདུག་དྲན། འོན་ཀྱང་དུས་ཡུན་གང་མཚམས་བར་འབྲོག་པ་དེས་བརྟག་དཔྱད་གང་མང་བྱས་ཀྱང་། ལུང་པ་དེར་སྤྱང་ཀི་དང་གཟིག་སོགས་གཅན་གཟན་སྟུམ་པོ་དེ་འདྲ་ཡོད་པ་གཏན་ནས་མ་ཐོས་པས། ཡུད་ཙམ་རིང་ཅི་རེད་འདི་རེད་ཟེར་རྒྱུ་མེད་པར་སོམ་ཉིའི་གནས་སུ་ལྷུང་། དེ་ནས་ཉིན་ཞིག་འབྲོག་པ་དེའི་རྨི་ལམ་གྱི་ནང་དུ། ཁོ་རང་གི་གཟའ་ཟླ་དེས་པུ་གུ་ཆུང་ཆུང་གི་མགོ་ཞིག་མནལ་མགོའི་འོག་ཏུ་སྦས་ནས་ཟ་བཞིན་པ་རྨིས་པས་འབྲོག་པ་དེ། ཁོང་ཁྲོ་ཟ་ཐག་ཆོད་ནས་རྨི་ལམ་ནང་དེ་གར་གཟའ་ཟླའི་མགོ་ནས་བཟུང་ནས་ཤུགས་དྲག་བརྡུང་པས་ཧོབ་དེ་གཉིད་སད་དུས་རང་གི་ལག་པའི་ནང་མི་སྤགས་སྦར་ར་གང་ཐོབ་ཡོད་པས། འབྲོག་པ་དེ་ཧ་ལས་ཤིང་ཅུང་ཟད་སྐྲག་ཀྱང་དེ་མུར་རང་གི་གཟའ་ཟླར་ལྟ་བར་སོང་། ཡིན་ནའང་། འབྲོག་པའི་གཟའ་ཟླ་མོ་ནི་གཉིད་ཐུག་པོ་ཁུག་བཞིན་བསྡད་ཡོད་པར་བརྟེན། འབྲོག་པ་དེ་སྐབས་འཕྲལ་ཅི་ཡང་བརྗོད་མ་ཤེས་པར་གྱུར། འོན་ཀྱང་ཁོ་རང་བློ་བདེ་པོ་ཁྱོན་ནས་མ་བྱུང་བས་ལུང་པའི་མདའ་དེར་བླ་མ་ཞིག་ཡོད་པ་དེའི་གྲམས་དུ་སོང་། འབྲོག་པ་དེས་འབྲོག་སར་བྱུང་བའི་ཡ་མཚན་གྱི་གནས་ཚུལ་རྣམས་བླ་མ་ལ་ཞུས་པས། བླ་མས་འབྲོག་པ་དེར་དེ་སྐོར་རེ་ཞིག་སྣང་མེད་དུ་བཞག་ན་དེ་ཡག་པ་འདུག གལ་ཏེ་ཅི་སྟེ་གཉིས་མེད་ཀྱིས་རྩེད་གཅོད་དགོས་ན་ཤེས་དེ་ཙམ་དཀའ་བ་རང་མི་འདུག་གསུངས། འབྲོག་པ་དེས་བླ་མར་་་ངའི་ལུག་གསོད་མཁན་དེ་ཅི་ཡིན་གསལ་པོ་གསུངས་རོགས། ངས་ལུག་གསོད་མཁན་དེ་སུ་ཡིན་རུང་མེད་པ་བཟོ་ཡི་ཡིན་ལབ་པས། བླ་མ་དེས་གད་མོ་བྱས་ནས་ལུག་གསོད་མཁན་དེ་གཅན་གཟན་དེ་འདྲ་མ་རེད། དེ་ནི་ཁྱོད་རང་གི་གཟའ་ཟླ་གསར་པ་དེ་རེད། ད་གསོད་ཕོད་པ་འདུག་གམ་གསུངས་པས། འབྲོག་པ་དེས་བླ་མའི་སྐད་ཆ་དེར་ཡིད་ཆེས་བརྟན་པོ་བྱུང་ནས་གསོན་འདྲེ་མ་ཡིན་ན་གསོད་མ་ཕོད་པ་ཅི་ལ་ཡོད། ང་ལ་ཡང་རྨི་ལམ་འདི་འདྲ་རྨིས་སོང་ཞེས་དེ་སྔ་བྱུང་བའི་རྨི་ལམ་རྣམས་ཞུས། བླ་མ་དེས་འབྲོག་པ་དེར་གསོན་འདྲེ་མ་དེ་གསོད་རྒྱུ་དེ་ལས་སླ་པོ་མ་རེད། ཁྱོད་དེ་རིང་ཡར་སོང་ནས་མདའི་མདེའུ་ཞིག་ཁུར་ནས་སང་ཉིན་སྔ་པོ་འདིར་ཤོག་དང་ཟེར། དེ་ནས་འབྲོག་པོ་དེས་དེ་ཉིན་འབྲོག་སར་ཕྱིན་ནས་སང་ཉིན་དེར་རང་གི་གཟའ་ཟླས་མ་ཚོར་བར་མདེའུ་ཞིག་ཁྱེར་ནས་བླ་མའི་སར་ཡོང་། བླ་མས་མདེའུ་དེར་སྔགས་ལེགས་པར་བཏབ་རྗེས་འབྲོག་པ་དེ་ལ། དེ་རིང་ནམ་ཕྱེད་ཙམ་ལ་ཁྱེད་རང་ག་ལེར་ལངས་ནས་མེ་མདའི་ནང་མདེའུ་དེ་བླུགས་ཏེ་སྦྲ་གུར་གྱི་ཕྱི་རོལ་དུ་སྒུག་སྡོད། ནམ་རླུང་འཚུབ་དྲག་པོ་རྒྱབ་དུས་སྦྲ་གུར་གྱི་སྒོ་ནས་ཁྱི་དམར་པོ་ཆེན་པོ་སྙིང་གར་སྤུ་དཀར་པོ་ཡོད་པ་ཞིག་ཡོང་བས། ཐེ་ཚོམ་མེད་པར་དེའི་སྙིང་གར་མེ་མདའ་རྒྱོབ་དགོས་ཞེས་ལམ་སྟོན་མཛད། དེ་ཉིན་འབྲོག་པ་དེ་ཡར་སོང་ནས་རང་གི་གཟའ་ཟླའི་མདུན་རྒྱུན་ལྡན་བཞིན་བྱས་ནས་བསྡད། མཚན་མོ་གཉིད་མ་ཁུག་པར་སྡུག་རུས་བྱས་ནས་བསྡད། ནམ་ཕྱེད་ཟིན་མཚམས་རང་གི་མེ་མདའ་དང་བླ་མས་སྔགས་བཏབ་པའི་མདེའུ་དེ་ཁྱེར་ནས་ག་ལེར་གཟའ་ཟླས་མ་ཚོར་བར་སྦྲ་གུར་གྱི་ཕྱིར་རོལ་དུ་སོང་། སྦྲ་གུར་གྱི་སྒོ་ཐད་ཀྱི་མདུན་དེར་འདོམས་བཅུ་གྲངས་བཅུ་ཕྲག་འགའི་སར་རྡོ་ཕོང་རྒན་ཞིག་ཡོད་པ་དེའི་སྟེང་མེ་མདའ་དེ་བཞག་ནས་སྒུག་བསྡད་པས། དུས་རིང་པོ་མ་སོང་བར་རླུང་འཚུབ་ལངས། འབྲོག་པས་གཟབ་གཟབ་བྱས་མེ་མདའ་ཚད་ནས་བསྡད་པས་དེར་བླ་མས་ཟེར་བ་བཞིན་ཁྱི་དམར་པོ་ཆེན་པོ་ཞིག་འགྱིངས་ཉམས་ཀྱིས་མར་འཐོན་ཡོང་བ་དང་། འབྲོག་པ་དེས་ཁྱི་དེའི་སྙིང་གའི་སྤུ་དཀར་པོ་ཡོད་ས་དེ་གར་ཚད་ནས་མེ་མདའ་ཞིག་ཚམ་ཚོམ་མེད་པར་རྒྱབ་པས། དེ་མ་ཉིད་ལ་མེ་མདའི་སྐད་སྒྲ་དང་ལྷན་དུ་རླུང་འཚུབ་འཇགས། ཁྱི་དམར་པོ་དེ་ཡང་མཐོང་སར་མེད། འབྲོག་པས་ལམ་སེང་སྔར་ནས་དོགས་པ་ཡོད་པ་བཞིན་རང་གི་གཟའ་ཟླར་བལྟ་བར་སོང་བས། གསོན་འདྲེ་མར་གྱུར་པའི་རང་གི་གཟའ་ཟླ་དེ་མལ་སའི་ནང་ཤི་ཡོད་པ་མཐོང་། དེ་ནས་བཟུང་འབྲོག་པ་དེའི་ལྷས་རའི་ནང་ཉིན་ལྟར་ལུག་རེ་བསད་པའི་གནས་ཚུལ་དེ་འདྲ་མ་བྱུང་ངོ་།།

Thursday, January 13, 2011

བྱ་བ་ཆུང་ངུ་ཞིག

ཀྲུའུ་ཙི་ཆིང་།

ང་རང་གྲོང་གསེབ་ནས་རྒྱལ་ས་པེ་ཅིང་དུ་ཡོང་སྟེ་ཡུད་ཙམ་ཞིག་ལ་ལོ་དྲུག་ཕྱིན་ཚར་འདུག སྐབས་དེ་དག་གི་ནང་མཐོང་ཐོས་བྱུང་བའི་རྒྱལ་ཁབ་ཀྱི་དོན་ཆེན་ཟེར་བ་བརྩིས་ན་ཤིན་ཏུ་མང་། འོན་ཀྱང་ངའི་སེམས་སུ་དེ་དག་གི་བག་ཆགས་ཤུལ་ཙམ་ཡང་མི་སྣང་།གལ་ཏེ་བྱ་བ་དེ་དག་གིས་ང་ལ་བག་ཆགས་ཅི་ཞིག་བཞག་ཚུལ་དྲན་ཤེས་ཀྱིས་སྐྱོངས་པར་མཛོད་ཅེ་ན། ངའི་གཤིས་ཀ་ངན་པའི་ཁྲག་རྒྱུན་འཕེལ་བ་ཅམ་ལས་མ་འདས། དེ་ཡང་དྲང་པོར་བརྗོད་ན། ངས་གཞན་ལ་ཉིན་རེ་ལས་ཉིན་རེར་མི་ལ་མཐོང་ཆུང་བྱེད་པ་དེ་ཡིན་ནོ། འོན་ཀྱང་བྱ་བ་ཆུང་ངུ་ཞིག་འཕྲད་པ་དེས་ང་རང་གི་གཤིས་ཀ་ངན་པ་དེ་བཅོས་པར་ཕན་པ་ཆེ་བས་བྱ་བ་དེ་ད་ལྟའི་བར་དུ་བརྗེད་མི་ཐུབ་པར་ཡིད་ལ་གསལ་པོར་དྲན་གྱི་འདུག དེ་ཡང་མིང་ལོ་དྲུག་པའི་དགུན་ཁར་བྱང་ལྷགས་འུར་འུར་དུ་ལྡང་བའི་ཉིན་ཞིག་ ང་རང་ལྟོ་གོས་ཀྱི་དོན་དུ་ཞོགས་པ་སྔ་པོར་ལམ་དུ་མི་ཞུགས་ཐབས་མེད་དུ་གྱུར། དེ་ཉིན་ཞོགས་པ་ལམ་བར་དུ་འགྲོ་མི་ཧ་ལམ་རིག་རྒྱུ་མེད། འོན་ཏེ་མི་འདྲུད་འཁོར་ལོ་ཞིག་གླ་ཐུབ་ཙམ་བྱུང་བས་ཁོ་ལ་ཞེས་པའི་སྒོ་འགྲམ་དུ་སྐྱེལ་དུ་བཅུག་པ་ཡིན། རེ་ཞིག་སོང་མཚམས་བྱང་ལྷག་ཆུང་དུ་སོང་བ་དང་། ལམ་ངོས་ཀྱི་ཐལ་རྡུལ་ཡང་རླུང་གིས་གཙང་མར་འདེད་ཟིན་ནས་ལམ་ཆེན་གཙང་མར་གྱུར་འདུག་པས། འཁོར་ལོ་འདྲུད་མཁན་གྱི་གོམ་སྟབས་ཀྱང་ཇེ་མགྱོགས་སུ་སོང་། ཞེས་པའི་སྒོ་འགྲམ་དུ་སླེབས་ལ་ཁད་ཀྱི་ཚེ་མི་ཞིག་གློ་བུར་དུ་འཁོར་ལོའི་མདའ་མར་ཐོགས་ཏེ་དལ་བུར་འགྱེལ་སོང་།

ས་ལ་འགྱེལ་བའི་མི་དེ་ནི་སྐྲ་ལོ་དཀར་ལ་གོས་ཧྲུལ་གྱོན་པའི་རྒད་མོ་ཞིག་རེད་འདུག ཁོང་གློ་བུར་དུ་རྒྱ་ལམ་འགྲམ་ནས་འཁོར་ལོའི་མདུན་ཕྱོགས་སུ་འཕྲེད་དུ་བརྒལ་བའི་ཚེ། འཁོར་ལོ་འདྲུད་མཁན་གྱིས་བཟུར་ཡང་བཟུར་མ་ཐུབ་པར་ཁོང་གིས་གྱོན་པའི་སྲིང་བལ་བར་འཚངས་ཅན་གྱི་སྟོད་གོས་རལ་པ་དེ་ཐོབ་ཆི་བརྒྱབ་མེད་སྟབས་རླུང་གིས་བསྐྱོད་ནས་འཁོར་ལོའི་མདའ་མར་ཐོགས་འདུག སྟབས་ལེགས་པ་ཞིག་ལ་འཁོར་ལོ་འདྲུད་མཁན་གྱིས་སྔར་ནས་གོམ་འགྲོས་ཇེ་དལ་དུ་བཏང་ནས་ངང་འཐེན་བྱས་པ་མ་གཏོགས་རྒད་མོར་བརྡབས་ཆག་ཆེན་པོ་ཞིག་ཡོང་ངེས་རེད། རྒད་མོ་ས་ལ་འགྱེལ་མ་ཐག་འཁོར་ལོ་འདྲུད་མཁན་ཡང་རང་སར་ལངས་ནས་བསྡད་སོང་། རྒད་མོ་དེ་ལ་རྨས་སྐྱོན་བྱུང་མེད་ལ་མི་གཞན་གྱིས་ཀྱང་རྒད་མོ་འགྱེལ་བ་མཐོང་མེད་པས་ཁོས་ཇུས་མེད་ཇུས་འཁྲི་དང་རང་སྡུག་རང་ཉོ་བྱས་པར་མ་ཟད། ང་རང་གི་དུས་ཚོད་ཀྱང་འགོར་འགྲངས་ཡོང་ངེས་རེད་སྙམ་ནས་འཁང་ར་བྱས་ཏེ་ངས་ཁོ་ལ་སྐྱོན་ཅི་ཡང་མེད་པས་ཁྱོད་ལམ་དུ་སྐྱོད་ཅིག་ཅེས་བཤད་ཀྱང་འཁོར་ལོ་འདྲུད་མཁན་གྱིས་མ་ཐོས་པའམ་ཡང་ན་སྣང་དོགས་མི་བྱེད་པ་གང་ཡིན་མ་ཤེས། ཁོས་འཁོར་ལོ་བཞག་སྟེ་རྒད་མོ་ག་ལེར་བསྐྱོར་བཞིན་དུ་ཁྱོད་ཅི་འདྲ་འདུག་ཅེས་དྲིས་པར་རྒད་མོས་ང་བརྡབས་བྱུང་ཞེས་ཟེར། ངའི་སེམས་སུ་རྒད་མོ་ནི་དལ་པོར་འགྱེལ་བས་བརྡབས་ཆགས་ག་ལ་ཡོང་སྲིད། དེ་ནི་གཡོ་སྒྱུ་བྱས་པ་ཞིག་ཡིན་པས་དངོས་གནས་བསམ་ངན་མ་རུང་བ་ཞིག་རེད། འཁོར་ལོ་འདྲུད་མཁན་ཁྱོད་ཀྱང་ཀ་ཀོར་མང་ཞིང་རང་མགོ་ཆུ་འདྲེན་བྱེད་མཁན་ཞིག་འདུག་པས་ད་ནི་ཁྱོད་རང་གིས་བཙོས་པའི་ཆང་དེ་ཞིམ་པོ་མེད་ཀྱང་འཐུང་དགོས་པ་བཞིན་དུ་བསམས། འཁོར་ལོ་འདྲུད་མཁན་གྱིས་རྒད་མོའི་སྐད་ཆ་ཉན་རྗེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སྔར་བཞིན་རྒད་མོ་སྐྱོར་ཏེ་གོམ་པ་རེ་རེ་བཞིན་མདུན་དུ་བསྐྱོད་སོང་། ང་རང་ཧ་ལས་ཏེ་མདུན་ཕྱོགས་སུ་བལྟས་བ་ན་དེར་ཉེན་རྟོག་བདེ་སྲུང་ཡན་ལག་ཁང་ཞིག་འདུག འོན་ཀྱང་རླུང་ཆེན་འཇག་མ་ཐག་ཡིན་པས་ཕྱི་རོལ་དུ་མི་གཅིག་ཀྱང་མཐོང་རྒྱུ་མེད་ཅིང་འཁོར་ལོ་འདྲུད་མཁན་དེས་རྒད་མོ་སྐྱོར་བཞིན་ཉེན་རྟོག་བདེ་སྲུང་ཡན་ལག་ཁང་གི་རྒྱལ་སྒོའི་ཕྱོགས་སུ་འགྲོ་གིན་འདུག སྐབས་དེར་ང་རང་ལ་གློ་བུར་དུ་ཡ་མཚན་གྱི་འཆར་སྒོ་ཞིག་སྐྱེས་བྱུང་། ལུས་པོ་ཡོངས་རྫོགས་ས་རྡུལ་གྱིས་ཁེངས་པའི་འཁོར་ལོ་འདྲུད་མཁན་དེའི་ལུས་གཟུགས་དེ་སྐད་གཅིག་ཉིད་དུ་ཆེན་པོར་གྱུར་པ་མ་ཟད་སྐྱོད་ཅིན་སྐྱོད་ཅིན་དུ་ཇེ་མཐོར་གྱུར་པས་ངས་མགོ་བོ་བཏེགས་ན་མ་གཏོགས་མཐོང་མི་ཐུབ་པ་དང་། ཁོང་ཡང་རིམ་བཞིན་ང་རང་ཟིལ་གྱིས་གནོན་མཁན་ཞིག་ཏུ་གྱུར་ནས། ངའི་པགས་པའི་ཕྱུ་པའི་ནང་དུ་སྦས་གསང་བྱས་པའི་མ་རུང་བའི་སེམས་དེ་ཡང་གནོན་ཤུགས་ཀྱིས་ཕྱིར་མངོན་ཡོང་བ་ལྟ་བུའི་སྣང་བ་ཞིག་འགོག་མེད་དུ་སྟེར། སྐབས་དེར་ངའི་ཤེས་པ་ཕལ་ཆེར་ཉམས་པ་དང་འདྲ་བར་ཙོག་གེར་སྡོད་པ་ལས་འགུལ་རྒྱུ་གང་ཡང་མེད་པ་དང་བློ་ལ་གང་ཡང་འཆར་རྒྱུ་མེད་པར་གྱུར་ཅིང་། ཉེན་རྟོག་སྡེ་སྲུང་ཡན་ལག་ཁང་ནས་ཉེན་རྟོག་པ་གཅིག་ཐོན་པ་མཐོང་དུས་གཞི་ནས་འཁོར་ལོའི་ཐོག་ནས་མར་བབས་པ་ཡིན། ཉེན་རྟོག་པས་ངའི་འཁྲིས་སུ་ཡོང་ནས་ཁྱོད་འཁོར་ལོ་གཞན་ཞིག་གློས་ཤིག ཁོ་ཁྱོད་འདྲུད་པར་ཡོང་མི་ཐུབ་ཅེས་ཟེར་བ་ལ་ངས་མནོ་བསམ་མ་བཏང་བར་ཕྱི་གོས་ཀྱི་ཁུག་མའི་ནང་ནས་དོང་ཙེ་སྦར་མོ་གང་ཉེན་རྟོག་པར་སྤྲད་ནས་ཁྱོད་ཀྱིས་ཁོ་ལ་སྤྲོད་རོགས་གནང་ཞེས་བརྗོད་པ་ཡིན། ལྷགས་པ་ཡོངས་སུ་འཇགས་རུང་ད་དུང་ཁྲོམ་ལམ་འཇམ་ཐིང་ངེར་གནས་འདུག ང་ལམ་དུ་སྐྱོད་བཞིན་བསམ་བློ་གཏོང་སྐབས་རང་གིས་རང་ལ་བསམ་བློ་གཏོང་མི་ཕོད་པ་ལྟ་བུར་གྱུར། དེ་སྔོན་གྱི་བྱ་བ་རྣམས་རེ་ཞིག་གླེང་རྒྱུར་ཞོག དོང་ཙེ་སྦར་མོ་གང་སྤྲད་པ་དེ་གང་གི་ཆེད་དུ་ཡིན་ནམ། ཁོ་ལ་བྱ་དགར་སྤྲད་པ་ཡིན་ནམ། ངས་འཁོར་ལོ་འདྲུད་མཁན་ལ་ཤན་བྱེད་ཐུབ་བམ། དོན་དེ་ཚོར་རང་གིས་རང་ལ་ལན་འདེབས་ཐབས་མི་འདུག བྱ་བ་དེ་ད་ལྟའི་བར་དུའང་རྟག་ཏུ་ཡིད་ལ་འཆར་བས། ང་ཡང་རྣམ་པ་ཀུན་ཏུ་སྡུག་སྔལ་གྱིས་མནར་བཞིན་རང་ཉིད་ཀྱི་སྟེང་ལ་བསམ་བློ་གཏོང་ཐབས་ཀྱི་འབད་པ་མི་ཆུང་བ་ཞིག་བྱེད་དགོས་ཀྱི་འདུག ལོ་འགའི་རིང་ཞི་སྐྱོང་དང་དྲག་འདུལ་ཞེས་སོགས་ཡོངས་སུ་གྲགས་པ་དེ་དག་ནི་ངས་ཆུང་དུས་བཀླགས་པའི་གསུང་རབ་དང་སྙན་ངག་དང་འདྲ་བར་ཚིག་རྐང་ཕྱེད་ཀའང་བློ་ལ་ངེས་ཀྱི་མི་འདུག འོན་ཀྱང་བྱ་བ་ཆུང་ངུ་དེ་ཁོ་ན་རྟག་ཏུ་ངའི་མིག་ལམ་དུ་ལྷམ་མེར་འཆར་ཞིང་སྐབས་འགར་ནི་སྔར་བས་གསལ་བ་ཞིག་ཝ་ལེར་སྣང་བར་གྱུར་པས་ང་ལ་གནོང་འགྱོད་སྐྱེ་བ་དང་། རང་བསྐུལ་ཡར་བསྐྱེད་ལ་སྐུལ་མ་ཐེབས་པ་མ་ཟད། ངའི་བློ་སྟོབས་དང་རེ་བའང་ཇེ་ཆེར་འགྲོ་བཞིན་འདུག

Thursday, September 16, 2010

བཟོད་སྒོམ་ལ་འབྲས་བཟང་།

སྔོན་ལུང་པ་གཅིག་ལ་མུ་གེ་བྱུང་ནས། ཕྲུག་གུ་ཚང་མ་ཉིན་ལྟར་མི་ཕྱུག་པོ་ཞིག་གི་སྒོའི་མདུན་དུ་གྲལ་བསྒྲིགས་ནས་བག་ལེབ་རག་ཐབས་བྱེད་ཀྱི་ཡོད། དུས་ཚོད་རིང་པོ་མ་འགོར་བར་གཡོག་པོ་ཚོས་བག་ལེབ་མང་པོ་འཁྱེར་ཡོང་བ་དང་། ཕྲུ་གུ་རྣམས་ཀྱིས་བག་ལེབ་ཆེ་ཤོས་དེ་རག་ཐབས་སུ་ནང་འཁྲུག་ཤུགས་ཆེ་རྒྱག་གི་ཡོད། འོན་ཤང་བུ་མོ་ཆུང་ཆུང་ཞིག་ཡོད་པ་དེས་སུ་ཐོབ་མ་བརྒྱབ་པར་ངང་རྒྱུད་རིང་པོས་སོ་སོའི་བང་རིམ་བསྒུགས་ཏེ། བག་ལེབ་ཆུང་ཤོས་དེ་འཁྱེར་ནས་འགྲོ་གི་ཡོད།

ཉིན་གཅིག་མོས་སྔར་རྒྱུན་ལྟར་བག་ལེབ་ཆུང་ཤོས་དེ་འཁྱེར་ནས་ཡོང་། ཁྱིམ་དུ་སླེབས་ནས་བག་ལེབ་གཏུབས་སྐབས་དེའི་ནང་ནས་སྒོར་བཅུ་རྙེད་པ་རེད། མོས་གློ་བུར་དུ་ཕྱུག་པོ་དེའི་འགྲམ་དུ་དངུལ་སྒོར་རྣམས་སློག་པར་ཕྱིན། ཕྱུག་པོ་དེ་བུ་མོ་ཆུང་ཆུང་གིས་དྲང་པོ་བྱས་པར་ཤིན་ཏུ་དགའ་སྟེ། སྒོར་བཅུ་མ་ཚད་ད་དུང་རྔན་པར་སྒོར་ཉི་ཤུ་གནང་བ་རེད།།

Wednesday, March 3, 2010

གོང་མའི་ན་གཟའ་གསར་པ།

ལོ་ཧ་ཅང་མང་པོ་ཞིག་གི་སྔོན་དུ་ས་ཆ་ཞིག་ན་གོང་མ་ཞིག་ཡོད། ཁོང་གིས་རང་ཉིད་ལ་གཟབ་མཆོར་སྤྲས་པའི་ཆེད་དུ་དངུལ་ཅི་ཙམ་གྲོན་ཡང་ཕང་སེམས་མེད། ཁོང་གིས་ན་བཟའ་གསར་པ་གཞན་ལ་ངོམ་རྒྱུ་གཙིགས་སུ་འཛིན་པ་ལས། རང་ཉིད་ཀྱི་དམག་ དཔུང་ལ་ཐུགས་ཁུར་མི་བྱེད་ཅིང་། ཟློས་གར་ལ་གཟིགས་པར་མི་དགའ་བ་མ་ཟད། ཤིང་རྟར་བཞུགས་ཏེ་སྤྲོ་འཆམ་དུ་འགྲོ་རྒྱུར་ཡང་མི་དགའ། ཉིན་རེའི་ཆུ་ཚོད་རེ་རེར་ན་བཟའ་གསར་པ་རེ་བརྗེས་ཀྱིན་ཡོད་པས། མི་རྣམས་ཀྱིས་ཁོང་གང་དུ་བཞུགས་པ་དྲིས་ཚེ། ནམ་ཡིན་ཡང་ལན་ལ་གོང་མ་ད་ལྟ་ན་བཟའ་བརྗེ་བའིིསྒང་ཡིན་ཟེར་བ་དེ་ལས་མེད་དོ། ། ཉིན་ཞིག་ལ། ཁོང་བཞུགས་སའི་གྲོང་ཁྱེར་དེ་རུ་ཁྲམ་པ་གཉིས་སླེབས། བཤད་ཚུལ་ལྟར་ན། ཁོ་གཉིས་ནི་ཐགས་མཁན་ཡིན་ཟེར། ཁོ་གཉིས་ཀྱིས་མི་རྣམས་ཀྱིས་བློས་དཔོག་དཀའ་བའི་རས་ཡག་པོ་འཐག་ཐུབ་ལ། རས་དེ་རིགས་ཀྱི་ཁ་དོག་དང་རི་མོ་ཧ་ཅང་མཛེས་པ་མ་ཟད། དེས་བཟོས་པའི་ན་བཟའ་ལ་ལས་གོ་མི་ཆོད་པ་དང་། ཡང་ན་ཧ་ཅང་བླུན་པའི་མི་ཡིན་ཕྱིན་ཁྱད་མཚར་ཅན་གྱི་ན་བཟའ་དེ་མཐོང་མི་ཐུབ་པར་བཤད། གོང་མའི་ཐུགས་སུ་དེ་འདྲ་ཡིན་ན་ནི་བདག་གི་བསམ་ཐོག་ལ་ཁེལ་བའི་ན་བཟའ་ཡིན་ ལ། བདག་གིས་ན་བཟའ་དེ་འདྲ་མན་བས་ཚེ། རང་གི་རྒྱལ་ཁབ་ཀྱི་མི་གང་དག་ནི་ ལས་གོ་མི་ཆོད་པའི་རིགས་དང་། གང་དག་ནི་རིག་པ་རྣོ་བ། གང་དག་ནི་གླེན་པ་ ཡིན་པ་སོ་སོར་ཤན་འབྱེད་ཐུབ་པས། བདག་གིས་ཁོ་ཚོར་ལམ་སང་རས་དེ་འདྲ་ཞིག་འཐག་ཏུ་འཇུག་དགོས་བསམ་ནས། ཁྲལ་པ་དེ་གཉིས་ལ་དངུལ་མང་པོ་བྱིན་ཏེ་རས་འཐག་ཏུ་བཅུག ཁྲམ་པ་དེ་གཉིས་ཀྱིས་ཐགས་ཁྲི་གཉིས་བཙུགས་ནས་ཐགས་འྒ་བཞིན་པའི་བཟོ་ལྟ་བསྟན། འོན་ཀྱང་། ཐག་ཁྲིའི་སྟེང་དུ་སྐུད་པ་རྟ་རྔ་ཙམ་ཡང་མཐོང་རྒྱུ་མེད། ཁོ་གཉིས་ཀྱིས་གོང་མར་ཆེས་ཕྲ་བའི་་དར་སྐུད་དང་། ཆེས་ལེགས་པའི་གསེར་ཅུང་ཟད་གནངདགོས་པའི་རེ་བ་ཞུས། དར་སྐུད་དང་གསེར་གནང་བ་དེ་དག་རང་རང་གི་ཨམ་ཕྲག་ནང་དུ་བཅུག་ནས། སྔར་བཞིན་ཐགས་ཁྲི་སྟོང་པ་དེ་གཉིས་ཀྱི་གཡས་གཡོན་དུ་ཕུག་རོན་ཁོར་ཁོར་བྱས་ཏེ། ནམ་ཕྱེད་བར་དུ་ཐགས་འཐག་ཁུལ་བྱས། གོང་མའི་བསམ་པར་ཁོ་ཚོས་རས་དེ་ཇི་ལྟར་འཐག་ཚུལ་ལ་དངོས་སུ་བརྟག་པར་བྱའོ་སྙམ་ཡང་། མི་བླུན་པོ་དང་ལས་གོ་མི་ཆོད་པའི་རིགས་ཀྱི་མིག་གིས་གོས་དེ་དེ་མི་མཐོང་ཟེར་བའི་གཏམ་དེ་ཡིད་ལ་ཤར་བ་ན། ཁོང་གི་ཐགས་ལ་ཡང་ཐེ་ཚོམ་ཅུང་ཟད་བྱུང་། ཁོང་གིས་རང་ཉིད་སྐྲག་དགོས་དོན་ཅི་ཡང་མེད་སྙམ་ནའང་། གང་ལྟར་རང་ཉིད་དངོས་ སུ་འགྲོ་བ་ལས་མི་ཞིག་མངགས་ནས་བརྟགས་ན་ལེགས་སྙམ། གྲོང་ཁྱེར་ཡོངས་ཀྱི་མི་རྣམས་ཀྱིས་གོས་དེ་ལ་ཁྱད་པར་ཅན་གྱི་ཡོན་ཏན་ཡོད་ཟེར་བ་ཐོས་པས། སྐབས་དེ་དང་བསྟུན་ནས་རང་རང་གི་ཉེ་འཁོར་གྱི་མི་ཚོའི་རིག་པ་རྟུལ་ཚུལ་ཇི་འདྲ་ཡིན་པ་བརྟག་པར་རེ་བྱེད་བཞིན་འདུག་གོ། ། གོང་མའི་ཐུགས་ལ་ངས་རང་ཉིད་ལ་བློ་དཀར་ཞིང་གཞུང་དྲང་བའི་བློན་པོ་རྒན་པ་དེ་མངག་པར་བྱ་སྟེ། ཁོས་བཏགས་རས་ཀྱི་བཟང་ངན་དང་ཁ་དོག་ཇི་འདྲ་ཞིག་ཡིན་པ་ཤེས་ཐུབ་ཅིང་། ཁོ་ནི་བློ་དང་རིག་པ་ལྡན་པ་ཞིག་ཡིན་པས། གོ་ཆོད་མིན་གྱི་ཆ་ནས་བཤད་ན། སུས་ཀྱང་ཁོ་ལ་མི་དོ་སྙམ། དེ་ནས་བློན་པོ་སེམས་བཟང་དེ་ཁྲམ་པ་གཉིས་ཀྱི་ཁང་པའི་ནང་དུ་འཛུལ་བ་ན། དེ་གཉིས་ཀྱིས་ཐགས་ཁྲི་སྟོང་པ་ཞིག་གི་འགྲམ་ན་ལས་ཀའི་བཟོ་ལྟ་སྣ་ཚོགས་སྟོན་བཞིན་ཡོད། བློན་པོ་དེས་མིག་ཟུང་ཆེས་ཆེར་གདངས་ཏེ་བལྟས་ཀྱང་ཅི་ཡང་མ་མཐོང་བས། སེམས་སུ་ཀྱི་ཧུད། གོང་མ་ལྷ་ཡིས་ཐུགས་རྗེས་གཟིགས་དང་ཞེས་གསོལ་བ་བཏབ་ཀྱང་། ཁ་ནས་ཅི་ཡང་བཤད་མ་ཐུབ། ཁྲམ་པ་དེ་གཉིས་ཀྱིས་ཁོ་རང་གམ་དུ་བོས་ནས། ཐགས་ཁྲི་སྟོང་པ་དེ་གཉིས་ཀ་སྟོན་བཞིན་བཏགས་གོས་ཀྱི་རི་མོ་དང་ཁ་དོག་མཛེས་ཚུལ་དྲིས་པ་ན། སྙིང་རྗེའི་ཡུལ་དུ་གྱུར་པའི་བློན་པོ་དེ་ཡིས་མིག་ཕུར་ཚུགས་སུ་ཇི་ལྟར་བལྟས་ཀྱང་དངོས་པོ་ཅི་ཡང་མ་མཐོང་ལ།དོན་དངོས་སུའང་གང་ཡང་མེད་དོ། ། གནམ་རྒན་མ། ང་ནི་དངོས་གནས་བླུན་པོ་ཞིག་ཡིན་སྲིད་དམ། ངས་ད་བར་དུ་རང་ཉིད་ལ་དེ་འདྲའི་ཐེ་ཚོམ་ཞིག་བྱས་མ་མྱོང་། འོ་ན་ང་ནི་ལས་གོ་མི་ཆོད་པ་ཞིག་ཡིན་ནམ། གཏན་ནས་མིན། ད་ནི་རང་ཉིད་ཀྱིས་བཏགས་རས་མཐོང་མི་ཐུབ་པའི་ཚུལ་འདི་གཞན་ལ་གསང་དགོས་ཞེས་ཆིག་ལབ་བརྒྱབ། བློན་ཆེན་ལགས། ཁྱེད་ལ་དགོངས་འཆར་ཅི་ཞིག་ཡོད་པ་གསུངས་དང་ཞེས་འཐག་ཉམས་སྟོན་བཞིན་པའི་ཁྲམ་པ་གཅིག་གིས་དྲིས། ཡག་པོ་འདུག དངོས་གནས་ཡག་པོ་འདུག རི་མོ་འདི་འདྲའི་མཛེས་པ་ལ། ཁ་དོག་ནི་འདི་འདྲའི་གསལ་བ་ལ། ང་ནི་བཏགས་གོས་འདི་ལ་ཧ་ཅང་དགའ་པོ་བྱུང་། ངས་ཀྱང་དེ་ལྟར་གོང་མ་ལ་སྙན་གསེང་ཞུ་ངེས་ཡིན་ཞེས་བློན་པོ་དེས་མིག་ཤེལ་གྱི་ནང་ནས་ཞིབ་ཏུ་གཟིགས་བཞིན་དེ་ལྟར་བཤད། ཁྲམ་པ་གཉིས་ཀྱིས་མགྲིན་གཅིག་ཏུ་དེ་འདྲ་ཡིན་ན་ང་ཚོའི་སེམས་བདེ་སོང་ཟེར་བ་དང་། སླར་ཡང་རས་དེའི་ཁ་དོག་དང་རི་མོ་ནི་འཇིག་དུ་མཐོང་དཀའ་ཚུལ་འུད་བརྗོད་མིཉུང་བ་བྱས། བློན་པོས་ཁོ་གཉིས་ཀྱི་སྐད་ཆ་རྣམས་ཡིད་ལ་བཟུང་ནས་གོང་མ་ལའང་དེ་བཞིན་དུ་ཆད་ལྷག་མེད་པར་ཞུ་དགོས་སྙམ་ཞིང་། དོན་དམ་དུའང་ཁྲམ་པས་ཇི་ལྟར་བཤད་པ་དེ་བཞིན་དུ་གོང་མར་ཞུས་སོ། ། ཁྲམ་པ་གཉིས་ཀྱིས་གོས་འཐག་པའི་དགོས་མཁོར་ཁ་གཡར་ནས། སླར་ཡང་དངུལ་དང་། དར་སྐུད། གསེར་བཅས་མང་པོ་བསླངས་ཏེ། དེ་དག་མ་ལུས་པར་སོ་སོའི་ཨམ་ཕྲག་ནང་དུ་བཅུག དུས་ཚོད་རིང་པོ་མ་ཕྱིན་པར། གོང་མས་སླར་ཡང་གཞུང་དྲང་བའི་དཔོན་པོ་གཞན་ཞིག་བརྟག་དཔྱད་བྱེད་དུ་མངགས། འོན་ཀྱང་དཔོན་པོ་དེས་ཀྱང་སྔ་མ་དང་འདྲ་བར་ཁོས་ཇི་ལྟར་བལྟས་ཀྱང་ཐགས་ཁྲིའི་སྟེང་དངོས་པོ་ཅི་ཡང་མ་མཐོང་། ཁྱེད་ཀྱིས་གཟིགས་དང་། རས་འདི་མཛེས་སམ་ཞེས་ཁྲམ་པ་གཉིས་ཀྱིས་དཔོན་པོ་དེ་ལ་འདི་ལྟར་འདྲི་ཞོར་་དུ་བཏགས་གོས་ཀྱི་རི་མོ་ཇི་འདྲ་མཛེས་ཚུལ་བཤད་མོད། དོན་དངོས་སུ་ཅི་ཡང་མེད། ཁོའི་བསམ་པར་ང་ནི་བླུན་པོ་ཞིག་མིན་པ་ཐག་ཆོད་དེ། དེ་འདྲ་ཡིན་ན། ང་འདི་འདྲའི་གོ་གནས་མཐོན་པོ་ཞིག་ལ་འདུག་པའི་འོས་མེད་དོ། ། འདི་ནི་དངོས་གནས་གཞན་གྱིས་འཕྱ་བའི་གནས་ཤིག་རེད། ངས་དོན་འདི་མི་གཞན་རྣམས་ལ་གཏན་ནས་ཤེས་སུ་འཇུག་མི་རུང་ཞེས་སྙམ་ནས་མ་མཐོང་མཐོང་མདོག་གིས་བཏགས་གོས་ལ་འུད་བསྟོད་ཚད་མེད་ཅིག་བྱས་ཤིང་། རས་དེའི་ཁ་དོག་དང་རི་མོའི་ཡོན་ཏན་གྱིས་རང་གི་ཡིད་དབང་འཕྲོག་ཚུལ་བརྗོད་དེ། གོང་མ་ལའང་དེ་བཞིན་དུ་སྙན་སེང་ཞུས། གྲོང་ཁྱེར་གྱི་མི་ཚང་མས་མཛེས་ཤིང་སྡུག་པའི་བཏགས་དེ་གླེང་བཞིན་ཡོད། བཏགས་གོས་ད་དུང་ཐགས་ཁྲིའི་སྟེང་ནས་མ་འགྲུབ་པའི་སྐབས་སུ། གོང་མ་ཁོང་དངོས་སུ་ཕེབས་ནས་གཟིགས་དགོས་པའི་ཐུགས་ཐག་བཅད་ཅིང་། ཁོང་གིས་ད་དུང་སྔོན་གྱི་བློན་པོ་དེ་གཉིས་དང་འདུས་པའི་འཁོར་ཚོགས་ཤིག་བདམས་ཏེ་ཁྲམ་པ་དེ་གཉིས་ཀྱི་གམ་ལ་ཕེབས་པ་ན། ཁྲམ་པ་དེ་གཉིས་ཀྱིས་བློ་སེམས་རྩེ་གཅིག་གིས་ཐགས་འྒ་བཞིན་པའི་སྒང་རེད། འོན་ཀྱང་ཐགས་ཁྲིའི་སྟེང་དུ་དར་སྐུད་ཉག་གཅིག་ཀྱང་མཐོང་རྒྱུ་མེད། གོང་མ་རིན་པོ་ཆེ། ཁྱེད་ཀྱིས་གཟིགས་དང་། རས་འདིའི་ཁ་དོག་ཇི་འདྲའི་ཡག་པ་ལ། རི་མོ་ཇི་འདྲའི་མཛེས་པ་ལ་ཨང་། ཁྱེད་ཀྱི་ཐུགས་ལ་འབབ་བམ་ཞེས་གཞུང་དྲང་བའི་བློན་པོ་གཉིས་ཀྱིས་གོང་མར་ཐགས་ཁྲི་སྟོང་པ་སྟོན་བཞིན་དྲིས། ཁོ་གཉིས་ཀྱི་སེམས་སུ་གོང་མས་ཅིས་ཀྱང་བཏགས་རས་དེ་མཐོང་ཐུབ་རྒྱུ་རེད་སྙམ་པས་སོ། གོང་མའི་ཐུགས་ལ། འདི་ནི་ཅི་ཞིག་ཡིན་ནམ། ངས་ཅི་ཡང་མ་མཐོང་བ་ནི་དངོས་གནས་བརྗོད་དཀའ་བ་ཞིག་རེད། ང་ནི་མི་གླེན་པ་ཞིག་ཡིན་ནམ། ཡང་ན་གོང་མར་བཞུགས་མི་འོས་པ་ཞིག་ཡིན་ནམ། དེ་འདྲ་ཡིན་ན་ནི་དངོས་གནས་འཇིགས་སུ་རུང་བའི་དོན་དག་ཅིག་རེད་སྙམ་ནས། ཁོང་གིས་དེ་འཕྲལ་དུ་ཨ་ཙི། དངོས་གནས་ཡག་པ་ལ་ཨང་། ངི་བློ་ལ་ཤིན་ཏུ་བབས་སོང་ཞེས་གསུངས། དེ་ནས་གོང་མས་གདོང་ནས་དགའ་བའི་མདོག་སྟོན་བཞིན་ཐགས་ཁྲི་ལ་ཞིབ་ཏུ་གཟིགས་པ་ན། ཅི་ཡང་མཐོང་མ་ཐུབ་ཀྱང་། མ་མཐོང་ཞེས་བརྗོད་མ་ཕོད་པ་རེད། ཁོང་གི་རྗེས་སུ་འབྲངས་པའི་ཁོར་གཞན་དག་ཚོས་ཀྱང་ཡང་ཡང་བལྟས་མོད་ཅི་ཡང་མ་མཐོང་། ཁོ་ཚོས་ཀྱང་གོང་མ་ནང་བཞིན་མ་མཐོང་མཐོང་མདོག་གིས། ཨ་ཙི། དངོས་གནས་ཡག་པ་འདུག་ཅེས་འུད་བསྟོད་བྱས། ཁོ་ཚོས་ད་ང་གོང་མ་ལ་རས་འདིས་བཟོས་པའི་ན་བཟའ་གསར་པ་མནབས་ནས་སླེབ་ལ་ཉེ་བའི་ཁྲོམ་སྐོར་གྱི་མཛད་སྒོ་ཆེན་མོར་ཕེབས་ན་ལེགས་ཞེས་གསལ་འདེབས་ཞུས། ཨེ་མ། རས་འདི་ཇི་འདྲའི་མཛེས་ཤིང་ཚགས་དམ་པ་དང་། དོ་ཟླ་མེད་པ་ཞིག་རེད་ཨང་ཞེས་ཚང་མས་ཕན་ཚུན་དེ་ལྟར་བཤད་དེ་བརྗོད་ཀྱི་མི་ལང་བའི་དགའ་སྣང་ཞིག་ལྡན་པར་གྱུར། གོང་མས་ཐུགས་དགྱེས་དྲགས་ནས་ཁྲམ་པ་གཉིས་ལ་གོང་མ་ཚང་གི་ཐགས་མཁན་ཞེས་པའི་ཆོ་ལོ་དང་སྐུ་དྲག་གི་ཐོབ་ཐང་གནང་བ་མ་ཟད། ད་དུང་་གཟེངས་བསྟོད་ཀྱི་རྟགས་མ་རེ་གནང་། ཕྱི་ཉིན་སྔ་དྲོ་ལ། ཁྲོམ་སྐོར་གྱི་མཛད་སྒོ་ཆེན་མོའི་འགོ་རྩོམ་རྒྱུ་ཡིན་པས། ཁྲམ་པ་དེ་གཉིས་ཀྱིས་མཚན་གང་སྒྲོན་མེ་བཅུ་དྲུག་ལྷག་སྒྲོན་ནས་གཉིད་བཅག་སྟེ་གོང་མའི་ན་བཟའ་གསར་པ་དེ་བཟོ་བཞིན་པ་འདྲ། ཁོ་ཚོས་ཐོག་མར་ཐགས་ཁྲིའི་སྟེང་ནས་བཏགས་གོས་ལརན་ཁུལ་བྱས། དེ་ནས་ཇེམ་ཙེ་གཉིས་བར་སྣང་དུ་ལན་འདར་ཕྱར་ནས་རས་བྲེག་པའི་ཚུལ་བསྟན། དེ་ནས་མཉམ་དུ་སྐུད་པ་བརྒྱུས་མེད་པའི་ཁབ་གཉིས་སོ་སོར་བཟུང་ནས་འཚེམ་དྲུབ་བྱེད་པའི་བཟོ་ལྟ་བསྟན། མཐར་མགྲིན་གཅིག་ཏུ་གཟིགས་དང་། གོང་མའི་ན་བཟའ་གསར་པ་ལེགས་གྲུབ་བྱུང་སོང་ཞེས་ཟེར། གོང་མས་རང་གི་ཆེས་མཆོག་ཏུ་གྱུར་པའི་རྟ་པ་སྐོར་ཞིག་ཁྲིད་ནས་དངོས་སུ་ཕེབས་བྱུང་། ཁྲམ་པ་དེ་གཉིས་སོ་སོས་ལག་པ་ཡར་སྒྲེང་ཞིང་། ཚུལ་དེལ་བལྟས་ན། ལག་ཏུ་དངོས་པོ་ཞིག་བཟུང་བ་ལྟར་སྣང་། ཁོ་ཚོས་སྐད་ཆེན་པོས། གཟིགས་དང་། འདི་ནི་དོར་མ་ཡིན། དི་ནི་ལྭ་རིང་ཡིན། འདི་ནི་ཕྱི་ལྭ་ཡིན། གོས་འདི་དག་ནི་སྡོམ་གྱི་དྲ་བ་བཞིན་དུ་ཡང་ཞིང་འཇམ་ལ། འདི་མནབས་ཚེ་སྐུ་ལ་དངོས་པོ་ཅི་ཡང་མེད་པའི་སྣང་བ་སྟེར་ཐུབ་པ་ནི། ན་བཟའ་འདིའི་ཁྱད་ཆོས་ཡིན་ནོ་ཞེས་ཟེར། རྟ་པ་ཚོས་དངོས་པོ་གཅིག་ཀྱང་མ་མཐོང་ན་ཡང་། གཅམ་བུའི་ངག་གིས་དེ་འདྲ་རང་རེད་ཟེར། ཁྲམ་པ་དེ་གཉིས་ཀྱིས་ད་ལྟ་གོང་མ་ཆེན་པོས་ན་བཟའ་རྙིང་པ་ཕུད་དང་། ང་ཚོས་མེ་ལོང་ཆེན་པོ་འདིའི་མདུན་དུ་ཁྱེད་ལ་ན་བཟའ་གསར་པ་བསྒྲོན་རྒྱུ་ཡིན་ཟེར། དེ་ནས་གོང་མས་ན་བཟའ་རྙིང་པ་ཐམས་ཅད་ཕུད། ཁྲམ་པ་གཉིས་ཀྱིས་ན་བཟའ་གསར་པ་རེ་རེ་བཞིན་ཁོང་ལ་འབུལ་བའི་ཚུལ་བྱས་དང་། དེ་ནས་གོང་མའི་སྐེད་པའི་མཐའ་འཁོར་དུ་ལག་པས་ཕྱག་རྒྱ་འགའ་བྱས་ཏེ་དངོས་པོ་ཞིག་འདོགས་པའི་ཚུལ་ལ་བལྟས་ན། ཕལ་ཆེར་རྒྱབ་གཡོགས་འདོགས་བཞིན་པ་འདྲ། གོང་མས་མེ་ལོང་གི་མདུན་དུ་ཕར་འཁོར་ཚུར་འཁོར་ཞིག་མཛད། སྐེད་པ་ཕར་ལྡེམ་ཚུར་གཡོ་འགའ་མཛད། འཁོར་གཡོག་ཚོས། གོང་མ་རིན་པོ་ཆེ། ན་བཟའ་འདི་ཇི་འདྲའི་ཡག་པོ་ཞིག་རེད་ཨང་། སྐུ་ལ་རན་པར་བཅད་པ་ནི་ཇི་འདྲའི་འཚམ་པོ་ཞིག་རེད་ཨང་། རི་མོ་ནི་ཇི་འདྲའི་མཛེས་པ་ལ་ཨང་། ཁ་དོག་ནི་ཇི་འདྲའི་བཀྲག་ཆེ་བ་ལ་ཨང་། དངོས་གནས་རིན་ཐང་གཞལ་དུ་མེད་པའ་ན་བཟའ་ཞིག་རེད་ཅེས་འུད་བསྟོད་བྱས། དེའི་ཚེ་མཛད་སྒོའི་འགོ་གཙོ་རྒྱུག་ཡོང་འོངས་ཏེ། གོང་མ་ལ་མི་ཚང་མས་ཕྱི་རོལ་ཏུ་གདུགས་གྲ་སྒྲིག་བྱས་ཏེ། གོང་མ་ཆེན་པོ་ཁྲོམ་སྐོར་གྱི་མཛད་སྒོ་ལ་ཕེབས་རྒྱུར་བསྒུགས་ནས་འདུག་ཅེས་ཞུས། རེད། ད་ངས་གྱོན་ཚར་སོང་། ན་བཟའ་འདི་ངའི་ལུས་ལ་འཚམ་མམ་ཟེར་བཞིན་མེ་ལོང་གི་མདུན་དུ་གཡོ་ཙམ་བྱས་ཏེ། མི་རྣམས་ལ་ཁོང་གིས་རང་གི་ན་བཟའ་དེར་གཟབ་ནན་གྱིས་ལྟ་བཞིན་པའི་ཉམས་བསྟན། རྒྱབ་གཡོགས་ཀྱི་སྣེ་མོ་འཛིན་མཁན་ནང་བློན་ཚོས་ཀྱང་ཐང་ལ་ལག་སྙོབ་བྱས་ཏེ་རྒྱབ་གཡོགས་ཀྱི་སྣེ་མོ་ཟིན་ཁུལ་བྱེད་ཅིང་། ཁོ་ཚོས་རང་ཉིད་ཀྱིས་ཅི་ཡང་མ་མཐོང་བ་གཞན་གྱིས་མི་ཤེས་པར་བྱེད་ཆེད་དུ་གོམ་པ་མཉམ་བགྲོད་དང་། ལག་པས་དངོས་པོ་འདེགས་ཁུལ་གྱིས་གོང་མའི་རྗེས་སུ་འབྲངསས་ཏེ་ཕྱིན། གོང་མ་ནི་ངོ་མཚར་ཆེ་བའི་གསེར་གདུགས་འོག་ཏུ་ཁྲོམ་སྐོར་ལ་ཕེབས་བྱུང་། དྲང་ལམ་དང་སྒེའུ་ཁུང་ནས་ལྟ་མཁན་ཚོས། ཨ་ཙི། གོང་མའི་ན་བཟའ་ནི་ཇིག་འདྲའི་ ཡག་པོ་ཞིག་རེད་ཨང་། ཁོང་གི་སྟོད་གཡོགས་འོག་གི་རྒྱབ་གཡོགས་ནི་ཇི་འདྲའི་མཛེས་པ་ལ། ན་བཟའ་འདི་ནི་ཁོང་གི་སྐུ་ལུས་ལ་འཚམ་ཞིང་རན་པ་ལ་ཨང་ཞེས་སུས་ཀྱང་མ་མཐོང་བཞིན་དུ་འུད་བསྟོད་བྱེད་པ་ནི་རང་ཉིད་བླུན་པོ་མིན་པའམ། ཡང་ན་ལས་གོ་མི་ཆོད་པ་ཞིག་མིན་མདོག་སྟོན་པའི་ཆེད་དུའོ། ། གོང་མའི་ན་བཟའ་གང་ལའང་དེ་སྔ་ འདི་ལྟ་བུའི་བསྟོད་བསྔགས་ཐོབ་མ་མྱོང་། གློ་བུར་དུ་བྱིས་པ་ཞིག་གིས་གོང་མས་ན་བཟའ་ཅི་ཡང་མནབས་མི་འདུག་ཅེས་སྐད་བརྒྱབ་བྱུང་། བྱིས་པའི་པ་ཕས། ཨ་ཁ། བྱིས་པ་འདིའི་དགོད་བྲོ་བའི་སྐད་ཆ་ལ་ཆ་འཇོག་ཅི་ཡང་མེད་ཅེས་ཟེར། འོན་ཀྱང་། མི་ཚང་མས་བྱིས་པ་དེའི་བཤད་ཚུལ་ལྟར་ན། གོང་མས་ན་བཟའ་མནབས་མེད་པ་རེད་ཅེས་གཅིག་གིས་བཅུ་དང་། བཅུ་ཡིས་བརྒྱ་ལ་བརྒྱུད་ནས་བསྒྲགས་པས། མཐར་འབངས་མི་ཚང་མས་མགྲིན་གཅིག་ཏུ་བྱིས་པ་གཅིག་གིས་གོང་མས་ན་བཟའ་ཅི་ཡང་མནབས་མི་འདུག་ཟེར་ཞེས་ལབ་གླེང་བྱས། གོང་མས་དངོས་གནས་ན་བཟའ་ཅི་ཡང་མནབས་མེད་ཅེས་འབངས་ཐམས་ཅད་ཀྱིས་དེ་སྐད་བཤད་བྱུང་། གོང་མས་ལུས་པོ་འདར་སིག་སིག་བྱེད་བཞིན་འབངས་མི་ཚོས་བཤད་པའི་སྐད་ཆ་དེ་ཕལ་ཆེར་བདེན་པ་རེད་སྙམ་མོད། འོན་ཀྱང་། ཁོང་གིས་ངས་ཅིས་ཀྱང་ཁྲོམ་སྐོར་གྱི་མཛད་སྒོ་འདི་རྫོགས་པར་བྱེད་དགོས་སྙམ་ནས། སྔར་ལས་ཀྱང་ངའོ་སྙམ་པའི་རྫིག་མདོག་སྟོན་བཞིན་སྔོན་དུ་སྐྱོད་པ་དང་། ནང་བློན་ཚོའང་ཁོང་གི་རྗེས་སུ་འབྲངས་ཏེ་ལག་པས་རྒྱབ་གཡོགས་ཀྱི་སྣེ་མོ་འཛིན་ཁུལ་བྱས་ནས་བསྐྱོད་དོ། །

བཀྲིས་ཚེ་རིང་ནས་ཡིག་རྒྱབ།

Thursday, July 2, 2009

ཤིག་དང་དུག་སྦྲང་གྲོག་མ་གསུམ་གྱི་བསམ་ཚུལ།

བུ་ཉི་བསྐྱལ་ཆུང་ཆུང་སྐབས་དུག་སྦྲང་དང་གྲོག་མ་གཉིས་ཀྱིས་བུ་ཉི་བསྐྱལ་གྱི་ཨ་མ་ལ་བུ་ཉི་བསྐྱལ་སློབ་གྲྭ་ལ་གཏོང་ན་ཤིན་ཏུ་ཡག་པོ་ཡོད་པའི་བསླབ་བྱ་གང་མང་བྱས་པས། བུ་ཉི་བསྐྱལ་གྱི་ཨ་མས་ཀྱང་དེ་བཞིན་ཡག་པོ་མཐོང་ནས་བུ་ཉི་བསྐྱལ་སློབ་གྲྭར་བཏང་བ་རེད། བུ་ཉི་བསྐྱལ་སློབ་གྲྭར་སོང་བའི་རིང་དུག་སྦྲང་ལ་བུ་ཉི་བསྐྱལ་གྱི་སློབ་གྲོགས་ཆུང་ཆུང་མང་པོ་ཟུངས་ཁྲག་ཐུག་རྒྱུ་བྱུང་བ་དང་གྲོག་མ་ལའང་སློབ་ཕྲུག་ཚོ་རྔན་པ་མང་པོ་་ཟ་རྒྱུ་བྱུང༌། འོན་ཀྱང་དགེ་རྒན་ཨ་ལྕག་ལགས་ཤིག་ཡོད་པ་དེས་ཉིན་ལྟར་གཙང་སྦྲ་བལྟས་པས་ཨ་ཇོ་ཤིག་གི་སྤུན་མཆེད་མང་པོའི་ཚེ་སྲོག་ཨ་ལྕག་དེར་སེན་མོ་གཉིས་ཀྱི་བར་ཤོར་བ་དང༌། ཨ་ཇོ་ཤིག་རང་ཉིད་ཀྱང་རྟག་ཏུ་དུགལོག་གསེབ་སོགས་གང་སར་གབ་ནས་བསྡད་དགོས་བྱུང༌། དེ་ནས་ཉིན་གཅིག་ཨ་ཇོ་ཤིག་གིས་དེ་ཚོ་ཚང་མ་དུག་སྦྲང་དང་གྲོག་མས་བྱས་པ་ཡིན་པས་ངས་ཀྱང་དུག་སྦྲང་དང་གྲོག་མ་ལ་ལེན་ཡག་པོ་ཤིག་སློག་དགོས་བསམས་ནས། བུ་ཉི་བསྐྱལ་གྱི་ཨ་མའི་སར་སོང་ནས། ཨ་མ་རང་མ་གྲོངས་གོང་བུ་ཉི་བསྐྱལ་དེ་མཚན་ཉིད་ཀྱི་གྲྭ་ཚང་ཞིག་ཏུ་གཏོང་བ་ཡིན་ན་ཨ་མ་རང་དང་བུ་གཉིས་ཀྱི་ཚེ་འདི་ཕྱི་གཉིས་ཆར་ཕན་འདོགས་ཡོད་པས་མ་ཚད། རྗེས་མ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ས་བོན་ཡོང་གི་རེད་ལབ་པས། ཨ་མས་ཀྱང་ཤིག་གིས་བཤད་པ་དེ་དགེ་མཚན་ཆེན་པོར་མཐོང་ནས་བུ་ཉི་བསྐྱལ་གྲྭ་ཚོགས་ཤིན་ཏུ་ཆེ་བའི་མཚན་ཉིད་གྲྭ་ཚང་ཞིག་ཏུ་བཏང༌། སྐབས་དེར་ཉིན་རེ་གཙང་སྦྲ་སོགས་ཆེད་མངགས་ལྟ་མཁན་མེད་པར་སོང༌། ཨ་ཇོ་ཤིག་ཁོ་རང་རྟག་ཏུ་གཉིད་སྐྱིད་པོ་ཁུག་ནས་བུ་ཉི་བསྐྱལ་དང་ལྷན་ཅིག་བསྡད་རྒྱུ་བྱུང་ཡང༌། དུག་སྦྲང་དང་གྲོག་མ་གཉིས་རྟག་ཏུ་ཆོས་རའི་ནང་གྲྭ་པ་ཚོའི་རྟགས་གསལ་གཏོང་བའི་ཐལ་མོ་དང་རྐང་པའི་རྡོག་པའི་བར་བསད་གྲབས་བསད་གྲབས་བྱེད་བྲོས་ནས་བསྡད་དགོས་བྱུང་ངོ༌།།
སྨྱུག་རྒོད་གངས་བུ་དཔལ་གྱིས་བརྩམས།
རང་དོན་འབའ་ཞིག་ཁོག་ཏུ་བཅངས་པ་ལས། །རྩོམ་ཡིག་དེབ་ཕྲེང་བརྒྱ་ཕྲག་བྲིས་པ་ལས། །གཞན་ལ་ཕན་ཕྱིར་རྩོམ་ཡིག་བྲི་བའི་ལས། །ཅིས་ཀྱང་ལྷག་པ་དམ་པའི་སྤྱོད་ལས་ཤེས། །
དྲ་རྒྱར་རྩོམ་ཡིག་བསྐུར་ཡུལ། kyareng@gmail.com