Sunday, August 26, 2012
དྲ་ཐོག་ནས་བདེ་འཇགས་མཁོ་ན། (HTTPS)བེད་སྤྱོད་ཐོངས།
དེང་གི་སྐབས་སུ་། དྲ་ཐོག་ཏུ་ལས་ཀའི་རིགས་སྟབས་ཇེ་བདེར་སོང་བ་ཙམ་གྱིས། དྲ་ཐོག་གི་བདེ་འཇགས་བརྟན་པོ་ཡོད་པའི་ཁུངས་སྐྱེལ་དཀའ་བ་མ་ཟད་། དྲ་ཐོག་ཏུ་འགྲུལ་བཞུད་བྱེད་མཁན་ཚོར་། བདེ་འཇགས་དང་ཉེན་སྲུང་མེད་པའི་དཀའ་ངལ་དང་འགོག་རྐྱེན་རིགས་མང་ནས་མང་དུ་འགྲོ་བཞིན་ཡོད་། དཔེར་ན། ཁྱེད་རང་དྲ་ཉུལ་བྱེད་བཞིན་པའི་དྲ་བྱང་དེའི་འགོར་(HTTPS)་ཡི་ཚབ་ལ་(HTTP)་བེད་སྤྱོད་གཏོང་གི་ཡོད་ཚེ། ཁྱེད་ཀྱིས་དྲ་ཐོག་ནས་ལས་དོན་ཅི་ཞིག་བསྒྲུབ་ཀྱང་། ཁྱེད་ཀྱིས་ཅི་ཞིག་བྱེད་བཞིན་པ་དང་ཅི་ཞིག་འབྲི་བཞིན་པ། ཅི་ཞིག་བཤད་བཞིན་པ་བཅས་ཚང་མར་གཞན་གྱིས་ལྐོག་བལྟ་དང་རྗེས་འདེད་བྱེད་ཐུབ་པ་མ་ཟད་། ཁྱེད་རང་སྒེར་གྱི་གནས་ཚུལ་མང་པོ་ཞིག་གཞན་གྱི་ལག་པར་ཤོར་སྲིད་པ་མ་ཟད་དེ་ལོག་པར་བེད་སྤྱོད་ཀྱང་གཏོང་སྲིད་། གནས་སྟངས་འདི་ལྟ་བུའི་འོག་ཏུ། རྒྱལ་ཁབ་མང་པོའི་ནང་དུ་། དངུལ་ཁང་གི་གནས་ཚུལ་བརླགས་པ་དང་མི་སྒེར་གྱི་གསང་བ་ཤོར་བའི་གསར་འགྱུར་མང་པོ་འབྱུང་གིན་ཡོད་། དེར་བརྟེན། ཁྱེད་ཀྱིས་གཟབ་གཟབ་མ་བྱས་ན། དྲ་ཐོག་གི་ལས་ཀ་ཚང་མ་བདེ་འཇགས་མིན།
(HTTPS)བེད་སྤྱོད་མ་བཏང་ན། ལྐོག་ལྟ་དང་རྗེས་འདེད་ནི་གནས་སྟངས་གང་རུང་དུ་འབྱུང་ངེས། དཔེར་ན། ལས་ཁུངས་དང་སློབ་གྲྭ སྤྱི་སྤྱོད་གློག་ཀླད་ཁང་གང་རུང་དུ་ཁྱེད་དང་དྲ་འབྲེལ་གཅིག་པ་བེད་སྤྱོད་གཏོང་མཁན་ཞིག་གིས། ཁྱེད་ཀྱིས་དྲ་ཚིགས་གང་ལ་ཉུལ་གི་ཡོད་པ་དང་ཁྱེད་ཀྱིས་གློག་འཕྲིན་དང་འཕྲིན་ཐུང་དུ་ཅི་ཞིག་འབྲི་བཞིན་ཡོད་པ་བཅས་ལ་ལྐོག་ལྟ་བྱེད་ཐུབ་པ་མ་ཟད་། ཁྱེད་ལ་དྲ་འབྲེལ་གྱི་མཐུན་རྐྱེན་སྦྱོར་མཁན་དང་སྲིད་གཞུང་གང་རུང་གིས་ཀྱང་ཁྱེད་ཀྱི་དྲ་ཐོག་གི་བྱེད་ལས་ཚང་མར་ལྟ་ཞིབ་བྱེད་ཐུབ། འདི་ལྟར་འབྱུང་དོན་ནི། ཁྱེད་ཀྱིས་བེད་སྤྱོད་གཏོང་བཞིན་པའི་དྲ་ཚིགས་དང་གློག་འཕྲིན་ཁ་བྱང་སོགས་སུ་(HTTPS)མེད་པའི་རྐྱེན་གྱིས་རེད་།
ད་དུང་ཁ་གསལ་དུ་བཏང་ནས་བརྗོད་ན། ཁྱེད་ཀྱིས་ཉུལ་ཞིབ་དང་བེད་སྤྱོད་གཏོང་བཞིན་པའི་དྲ་ཚིགས་དང་གློག་འཕྲིན། ངོ་དེབ་སོགས་གང་ཡིན་རུང་། (HTTPS)མ་ཡིན་པར(HTTP)་བེད་སྤྱོད་གཏོང་གི་ཡོད་ཚེ། ཁྱེད་ཀྱི་དྲ་ཐོག་གི་བདེ་འཇགས་ལ་ཉེན་ཁ་ཆེ།
དྲ་ཐོག་ཏུ་། ཁྱེད་རང་གཙོས་བའི་ཁྱེད་ཀྱི་ཉེ་འཁོར་བ་རྣམས་བདེ་འཇགས་ངང་གནས་ཐུབ་པ་ལ། ངེས་པར་དུ(HTTPS) བེད་སྤྱོད་གཏོང་གི་ཡོད་པའི་དྲ་ཐོག་ཞབས་ཞུ་རིགས་འདེམས་དགོས་ཤིང་ཡིད་གཟབ་བྱེད་དགོས་བའི་གནད་དོན་ཁག་སེམས་ལ་ཉོར། ཁྱེད་རང་དྲ་ཐོག་ཉུལ་བའི་སྐབས་སུ་། དྲ་ཚིག་གི་ཁ་བྱང་ལ་བལྟོས། གལ་སྲིད་དྲ་ཚིགས་གི་ཁ་བྱང་དེ་(HTTPS)མ་ཡིན་པར་(HTTP)ནས་འགོ་བཙུགས་ཡོད་ཚེ། ཁྱེད་ཀྱི་དྲ་ཐོག་ལས་ཀར་གཞན་གྱིས་ལྐོག་ལྟ་བྱེད་ཐུབ་གི་ཡོད་པ་ཤེས་དགོས་བ་མ་ཟད་དྲ་ཐོག་ཏུ་ཅི་ཞིག་ལས་དང་ཅི་ཞིག་བཤད་ལ་གཟབ་གཟབ་བྱོས། ད་དུང་དྲ་ཚིགས་གཅིག་པོ་མ་ཡིན་པར་། གློག་འཕྲིན་ནང་འཛུལ་བའི་སྐབས་སུ་ཡང་། གློག་འཕྲིན་རང་བཞིན་ནས་(HTTPS)བེད་སྤྱོད་གཏོང་བ་རྗེ་མེལ་(Gmail)ལྟ་བུ་བེད་སྤྱོད་གཏོང་རྒྱུ་འགོ་ཚུགས། ཡ་ཧོ(Yahoo)སོགས་བེད་སྤྱོད་གཏོང་རྒྱུ་མཚམས་ཞོག གང་ཡིན་ཞེ་ན། དེ་ཚོས(HTTPS)བེད་སྤྱོད་གཏོང་གི་མེད་པ་མ་ཟད་དེ་ཚོའི་བདེ་སྲུང་ཡང་བརྟན་པོ་མེད་།
དཔེར་ན། ངོ་དེབ་ལྟ་བུར་(HTTPS)ཡི་མཐུན་རྐྱེན་ཡོད་རུང་དེ་རང་བཞིན་ནས་བེད་སྤྱོད་གཏོང་གི་མེད་། དེར་བརྟེན། ཁྱེད་ཀྱི་ངོ་དེབ་དེ་(HTTPS)བེད་སྤྱོད་གཏོང་མཁན་བཟོ་ན། ཐོག་མར་ཁྱེད་ཀྱིས་ངོ་དེབ་ཀྱི་པར་གཞིའི་གཡས་ཕྱོགས་ཀྱི་འགོར་ཡོད་པའི་ཐོ་བྱང་གི་ཐོག་ལ་བསྣུན་ཅིང་དེ་ནས་ "Account Settings" འདེམས། དེའི་རྗེས་སུ་། པར་གཞིའི་གཡོན་ཕྱོགས་སུ་ཡོད་པའི "Security" ཡི་སྒང་ལ་བསྣུན། དེ་ནས་ "Secure Browsing" ཡི་སྒང་ལ་བསྣུན་ཏེ་"Browse Facebook on a secure connection (https) when possible"འདེེམས། དེ་དག་ཚང་མ་གྲུབ་རྗེས། "Save Changes" ཡི་སྒང་ལ་བསྣུན་རོགས།
སྤྱིར་བཏང་ནས། (HTTPS)ནི་(HTTP)་དང་འདྲ་བོ་ཡོད་རུང་། འོན་ཀྱང་། "S" ཡིས་བདེ་འཇགས་དང་ཉེན་སྲུང་མཚོན་པ་མ་ཟད་། དེས་ད་དུང་དྲ་ཐོག་གི་བདེ་སྲུང་གི་རིམ་པ་ཡར་རྒྱས་བཏང་བ་མཚོན་གྱི་ཡོད་། རིམ་པ་འདིས་གཞན་གྱིས་ཁྱེད་ཀྱི་དྲ་ཐོག་གི་འབྲེལ་ལམ་ཁག་ལ་གསང་ཉུལ་བྱེད་པ་འགོག་གི་ཡོད་། ཞོར་ནས་ཞུ་རྒྱུར། ཁྱེད་ཀྱིས་(HTTPS)བེད་སྤྱོད་གཏོང་གི་ཡོད་རུང་། གཞན་གྱིས་ཁྱེད་རང་དྲ་ཚིགས་གང་ལ་འབྲེལ་ཡོད་པ་ཤེས་ཐུབ། འོན་ཀྱང་། ཁྱེད་ཀྱིས་ཅི་ཞིག་བྱེད་བཞིན་པ་ཡོད་པར་ལྐོག་ལྟ་སོགས་བྱེད་མི་ཐུབ།
བསྐྱར་དུ་ཞུ་རྒྱུར་། ཁྱེད་རང་དང་ཁྱེད་ཀྱི་ཉེ་འཁོར་བ་རྣམས་བདེ་འཇགས་ངང་སྡོད་ཐུབ་པ་ལ། (HTTPS)བེད་སྤྱོད་གཏོང་གི་ཡོད་པའི་དྲ་ཚིགས་དང་གློག་འཕྲིན་སོགས་འདེམས། ཁྱེད་ཀྱི་གྲོགས་པོ་དང་ཉེ་འཁོར་བ་རྣམས་ལ་ཡང་དེ་ལྟར་བྱེད་བཅུག དྲ་ཐོག་ཏུ་བདེ་འཇགས་དང་ཉེན་སྲུང་། གསང་བ་བཅས་ཀྱི་སླད་དུ་། (HTTPS)བེད་སྤྱོད་ཐོངས་།
Tuesday, June 19, 2012
ཁྱེད་ཀྱི་ཨེན་ཌོའི་ཌེ་ཁ་པར་གྱི་མེ་སྲུང་སྐྱོབ་བྱེད་ཐབས།
ར་ས་ཕོ་ཉ།
དེང་གི་ཆར་ཁྱེད་ཀྱིས་ཨེན་ཌོའི་ཌེ་Android ཁ་པར་ཡིད་དུ་འོང་བ་ཞིག་ཁྱེར་གྱི་ཡོད་རུང་། ཉིན་ལྟར་གློག་གམ་མེ་གསོག་དགོས་པས་དབང་གིས་ ཅུང་ཟད་བསུན་པོ་ཡོད་པ་ཡིན་ནམ། མེ་ཡི་འདང་གཤེད་མེད་པ་དེ་ནི་གྷོ་གྷོལ་མཉེན་ཆས་ཅན་གྱི་ཁ་པར་དེ་ཚོའི་སྐྱོན་ཆ་ཆེ་ཤོས་དེ་ཡིན། དེ་འདྲ་སོང་ ཙང་། གཤམ་དུ་ཉིད་ཀྱི་ཨེན་ཌོའི་ཌེ་ཁ་པར་གྱི་མེ་ཅུང་ཟད་འགྲོན་ཆུང་ཡོང་ཆད་ལམ་སྟོན་གྱི་རིམ་པ་འགའ་བཀོད་ཡོད།
༡ སྐུད་མེད་བརྡ་ལམ་རྣམས་བཀག་ནས་འཇོག བྷུ་ལུ་ཊུཐ་Bluetooth (སོ་སྔོན།) དང་། ཝཡེ་ཧྥེ་WiFi (ཉེ་འཁོར་སྐུད་མེད་རྒྱུད་ལམ།) སོགས་བེད་སྤྱོད་མི་བྱེད་པའི་དུས་བཀག་ནས་འཇོག་ལ། ལྷག་ པར་དུ་ལྗི་གསུམ་3G (ཁ་པར་རྒྱུད་ལམ་མགྱོགས་པ་ཞིག)རྒྱུད་ལམ་དེ་བཀག་ནས་བཞག་དགོས། གང་ཡིན་ཟེར་ན། ལྗི་གསུམ་རྒྱུད་ལམ་མེད་པར་དེ་སྒོ་ ཕྱེ་ནས་བཞག་པ་ཡིན་ན་དུས་ཚོད་སྐར་ཆ་རེ་རེ་ནས་ཁ་པར་གྱི་ལྗི་གསུམ་བཙལ་ནས་བསྡད་པས་གློག་གམ་མེ་མང་པོ་ཟ་བ་ཡིན།
༢ ངོ་ཤེལ་གྱི་འོད་མདངས་ཆུང་ངུར་འཇོག དུས་རྒྱུན་ཁ་པར་གྱི་མེ་འགྲོན་ཆུང་བྱེད་དུས་ཁ་པར་གྱི་ངོ་ཤེལ་གྱི་འོད་མདངས་བརྒྱ་ཆ་༣༠ ནས་ ༤༠ བར་འཇོག་གི་ཡོད།
༣ རེམ་RAMགཙང་མ་བཟོ་བ། ཁ་པར་ནང་དུ་དང་ཐོག་ནས་ཡོད་པའི་ཊསེ་་མན་ནེ་འཇར་task manager (བྱ་བའི་སྟངས་འཛིན་པ།) མཉེན་ཆས་སྤྱད་ནས་རེམ་རྒྱུན་དུ་གཙང་མ་ བཟོ་དགོས། གལ་ཏེ་དེ་ལྟ་བུའི་མཉེན་ཆས་ཁ་པར་ནང་མེད་ན་གྷོ་གྷོལ་ཁྲོམ་ར་google play store ནས་(Advance Task Manager) ཟེར་བ་ སོགས་ནས་མཉེན་ཆས་ཕབ་ལེན་བྱོས།
༤ ཁ་པར་གྱི་གྱང་རིས་ Wallpaper རྣམས་ཚོན་མདོག་ནག་པོ་འཇོག ཡིད་ཆེས་ཡོད་མེད་ཇི་ལྟར་ཡང་། ཁ་པར་ནང་གྱང་རིས་དང་ལྗོངས་རིས་Themeརྣམས་ཚོན་མདོག་ནག་པོ་ཅན་གྱིས་མེ་བེད་སྤྱོད་ཉུང་བ་བྱེད་པ་ཡིན། ལྷག་པར་དུ་ཨེ་མོ་ལེཌེ་AMOLED རང་བཞིན་གྱི་ངོ་ཤེལ་ཅན་གྱི་ཁ་པར་དེ་ཚོའི་ནང་དེ་ལྟར་འོང་བ་ཡིན། ༼སེམ་སུང་་གྷེ་ལེཀ་སེ་ཨེསེ་Samsung Galaxy S རིགས་རྣམས་ངོ་ཤེལ་ཨེ་མོ་ལེཌེ་ཡིན།༽
༥ ཁ་པར་ནང་གི་(sync)གསར་བརྗེའི་བྱ་བ་རྣམས་འགོག་པ། ཁ་པར་ནང་དུ་ཡང་ཡང་གསར་བརྗེའི་བྱེད་རྒྱུ་མི་འགོག་པ་ཡིན་ན། སྐར་མ་བཅུ་ལྔའི་མཚམས་སུ་ཁ་པར་གྱིས་གློག་འཕྲིན་emailགསར་པ་ཡོད་མེད་ བརྟག་པ་དང་། ཊི་ཝི་ཊར་twitter དང་ ངོ་དེབ་Facebook སོགས་ལ་མཆན་དང་ཏིང་འགུལ་གང་ཡོད་བརྟག་པས་ཁ་པར་གྱི་མེ་མགྱོགས་པོར་ཟ་ འགྲོ་བ་ཡིན། དེས་ན། རང་གི་ལས་ཀར་དཔག་ནས་གློག་འཕྲིན་སོགས་གསར་བརྗེའི་རིགས་སྒོ་བརྒྱབ་པའམ། ཡང་ན་ཉིན་རེར་ཐེངས་རེ་བརྟག་པའམ། ཚོུད་གསུམ་རེའི་བརྟག་པ་སོགས་བསྒྲིགས་ནས་འཇོག
༦ མཉེན་ཆས་རྣམས་ཉོ་དགོས། རིན་མེད་མཉེན་ཆས་མཉམ་སྦྱར་གྱི་ཁྱབ་བསྒྲགས་དེ་ཚོས་ཁ་པར་གྱི་མེ་ཤུགས་ཆེན་པོ་ཟ་བ་ཡིན།
༧ མེ་བེད་སྤྱོད་ཇི་ཙམ་བྱེད་ཡོད་མེད་བརྟག ཁ་པར་གྱི་སྒྲིག་སྦྱོར་གྱི་ནང་དུ་སོང་ནས་མཉེན་གང་གིས་ཁ་པར་གྱི་མེ་མང་ཤོས་ཟ་བཞིན་པ་དེ་བཙལ་ནས། མཉེན་ཆས་དེ་ཁ་པར་ནས་ཕྱི་ལ་བཏོན་ དགོས།
༨ ཁོར་ཡུག་གྲང་སར་འཇོག ཁྱེད་ཀྱི་མོ་ཊའི་མདུན་གཞོང་ལྟ་བུ་ཁོར་ཡུག་ཚ་སར་ཁ་པར་བཞག་ན་མེ་རྫོགས་མགྱོགས་པ་ཡིན་པས། རྟག་ཏུ་ཉི་འོད་སོགས་ཚ་དྲོད་ཆེ་སར་ཁ་པར་ འཇོག་རྒྱུ་མེད།
Friday, June 1, 2012
ཟུར་སྣོན་ནི། དྲ་འབུ་ཡོང་སའི་སྒོ་མོ་དེ་ཡིན།
དྲ་རྒྱའི་མཐུན་རྐྱེན་ཇེ་ཡག་ཏུ་ཕྱིན་པ་དང་མཉམ་དུ་། མི་རྣམས་ཀྱིས་གློག་འཕྲིན་བརྒྱུད་ཉིན་རེའི་ལས་དོན་མང་པོ་སྒྲུབ་བཞིན་ཡོད་། ད་དུང་། མི་རྣམས་ཀྱིས་གློག་འཕྲིན་བརྒྱུད་གཞན་ལ་འཕྲིན་ཡིག་གཏོང་བ་ཙམ་མ་ཡིན་པར་། འདྲ་པར་དང་ཡིག་ཆ་འདྲ་མིན་སོགས་ཟུར་སྣོན་ (Attachment) བྱས་ནས་ཀྱང་བསྐུར་བཞིན་ཡོད་། འོན་ཀྱང་། གློག་འཕྲིན་བེད་སྤྱོད་གཏོང་མཁན་མང་པོའི་བསམ་པར་། ཟུར་སྣོན་ནི་ཡིག་ཆ་དང་འདྲ་པར་སོགས་བསྐུར་བྱེད་ཀྱི་སྟབས་བདེའི་ཡོ་བྱད་ཅིག་མ་གཏོགས། དེས་སོ་སོའི་གློག་ཀླད་དང་གློག་འཕྲིན་ནང་དུ་དྲ་འབུ་འཁྱེར་ནས་ཡོང་གི་ཡོད་པའི་དོགས་པ་བྱེད་ཀྱི་མེད་ལ། དེའི་སྐོར་གྱི་ཤེས་བྱ་ཡོད་མཁན་ཡང་ཧ་ཅང་ཉུང་ཉུང་ཡིན། ལྷག་པར་དུ་། ཟུར་སྣོན་གྱི་སྐོར་ལ་ཤེས་བྱ་ཉུང་བའི་དབང་གིས། མི་མང་པོའི་གློག་ཀླད་ལ་དྲ་འབུའི་འཇབ་རྒོལ་ཐེབས་ཀྱི་ཡོད་། དོན་དངོས་སུ། ཟུར་སྣོན་བེད་སྤྱོད་གཏོང་བ་ནི། དྲ་འབུ་ཡོང་སའི་སྒོ་ཕྱེས་བ་དང་གཅིག་མཚུངས་ཡིན།
ཁྱེད་ལ་སླེབས་པའི་ཟུར་སྣོན་ཅན་གྱི་གློག་འཕྲིན་མང་པོའི་ནང་དུ་དྲ་འབུ་སྐུང་ནས་ཡོད་། དྲ་འབུ་ཁ་ཤས་ནི་མངོན་གསལ་ཅན་དང་ཁ་ཤས་ནི་ལྐོག་ཏུ་ཡིབ་ནས་ཡོད་། གལ་སྲིད་ཁྱེད་ནས་ཟུར་སྣོན་དེའི་རིགས་ཁ་ཕྱེས་བ་ཡིན་ན། སྐད་ཅིག་མ་དེར་དྲ་འབུ་རྣམས་ནད་ཡམས་བཞིན་ཁྱེད་ཀྱི་གློག་ཀླད་ཀྱི་གང་སར་ཁྱབ་པ་མ་ཟད་། དྲ་འབུ་དེ་དག་གིས། ༡ ཁྱེད་ཀྱི་ཡིག་ཆ་དང་སྒེར་གྱི་གནས་ཚུལ་དེ་ཚོ་བརྐུ་གི་རེད་། ༢ ཁྱེད་ཀྱི་གློག་ཀླད་ཀྱི་པར་ཆས་བརྐུས་ནས་ཁྱེད་ལ་ལྐོག་ལྟ་བྱེད་གི་རེད་། ༣ ཁྱེད་ཀྱི་གློག་ཀླད་སྟེང་གི་སྐུད་མེད་ཁ་པར་བརྐུས་ནས་ཁྱེད་ལ་ལྐོག་ཉན་བྱེད་གི་རེད་། ༤ ཁྱེད་ཀྱི་གནས་ཚུལ་བརྐུ་བ་ཙམ་མ་ཡིན་པར་། ཁྱེད་ཀྱི་ངོ་ཤེས་གྲོགས་པོ་དང་ཁྱེད་དང་མཉམ་དུ་གླེང་མོལ་བྱེད་མཁན་དག་གི་གནས་ཚུལ་ཡང་བརྐུ་གི་རེད་། བྱ་སྤྱོད་འདིས་མི་མང་པོའི་བདེ་འཇགས་ལ་དོ་ཕོག་རྒྱ་ཆེར་གཏོང་གི་ཡོད་།
འོ་ན། ཟུར་སྣོན་ཡོད་པའི་གློག་འཕྲིན་རིགས་ཚང་མའི་ནང་དུ་དྲ་འབུ་ཡོད་དམ་ཟེར་ན། བརྒྱ་ཆ་དགུ་བཅུའི་ནང་དུ་ཡོད་ཟེར་རྒྱུ་ཡིན། དྲ་འབུ་ཡོད་ཟེར་བའི་གོ་དོན་ནི། ཁྱེད་ཀྱི་གློག་ཀླད་ལ་གཏོར་སྐྱོན་ཆེན་པོ་ཞིག་མ་ཐེབས་ན་དྲ་འབུ་མི་འདུག་སྙམ་པའི་གོ་དོན་དེ་མིན། དཔེར་ན། གོང་དུ་གླེང་བ་བཞིན། གློག་ཀླད་སྟེང་གི་སྐུད་མེད་ཁ་པར་བརྐུས་ནས་ཁྱེད་ལ་ལྐོག་ཉན་བྱེད་པའི་དྲ་འབུའི་རིགས་ནི་མངོན་གསལ་ཅན་མིན། དེར་བརྟེན། དྲ་འབུ་མ་ཡོང་བའི་ལམ་ཁ་ཞིག་བསྟེན་རྒྱུ་ནི་ཕུགས་རྒྱང་རིང་པོའི་བདེ་འཇགས་ལ་འབྲེལ་བ་ཡོད་། བདེ་འཇགས་དེ་ཡོང་བ་ལ་ཟུར་སྣོན་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་པའམ་ཟུར་སྣོན་ལས་ལོགས་སུ་ཐོན་རྒྱུ་ནི་གདམ་ཁ་ཡག་ཤོས་དེ་ཡིན།
འདི་ལྟར་བརྗོད་ན། མི་མང་པོའི་སེམས་སུ་ཟུར་སྣོན་མེད་པའི་སེམས་ཁྲལ་དེ་ཡོང་སྲིད་། འོན་ཀྱང་། དེ་སེམས་ཁྲལ་མེད་པའི་སེམས་ཁྲལ་ཞིག་ཡིན། ཁྱེད་ཀྱིས་ཟུར་སྣོན་བེད་སྤྱོད་གཏོང་རྒྱུ་མཚམས་བཞག་རུང་། ཁྱེད་ཀྱིས་ཡིག་ཆ་དང་འདྲ་པར་སོགས་ལས་སླ་བོའི་སྒོ་ནས་བསྐུར་ཐུབ་པའི་དྲ་ཐོག་ཡོ་ཆས་གཞན་པ་ཡོད་པ་མ་ཟད་། དེ་དག་ལ་དྲ་འབུའི་དཀའ་ངལ་མེད་། དཔེར་ན། GoogleDocs དང་ Dropbox གཞན་། www.ge.tt. ལྟ་བུ། འདི་ཚོ་ཚང་མ་ཡིག་ཆ་དང་འདྲ་པར་སོགས་བགོ་འགྲེམས་བྱེད་ཐུབ་པའི་ཚད་ལྡན་ཡོ་བྱད་རྐྱང་རྐྱང་ཡིན། འོ་ན། ཟུར་སྣོན་ལས་ལོགས་སུ་ཐོན་པའི་ལམ་ཁ་ག་རེ་ཡོད་དམ་ཞེ་ན། དྲ་འབུ་སྔོན་འགོག་གི་སླད་དུ་། ༡ ཁྱེད་ཀྱི་གློག་འཕྲིན་ནང་འབྱོར་བའི་ཟུར་སྣོན་རིགས་ཕབ་ལེན་དང་ཁ་འབྱེད་གཉིས་ཀ་མ་བྱེད་། ༢ ཁྱེད་ལ་ཟུར་སྣོན་རིགས་འབྱོར་ཚེ་། གློག་འཕྲིན་ཀྱི་འགོ་བརྗོད་ (Subject) ལ་གཙང་བཤུས (SCAN) ཟེར་ནས་བྲིས་ཤིང་། ཟུར་སྣོན་ཅན་གྱི་གློག་འཕྲིན་དེ་གློག་འཕྲིན་ཁ་བྱང་ "scan@virustotal.com" ཀྱི་སྒང་ལ་ཐད་གཏོང་བྱས་ནས་དྲ་འབུ་ཡོད་མེད་བརྟག་དཔྱད་ཐོངས་། ༣ གལ་སྲིད་ཁྱེད་ནས་རྗེ་མིལ་ (Gmail) བེད་སྤྱོད་གཏོང་གི་ཡོད་ཚེ། ཟུར་སྣོན་གྱི་ཁ་མ་བསྔོགས་སྔོན་ལ། སྔོན་བལྟའི་ (Preview) སྒང་ལ་བསྣུན་ནས་དྲ་འབུ་ཡོད་མེད་ལྟོས། ༤ མདོར་བསྡུས་ན། ཟུར་སྣོན་བེད་སྤྱོ་གཏོང་རྒྱུ་མཚམས་བཞག་ནས། དེའི་ཚབ་ལ། "GoogleDocs" དང་ "Dropbox" "www.ge.tt." བཅས་བེད་སྤྱོད་བཏང་ནས་ཁྱེད་རང་སྒེར་གྱི་ཡིག་ཆ་དང་འདྲ་པར་སོགས་གཞན་ལ་ཐོངས་།
ཅུང་ཞིབ་ཕྲའི་སྒོ་ནས་གླེང་ན། གལ་སྲིད་ཁྱེད་ཀྱིས་གློག་འཕྲིན་ཡིག་ཟམ་རྗེ་མེལ་བྱེད་སྤྱོད་གཏོང་གི་ཡོད་ཚེ། རྗེ་མེལ་ངོས་ཀྱི་ "Document" ཟེར་བ་དེར་བསྣུན་དང་ "GoogleDocs" ནི་དེ་རུ་ཡོད་། ཁྱེད་ནས་ "GoogleDocs" ཐོག་སོ་སོའི་ཡིག་ཆ་དང་འདྲ་པར་སོགས་ཕབ་ལེན་བྱས་ནས་གཞན་ལ་བཏང་ཆོག་པ་མ་ཟད་། ཁྱེད་ཀྱི་གཏོང་ས་དང་ཁྱེད་གཉིས་ཀྱིས་མཉམ་དུ་ཡིག་ཆ་སོགས་ལ་བཟོ་བཅོས་དང་དག་བཅོས། བསྐྱར་བཅོས་སོགས་ "GoogleDocs" སྒང་དུ་དུས་མཉམ་དུ་བྱས་ཆོག་པ་མ་ཟད་། གང་བཅོས་བ་དེ་རང་བཞིན་ནས་ཉར་ཚགས་བྱས་འགྲོ་གི་ཡོད་། དེ་ནི་ GoogleDocs ཡི་ཁྱད་ཆོས་དམིགས་བསལ་བ་དེ་ཡིན་། གཞན། "Dropbox" ལ་མཚོན་ན། ཁྱེད་ཀྱིས་དེའི་སྟེང་དུ་ (www.dropbox.com) ཁ་བྱང་གསར་བ་ཞིག་སྒོ་ཕྱེས་ནས། རང་གི་ཡིག་ཆ་དང་འདྲ་པར་སོགས་ཉར་འཇོག་བྱས་ཆོག་པ་མ་ཟད་གཞན་ལ་བགོ་གཏོང་ཡང་བྱས་ཆོག དེ་ལས་ལྷག་པ། ཁྱེད་རང་འཛམ་གླིང་གི་ས་ཕྱོགས་གང་དུ་འགྲོ་ན་ཡང་། ཡིག་ཆ་སོགས་མཐེབ་སྡེར་(USB Drive ) ནང་དུ་འཁྱེར་མི་དགོས་བར་ཚང་མ་ "Dropbox" ནང་དུ་ཉར་ཆོག་ཅིང་། ས་གནས་གང་རུང་དུ་གློག་ཀླད་གང་རུང་ཐོག་ཁ་ཕྱེས་ན་འགྲིག (www.ge.tt.) ཡང་ "Dropbox" དང་གཅིག་མཚུངས་ཡིན། མཐའ་དོན་དུ་། བསྐྱར་དུ་དྲན་སྐུལ་ཞུ་རྒྱུར། ཟུར་སྣོན་ནི་དྲ་འབུ་ཡོང་སའི་སྒོ་མོ་དེ་ཡིན་པ་ངོ་འཕྲོད་པའི་སྒོ་ནས། ཟུར་སྣོན་གྱི་ཁ་མི་འབྱེད་པ་དང་ཟུར་སྣོན་ཅན་གྱི་གློག་འཕྲིན་གཞན་ལ་མི་གཏོང་བའི་གོམས་གཤིས་འཇགས་པར་གྱིས། ལྷག་པར་དུ། ཕུགས་རྒྱང་རིང་པོའི་དྲ་ཐོག་བདེ་འཇགས་ཀྱི་སླད་ཟུར་སྣོན་དང་ཁ་བྲལ་རྒྱུ་འགོ་ཚུགས།
(འཇིགས་མེད་ནུབ་པ་ནི། རྩོམ་འབྲི་དང་ཡིག་སྒྱུར། རྩོམ་སྒྲིག་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་གཞོན་སྐྱེས་ཤིག་ཡིན།)
Thursday, March 8, 2012
ཨེན་ཌོའི་ཌེ་མཉེན་ཆས་ཅན་གྱི་སེམ་སུང་ཁ་པར་གྱི་བོད་ཡིག་འཐེབ་གཞོང་གསར་པ།
གྲོགས་པོ་ལགས། ཉེ་ལམ་ནས་སེམ་སུང་ཁ་པར་ནང་དུ་བོད་ཡིག་སླེབས་པ་ནས་བཟུང་ཁོ་བོ་གཙོས་གྲོགས་པོ་མང་པོ་ཞིག་གིས་སེམ་སུང་ཁ་པར་ཉོས་ཡོད། ཡིན་ནའང་། ཁ་པར་ནང་བོད་ཡིག་འབྲི་དུས་སྤྱོད་བཞིན་པའི་multiling keyboard ཀ་མད་གྲལ་བསྟར་བསྒྲིགས་པའི་འཐེབ་གཞོང་དེ་སྤྱད་དཀའ་བ་དང་། ལྷག་པར་ཡིག་འབྲུ་མང་དྲགས་པས་མེ་ལོང་ཆུང་ཅན་གྱི་ཁ་པར་ནང་བོད་ཡིག་ཤིན་ཏུ་འབྲི་དཀའ་བའི་དཀའ་ངལ་འཕྲལ་བཞིན་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ཡིན། འོན་ཀྱང་ཉེ་ལམ་ཁོ་བོས་འཇུས་འགོད་དང་multiling keyboard བཟོ་སྐྲུན་པས་བྱས་འབྲས་སུ། བོད་གཞུང་གློག་ཀླད་འཐེབ་གཞོང་དང་། དེ་བཞིན་ཨ་ཡེ་ཕོན་འཐེབ་གཞོང་འདྲ་བའི་ཁ་པར་འཐེབ་གཞོང་གསར་པ་ཞིག་གྲུབ་ཡོད། འཐེབ་གཞོང་དེའི་ཁྱད་ཆོད་ནི་བོད་ཡིག་གི་སྒྲ་གདངས་དང་མཐུན་པར་ཡི་གེ་འཆར་འགོད་བྱས་ཡོད་པ་དང་། གྲལ་གཅིག་ཏུ་ཡིག་འབྲུ་བཅུ་ལས་ལྷག་པ་མེད་པ་དང་། དེ་བཞིན་སྦྲུལ་ཤད་དང་། རིན་ཆེན་སྤུངས་ཤད་དང། འདོགས་པ་ཅན་གྱི་ཥ་སོགས་གསར་དུ་བསྣོན་ཡོད། གོང་བརྗོད་ཨེན་ཌོའི་ཌེ་བོད་ཡིག་འཐེབ་གཞོང་དེ་སྤྱོད་འདོད་ཡོད་ཚེ། མལ་ཊི་ལིང་འཐེབ་གཞོང་multiling keyboard གསར་ཤོད་དེ་ཕབ་ལེན་བྱས་རྗེས། བེད་སྤྱོད་བཏང་དུས་123 ཅན་གྱི་མཛུབ་གནོན་དེ་བསྣུན་བསྡད་ནས། དེ་ནས་འཐོན་པའི་གཟུགས་བརྙན་ནང་གི་མཛུབ་བསྣོན་ཆེ་ཆུང་གཉིས་ཅན་ཞིག་ཡོད་པ་དེ་འདེམས་དགོས། གཞན་དེ་སྔ་ལྟར་ཡིན།
མ་གཞི་ཨེན་ཌོའི་ཌེ་ཁྲོམ་ར་ནང་ནས་ཕབ་ལེན་བྱེད་ཆོག་མོད། ཐད་ཀར་ཕབ་ལེན་གནང་བློ་ཡོད་ན་འདིར་གནོན་རོགས།
Tuesday, December 27, 2011
ཨེན་ཌོའི་ཌེ་ཁ་པར་ནང་གི་བོད་ཡིག་ཚིག་མཛོད།
བློ་བཟང་སྨོན་ལམ་གྱིས་གུས་འདུད་བཅས།
བཀྲ་ཤིས་བདེ་ལེགས།
རྒྱ་ཆེ་བའི་བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སྐྱེ་བོ་ཀུན་གྱི་སྙན་ལམ་དུ། སྤྱི་ལོ་ ༢༠༡༢ ཤར་ལ་ཉེ་བའི་མཚམས་འདིར་སྨོན་ལམ་ཚིག་མཛོད་Android ལག་འཁྱེར་ཁ་པར་མ་ལག་ནང་ལེགས་འགྲུབ་བྱུང་སྟེ་Android Market བརྒྱུད་ནས་རིན་མེད་དུ་ལེགས་སྐྱེས་ཤིག་གི་ཚབ་ཏུ་འགྲེམས་སྤེལ་ཞུས་ཡོད། ཚིག་མཛོད་འདི་ནི་དེ་སྔོན་Windows ནང་བཀྲམ་པའི་ཚིག་མཛོད་དང་གཅིག་མཚུངས་ཡིན་པ་མ་ཟད་Android ལག་འཁྱེར་ཁ་པར་མང་ཆེ་བར་བཀོལ་ཐུབ། ཁྱེད་ཀྱིས་Android Market རྒྱུད་ནས་ཕབ་ལེན་བྱ་ཐུབ།
༡ ཕབ་ལེན་བྱ་ཚུལ།
གཤམ་གསལ་ལྟར་མཉེན་ཆས་རིམ་པ་གསུམ་ཕབ་ལེན་བྱ་དགོས།
༡ དང་པོར་ཡིག་གཟུགས་ཕབ་ལེན། (ཡིག་གཟུགས་འདི་ནི་Samsung Mobile ཆེད་དུ་ཡིན།)
༢ གཉིས་པ་མཛུབ་གནོན་ཕབ་ལེན།
༣ གསུམ་པ་ཚིག་མཛོད་ཕབ་ལེན་བཅས་རིམ་བཞིན་ཕབ་ལེན་བྱ་དགོས།
དང་པོ། མཉེན་ཆས་ཕབ་ལེན་བྱེད་སྟངས་ཀྱི་དཔེ་རིས།
༢ སྒྲིག་འཇུག་བྱེད་ཚུལ།
༡ ཡིག་གཟུགས་སྒྲིག་འཇུག་བྱ་ཚུལ་ནི་གཤམ་གསལ་ལྟར་རིམ་བཞིན་སྒྲིག་དགོས།
༢ མཛུབ་གནོན་སྒྲིག་འཇུག་བྱ་ཚུལ།
གསལ་ལྟར་ལག་ལེན་གནང་ན་བེད་སྤྱོད་གཏོང་ཐུབ།
མཇུག་མཐར་ཞུར་རྒྱུར། བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཡར་རྒྱས་ཡོང་ཆེད་མཉེན་ཆས་འདི་ནི་རིན་མེད་ཐོག་བསྟན་རྡོར་ལགས་དང་ Nathan Freitas ལགས་རྣམ་གཉིས་ཀྱིས་རོགས་རམ་རྒྱ་ཆེར་གནང་སྟེ་ལེགས་འགྲུབ་བྱུང་བས་ཁོང་རྣམ་གཉིས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཞུ།
Tuesday, August 30, 2011
མི་རབས་གསུམ་པ་དང་ཁོ་ཚོའི་འཛུམ་མདངས།
མི་རབས་གསུམ་པ་དང་ཁོ་ཚོའི་འཛུམ་མདངས།
--------------------------------------------------------------------------------
ལྷམ་ཀོག
གཡས་འཁྱོག་དང་གཡོན་འཁྱོག་གང་ཡང་མེད་པའི་མི་ཞིག་ནི་ལར་ནས་བརྙེད་པར་ཐབས་རྡུགས་པ་རེད།རྒྱུ་མཚན་ནི་ངེད་སོ་སོའི་སྐྱེ་བོ་ཞིག་ལ་མཚོན་ན་ཆགས་སོགས་ཉོན་མོངས་དག་གཞོམ་བྱར་བལྟ་ཡང་བཅོམ་པའི་འབྲས་བུ་ལར་ནས་མེད་མཁན་དག་ཡིན་པས་སོ།།དེའི་ཕྱིར་ངེད་ལ་ཉེ་རིང་ཆགས་སྡང་གི་ས་བོན་རྔམ་མཐུག་པོ་འདག་ཐབས་བྲལ་བ་ཞིག་རང་ཆས་སུ་ཡོད་པར་སུ་ཡིས་བསྙོན།
འོན་ཀྱང་ལྟོས་འཇོག་གིས་བཤད་ན་རིགས་པའི་རྗེས་སུ་འབྲང་བར་ཨུ་ཚུགས་རྒྱག་མཁན་ཞིག་ལ་མཚོན་ན་ནི་རང་ཉིད་གཟུ་བོར་གནས་པ་ཞིག་ཡིན་ཞེས་ཤོད་སྲིད་པ་ལྟར།ངེད་ཀྱིས་ཀྱང་གཟུ་བོར་གནས་པའི་སྣང་ཚུལ་འགའ་གླེང་བར་བྱ།ཡིན་རུང་ཁྱེད་ཅག་གི་རྣ་བ་ཅོར་ས་དེ་མི་རབས་གསུམ་པའི་བར་གྱི་མི་མཐུན་སའི་རྩོད་གླེང་དེ་ཡིན་པས།ངེད་ཀྱིས་མི་མཐུན་ས་དེ་གླེང་རྒྱུ་ཡིན་སྙམ་སྐྱེ་ངེས་མོད།ངེད་ཀྱིས་མི་རབས་གསུམ་པའི་བར་གྱི་མི་མཐུན་ས་མང་པོ་ཞིག་མཐོང་མ་བྱུང་བའི་ཁར་རྩོམ་པ་པོ་སུ་ཡིན་རུང་སོ་དཀར་དཀར་དང་བློ་དམར་དམར་གྱིས་སྙན་ངག་གླེང་བ་དེ་མཐོང་བྱུང་ཡོད།ད་དུང་དེ་ལས་གཞན་ཁོ་ཚོའི་ཚོགས་མི་རེ་འགའ་ཕྱིར་བུད་པའི་གསལ་བསྒྲགས་སྤེལ་བར་རྐྱེན་བཅོས་ཏེ།དྲ་ཚིགས་རེ་འགའི་རྩོམ་ཡིག་དང་ཞབས་མཆན་དག་གིས་མི་རབས་གསུམ་པའི་གྲོགས་པོ་དག་གི་ངོ་གདོང་དང་མི་རབས་གསུམ་པའི་རྩོམ་སྟེགས་སུ་ཚིག་ཧྲུལ་འདོམས་སུ་འཇལ་ནས་འོང་བ་སྟེ།བོད་དང་སོག་པོ།རེབ་གོང་དང་རྨ་ཆུ།རེ་ཚོགས་དང་སྐྱབས་ཚོགས།རོང་བ་དང་འབྲོག་པ།ད་དུང་དེ་ལས་ཚད་བརྒལ་གྱི་སྐད་ཆ་ཐོ་རེ་ལོང་མང་དུ་འདུག་མོད་ཞེ་ལ་མ་ཟིན།འདི་ལྟའི་སྐད་ཆའི་ཕག་ཏུ་མཁས་མང་སྤྱོད་པའི་དགེ་རྒན་ཡོད་སྲིད་ལ།འདུལ་བའི་དམ་བཅའ་སྙིང་ལ་བརྐོས་པའི་བཙུན་པ་ཡོད་སྲིད།ད་དུང་ལྕང་ལོ་སྤྲུག་ཙམ་བྱེད་པའི་སྔགས་པ་ཡང་ཡོད་སྲིད་པའི་ཁར།དམིགས་འབེན་གང་ཡང་མེད་པར་གློག་ཀླད་ཀྱི་མཐེབ་གཞོངས་ཟད་རག་བར་དུ་ངན་སྨོས་ཀྱི་ལས་ལ་བྱང་བའི་དྲ་འབུ་ཁོ་ན་ཡང་ཡོད་སྲིད་མོད།དེ་རེ་རེ་ནི་སུས་ཀྱང་ཤེས་འདོད་མེད་ལ་ཨེ་ཕུས་གང་ཡིན་རྩར་གཅོད་བགྱིད་པའི་ངལ་བ་སྤུ་སུ་མ་དེ་ཡང་འཚོལ་འདོད་ག་ལ་ཡོད།
རེད་ནི་རེད་མོད།ཁོ་བོར་སེམས་ཚེགས་ཤིག་ཞོར་ནས་འོང་བ་ནི།མི་རབས་གསུམ་པའི་ཕྱོགས་ལ་རྩོམ་སྤེལ་མཁན་ཡིན་ཡང་རུང་།དེ་ལས་གཞན་བཀྲ་བྷ་དགག་པ་དང་དེ་ལ་དགག་ལེན་སྤྲོད་མཁན།ནག་ཚང་ནུས་བློར་དགག་པ་དང་དེ་ལ་དགག་ལེན་སྤྲོད་་མཁན་སོགས་གང་ཡིན་རུང་།རིག་གནས་ཀྱི་ཟབ་ཚད་ཅིག་ཏུ་སོང་བའི་གཏམ་དང་།མི་རིགས་ཀྱི་སྤྱི་བའི་ཆིག་སྒྲིལ་འགན་བླངས་པའི་དམིགས་ཡུལ་སོགས་རང་ལས་ཅུང་ཁྱབ་ཆེ་བའི་ལྟ་བ་ལངས་ཕྱོགས་ཅི་ཡང་མེད་པ་དང་།འདི་འདྲའི་སེམས་ཁམས་སྦུག་དོག་མོ་ཞིག་བྱས་ཏེ་འགན་འཁྲི་ཟེར་བ་དང་།དཀྱེལ་ཡངས་ཟེར་བ།མི་རིགས་ཟེར་བ་འདི་གླེང་བ་ནི་ཅུང་འོས་ཤིང་འཚམ་པ་ཞིག་ཏུ་མི་འདོད་པའི་ཁར།རྩོམ་འདིའི་རིགས་ནི་ཕལ་ཆེར་ལ་ཁའི་ལུག་རྫིས་གཞན་ལ་འཛིངས་མོ་བྱེད་ཚུལ་ཁོ་ན་ཞིག་ཏུ་སེམས་སོ།།དྲ་ངོས་འདིར་ཉིན་འགའི་རིང་ལ་དགག་རྩོམ་ཅུང་འོས་འཚམ་ཞིག་བརྙེད་པ་ནི་བོང་རྫིས་མི་རབས་གསར་བར་དགག་ཡིག་བྲིས་པ་དེ་དང་།སྤུན་གྲོལ་གྱི་དེ་ཡི་མིང་ཚིག་རེ་འགར་བསེད་བཀྲོལ་གྱི་བརྡ་ལན་སྤྲད་པ་གཉིས་སུ་འདོད་དེ།དགག་རྩོམ་དེ་གཉིས་ནི་ཟབ་ཚད་ཀྱི་ཆ་དང་བརྡར་ཤ་བཅད་པའི་གཏིང་ཚུགས་ཡོད་པའི་སྒོ་ནས་དེ་ལྟར་དུ་བཤད་པ་མིན་མོད།དེ་གཉིས་ལ་གང་ལྟར་རིགས་པ་གཏོང་ས་ཞིག་དང་།སྤྱི་བའི་འགན་འཁྲི་ཞིག་དང་དུ་བླངས་ཡོད་པའི་བསམ་ཚུལ་འདུག་གོ།
དཀྱུས་ལ་བབས་ན་མི་རབས་གསུམ་པའི་ཕྱོགས་ཀྱི་སྐད་ཆ་སྟེ།མི་རབས་གསུམ་པ་ནི་སྙན་ངག་པའི་འདུ་ཚོགས་ཤིག་ཏུ་མིང་བཏགས་པ་ཙམ་དང་།སྙན་ངག་གི་ཁ་ཕྱོགས་དང་འབྲེལ་ནས་གསལ་བསྒྲགས་ཡོད་པ་ཙམ་ལས།སྤྱི་བའི་ཁྲིམས་དང་བསྒྲིགས་གཞི་མེད་ལ།གཞུང་ནོམ་དང་དེ་ལས་བཀྱེས་པའི་གོང་ཐང་འཕར་འབབ་ཀྱང་ཡོད་མི་སྲིད་པས།ཐོར་དང་མ་ཐོར་དང་།བསྟོར་དང་མ་བསྟོར་གྱི་སྐད་ཆ།ཕྱོགས་འཛིན་གྱི་ཁྱེར་སོ་དང་ལུང་བའི་རང་ལུགས་ཀྱི་སྐད་ཆ་དེ་ཨེ་ཡོད་དམ།ཁོ་ཚོའི་སྙན་ངག་གི་ཁ་ཕྱོགས་ནི་མི་རེ་ངོ་རེ་ཅན་སྔར་ནས་ཡིན་ལ།འབྲི་སྟངས་ཀྱི་ཐད་ནས་པར་རྐོང་གཅིག་ལས་བཀྱེས་པ་ལྟ་བུ་ཞིག་ཏུ་ཁོ་ཚོས་ཀྱང་ལབ་མི་སྲིད་པས།དེ་ལས་བཀྱེས་པར་འདོད་ན་ནི་རྩོམ་ཡིག་སྤེལ་མཁན་དང་དྲ་འབུར་སྐྱེས་མཁན་དག་འཁྲུལ་བར་གསལ་ལོ།།སྐུ་ཞབས་ལྗང་བུས་རེ་ཚོགས་དང་སྐྱབས་ཚོགས་ཟེར་བའི་མིང་ཞིག་བཏགས་འདུག་པ་གཞི་བྱས་ན།ཁོ་ཚོའི་ཚོགས་མི་དག་ནི་འགན་འཁྲི་དང་རིག་གནས་ཅི་ཡང་མེད་པར་རེ་རྐང་གླིང་དང་སྐྱབས་ཆེན་བདེ་གྲོལ་གཉིས་ཀྱི་རྗེས་སུ་སོ་སོར་འགྲོ་ཅི་ཐུབ་ལ་བརྩོན་པའི་ཅོལ་ཆུང་གི་རིགས་སུ་གཏོགས་པ་དག་ལོས་ཡིན་བསམ་པའི་ཞོར་ནས།གོ་བ་གཞན་ཞིག་བསྟེར་བ་ནི་རེབ་གོང་དང་རྨ་ཆུའི་ཕྱོགས་སུ་སོང་བའི་སྣང་བ་ཞིག་ཀྱང་བསྟེར་མོད།དེ་ནི་མི་རབས་གསུམ་པའི་ཚོགས་མི་གཞན་དག་ལ་བརྙས་པའི་ཟོལ་འདྲ་ཞིག་ལས་ཅི་ཡང་མིན་ཏེ།མི་རབས་གསུམ་པའི་ཚོགས་མི་དག་ནི་རིག་གནས་སྦྱངས་ཤིང་།གོ་བ་ལྡན་ལ་བསམ་བློ་ཚུགས་ཤིང་།ལག་ལེན་ཡོད་པའི་འབུམ་རམས་པ་དང་རམས་འབྱམས་པ།བསམ་བློ་བ་རྐྱང་རྐྱང་ལགས་པས།རང་གི་མི་རིགས་ཀྱི་ཆིག་སྒྲིལ་དང་སྟོབས་ཤུགས་ལ་བརྩི་བཀུར་བྱེད་མཁན་ཁོ་ནར་འདུག་ན།དེ་ལྟའི་ས་གནས་ཕྱོགས་རིས་པ་དང་གྲོགས་པོ་ཕྱོགས་རིས་པའི་གཞན་དབང་དུ་འགྲོ་ན་ནི་ཇི་འདྲའི་ཡིད་ཕམ་པ་ལ།འདི་ནི་གདོད་མའི་དུས་སུ་གྲུབ་མཐའི་ཆགས་སྡང་ཁོ་ན་གཙིགས་སུ་འཛིན་པའི་ལྟ་ཚུལ་ཞིག་གི་ངོས་ནས་གཞལ་བ་ལས།དེང་རབས་ཀྱི་རིག་པ་སྐྲ་རྩེ་ན་འགྱུ་བའི་ན་གཞོན་སྙན་ངག་གི་ཚོགས་འདིར་ལྟ་སྟངས་ཤིག་མ་ཡིན་ནོ།།དེས་ན་མི་རབས་གསུམ་པའི་ཚོགས་མི་དང་པོའི་གྲས་ཁྲི་སེམས་དཔས་མི་རབས་གསུམ་པ་ལས་བུད་པར་བསྒྲགས་གཏམ་སྤེལ་བ་ནས་མི་རབས་གསུམ་པར་ཞུགས་དང་བུད་ཟེར་བ་ཡོད་པ་ཙམ་ལས་གཞན།དོན་དམ་དུ་མི་རབས་གསུམ་པ་ནི་ལོ་རབས་བདུན་བཅུའི་སྨད་ཙམ་ལ་བོད་ཡུལ་འདིར་ལྟེ་ཁྲག་དམར་པོ་ས་ལ་ཐིགས་པའི་ན་གཞོན་རྩོམ་འབྲི་བ་སྤྱི་ལ་གོ་བ་ལས་འདི་ཡིན་དང་དེ་ཡིན་གྱི་སྐད་ཆ་མེད་རབས་ཁོ་བོས་དངོས་སུ་ཐོས་པ་ཡིན་ཡང་།སྐབས་ལྔ་བའི་ཚོགས་ཐོག་འདིར་ཚོགས་མི་རེ་འགས་ཀྱང་ཕྱིར་བུད་གསལ་བསྒྲགས་སྤེལ་མོད།རྩ་བའི་མི་རབས་གསུམ་པའི་ཚོགས་མི་དང་པོའི་བགྲོ་གླེང་དང་དམིགས་ཡུལ་གཞིར་བྱས་ན་མི་རབས་གསུམ་པ་ལས་འབུད་རྒྱུ་ཞིག་དང་མི་རབས་གསུམ་པར་ཞུགས་རྒྱུ་ཞིག་མེད་པར་གོ་ཞིང་།སྤྱིར་མི་རབས་གསུམ་པའི་གསལ་བསྒྲགས་སུ་ཡང་ཁྲིམས་འགལ་དང་ཁྲིམས་ཞུགས་སོགས་ཀྱི་རྩ་དོན་ཅི་ཡང་མི་འདུགཡིན་རུང་།མི་རབས་གསུམ་པའི་ཚོགས་གྲས་དང་པོའི་སྙན་ངག་པ་ཁྲི་སེམས་དཔའ་ནས་བཟུང་།ཕྱིར་འབུད་དང་ནང་ཞུགས་ཀྱི་བར་ཁྱད་བྱུང་ཞིང་།ཞོར་ནས་གསལ་བསྒྲགས་སྣ་ཚོགས་སྤེལ་བའི་བར་གླགས་སུ། དྲ་འབུ་དག་གིས་དགེ་མི་དགེ་བའི་སྐད་ཆ་ཧམ་བཤད་བྱས་ཏེ།དབྱིན་དཀྲུགས་ལ་འབུངས་མོད།མི་རབས་གསུམ་པ་དང་མི་རབས་གསུམ་པའི་གྲོགས་པོ་དག་ཅེས་པའི་ཐ་སྙད་གསར་བཟོས་མ་འདིའི་འོག་ཏུ་འདུ་བ་ཚོས།རང་ཚུགས་ཐུབ་པའི་སྙན་ངག་འབྲི་བ་དང་།རང་ས་ཟིན་པའི་རྐང་བ་སྤོས་ཏེ།བཙན་པོའི་ཞིང་སར་ནས་འབྲི་རྡོག་པོ་རེ་ཡི་ས་བོན་གདབ་རྒྱུར་བློ་རྩེ་གཅིག་ཏུ་འཁོར་ན།མི་རབས་གསུམ་པ་རྩོམ་སྟེགས་སུ་ཚུགས་པ་ལ་དོན་དམ་དུ་ཁེ་ལས་གྱོང་མེད་པར་འདོད་ཅིང་།བོད་པའི་རྩོམ་སྟེགས་སུ་སྔར་མེད་ཀྱི་ལབ་གླེང་གི་འགྲན་ཤུགས་དང་།དེ་ལ་བསྟུན་པའི་བསམ་བློའི་འབྲས་བུ་མི་དམན་པ་ཐོབ་ཡོད་པར་འདོད་དོ།།ད་ལྟ་ཁོ་བོས་བལྟས་ན་མི་རབས་གསུམ་པའི་གྲས་སུ་ཡོད་རུང་སྙན་ངག་འབྲི་བའི་འགན་འཁྲི་མ་བླངས་པ་ཡིན་ན་མི་རབས་གསུམ་པ་ལས་བུད་མ་བུད་ཀྱི་སྐད་ཆ་ཅི་ཡང་མེད་པར་མི་དེ་མི་རབས་གསུམ་པ་མ་ཡིན་པར་འདོད་ཅིང་།བོད་པའི་རྩོམ་སྟེགས་སུ་སྙན་ངག་གི་གཟི་མདངས་གསར་བ་སྔར་ན་མེད་པ་སུ་ཡིས་བསྐྲུན་ན་དེ་ནི་མི་རབས་གསུམ་པ་ལས་བུད་པར་བསྒྲགས་ཀྱང་།མི་རབས་གསུམ་པའི་རྩ་བའི་སྒུལ་ཤུགས་མི་དེའི་བླ་རུ་སིམ་ཡོད་པར་སྨྲ་ཕོད་པའོ།།
འབོལ་རྩོམ་པ་ན་རེ། མིག་སྔར་བོད་འདི་འབོལ་རྩོམ་གྱིས་སད་དགོས་ཟེར།
འབྱོར་ལྡན་པ་ན་རེ། མིག་སྔར་བོད་འདི་དཔལ་འབྱོར་གྱིས་སྐྱོང་དགོས་ཟེར།
ཆོས་ལུགས་པ་ན་རེ། བོད་འདི་མིག་སྔར་ཆོས་ཀྱིས་སྐྱོབ་ཐུབ་ཟེར།
གོང་གི་སྐད་ཆའི་རིགས་འདི་གསུམ་གཙོས་བསམ་ཚུལ་སྣ་མང་ཞིག་འདི་རུ་སྤུང་འོང་སྲིད་ཀྱང་།སྙན་ངག་པས་དེ་དག་འདོར་དགོས་དང་མི་མཁོ་གང་ཡང་མི་ཟེར་བར།དེ་དག་གིས་སྙན་ངག་གི་ཚབ་བྱེད་མི་ཐུབ་ཟེར་བ་འདྲ།དེའི་ཕྱིར་མི་རབས་གསུམ་པའི་སྙན་ངག་པ་དག་གིས་ཀྱང་སྙན་ངག་ལ་ཤུགས་འདོན་པ་དང་། གཅིག་ཏུ་བརྩོན་པ་འདྲ།
ཟུར་ཞུ། ཁོ་བོ་ནི་མི་རབས་གསུམ་པར་དགའ་ཞེན་ཤིན་ཏུ་ཡོད་པའི་མི་ཟུར་བ་ཞིག་ཡིན་པ་ཙམ་ལས།ཐོར་ན་དགའ་བ་དང་མ་ཐོར་ན་མི་དགའ་བ་ཞིག་མིན་པའི་ཁར།མི་རབས་གསུམ་པ་ལས་བུད་མ་བུད་ཙམ་གྱིས་ཕྱོགས་ཡས་ཐེན་དང་མས་ཐེན་བྱེད་མཁན་གང་ཡང་མིན།མ་གཞི་ཁོ་བོ་ནི་མི་རབས་གསུམ་པ་ལས་བུད་མ་བུད་དག་གི་སྙན་ངག་ལ་དགའ་ཞིང་།སྤྱི་བའི་ཆིག་སྒྲིལ་ལ་དེ་ལས་ཀྱང་དགའ་མཁན་ཞིག་ལགས་ན།མི་རབས་གསུམ་པ་དང་དེའི་གྲོགས་པོ་དག་གིས་བསྟོད་དབུས་གཙང་ནས་དུང་བུས་ན།སྨད་མདོ་ཁམས་ནས་དཀྱུས་གཅིག་ཏུ་ཐོས་པའི་དོན་དེ་གོ་བར་ཤོག་ཅིག་གུ གཏགས་ནོར་དང་ཡིག་ནོར་གང་མང་ཞིག་ཡོད་པར་ཁོ་བོས་ཐག་གིས་བཅད་ཆོག་པས་ན་ཀློག་པ་པོ་དག་ལ་བཟོད་གསོལ་ཞུ་ཞུ།
ཁ་བཏགས།
བོད་ཀྱི་ལུགས་སྲོལ་ལ།་་་ཁ་བཏགས་ཕན་ཚུན་སྒྲོན་སྐབས་རང་གི་ལག་ན་ཡོད་པའི་ཁ་བཏགས་དེ་ཕར་ཕྱོགས་ཀྱི་མགྲིན་ལ་སྒྲོན་དགོས་པ་ནི་ཀུན་གྱིས་མཁྱེན་མོད་ཀྱང།་་་སྒྲོན་སའི་ཡུལ་དེ་རང་ལས་དགུང་ལོ་བགྲེས་པའམ།་་་་ཡང་ན་བླ་དཔོན་ལྟ་བུ་ཞིག་ཡིན་ན།་་་་་ཁོང་གི་ཕྱག་ཏུ་ལག་གཉིས་པོས་གུས་ཞབས་དང་བཅས་པར་དལ་མོར་ཕུལ་བ་ལས།་་་ཐད་ཀར་མགྲིན་ལ་སྒྲོན་ན།་་་མཐོ་རིམ་ལ་གུས་ཞབས་མེད་པར་བརྩི་བ་མ་ཟད།་་་ལྷག་དོན་བུད་མེད་སོགས་ཀྱིས་བླ་མའི་སྐུ་མཇལ་དར་ཐད་ཀར་སྒྲོན་པ་ནི་དེ་བས་ཀྱང་བྱས་མི་ཆོག།་་་གཞན་ཡང་ལྷ་ས་བས་མཇལ་དར་གཉའ་ནས་མར་སྒྲོན་ལ།་་་་གཙར་པ་བས་མཇལ་དར་མགྲིན་ནས་ཡར་སྒྲོན་པའི་ཁྱད་པར་ཡང་ཕྲན་བུ་ཡོད།་་་
(ཤིན་ཧྭ་དྲ་བ་ལས་དྲངས།)
Thursday, June 16, 2011
ནོ་ཁེ་ཡ་ཁ་པར་ནང་བོད་ཡིག་བླུགས་ཚུལ། Nokia tibetan font
༡ དང་པོ་གཤམ་གྱི་འབྲེལ་ཐག་དེ་བརྒྱུད་ནས་བོད་ཡིག་གི་སྒམ་དེ་ཕབ་ལེན་བྱེད་དགོས།
ནོ་ཁེ་ཡའི་བོད་ཡིག
༼ཐེངས་གཅིག་ལ་མ་ཐུབ་ན་ཡང་སྐྱར་གཅིག་བརྩོན་དང་ཕབ་ལེན་ཐུབ།༽
http://www.esnips.com/nsdoc/874fff33-b5fe-48cb-a5a3-8926f9004eaf/?action=forceDL
༢ དེ་ནས་ http://s60sign.com/ ཞེས་པའི་ནང་ཕྱིན་ནས་གོང་གི་སྒམ་དེའི་ནང་དུ་ཅ་ལག་དྲུག་ཡོད་པའི་ནང་ནས་ནོ་ཁེ་ཡའི་གཉེན་ཆས་ཀྱི་མཚོན་རྟགས་ཅན་གསུམ་ལས་གཉིས་ལ་ཐོ་འགོད་བྱེད་དགོས། དེའི་ཚུལ་ཡང་། རང་ཉིད་ཀྱི་ཁ་པར་N78 N79 N81 སོགས་Series 60 3rd Edition ཡིན་ན་གོང་གསལ་གསུམ་ལས་Font router དང་ baidu 3rd གཉིས་དང་། nokia 5230 སོགས་Series 60 5th Edition ཡིན་ན་Font router དང་ baidu 5thའདེམས་དགོས། ཡང་ནbaidu ཞེས་པའི་མཉེན་ཆས་དེ་ཐོ་འགོད་བྱེད་མི་དགོས་པར་་གཤམ་གྱི་ཁ་བྱང་དེ་ལས་baidu གཉེན་ཆས་ཐད་ཀར་ཕབ་ལེན་བྱས་ནས་ཐོ་འགོད་མ་བྱས་པར་བླུགས་ནའང་འགྲིགས་པ་སྲིད། http://www.esnips.com/nsdoc/26fd8d77-f2b7-431f-afb2-75d711439dbe/?action=forceDL
ཐོ་འགོད་བྱ་ཚུལ་ནི།
གོང་གསལ་དྲ་ཚིགས་འདིར་ཕྱིན་རྗེས། རང་གི་ཁ་པར་IMEI ཨང་གྲངས་དེ་དེར་བླུགས་ནས་འོག་གི་གཡས་ཕྱོགས་དེ་བསྣུན་དགོས། རང་ཉིད་ཀྱི་ཁ་པར་IMEI ཨང་གྲངས་གང་ཡིན་བལྟ་སྟངས་ནི་རང་གི་ཁ་པར་ནང་སྐར་མ་སྒེ་ཁུང་
ཀླད་སྐོར་དང་དྲུག་དེ་ནས་སྒེ་ཁུང་ *#06# བསྣན་ན་ཤེས་ཐུབ། མཉེན་ཆས་ཐོ་འགོད་བྱ་ཆོག་ཆོག་ཆག་པར་འཚམས་རེ་ཚོུད་གཅིག་ཙམ་སྒུག་དགོས་པའང་སྲིད་པས་དེ་ལུགས་ཐུགས་ལ་འཇགས་དགོས། ཐོ་འགོད་བྱེད་ཆོག་
ཆོག་པའི་རྟགས་སུ་ཉིད་ཀྱི་IMEI ཨང་གྲངས་ཡར་བླུགས་ནས་འོག་གི་གཡས་ངོས་དེ་བསྣུན་པ་དང་དྲ་ཐོག་ནས་upload ཡར་འཇུག་བྱེད་ཡོད་པའི་ཤོག་ངོས་ཤིག་སྟོན་ཡོང་། དེའི་ནང་རིམ་བཞིན་གོང་གསལ་དགོས་ངེས་
ཀྱི་གཉེན་ཆས་གཉིས་པོ་རེ་རེ་བཞིན་ཡར་འཇུག་ནས་གཤམ་གྱི་དཔེ་སྟོན་བཞིན་མར་ཕབ་ནས་གློག་ཀླད་རྒྱུད་ནས་སམ་གང་ལྟར་ཁ་པར་ནང་install འཇུག་ཐུབ་པ་བྱེད་དགོས། དེ་ལས་ཁ་པར་ནང་DUཞེས་པའི་མཉེན་ཆས་ཞིག་སླེབས་
ཡོང་།



༤ ཕབ་ལེན་བྱེད་པའི་སྒམ་དེའི་ནང་གི་ལྷག་མ་gyaUchen ཟེར་བ་དེ་བཤུས་ནས་ཁ་པར་དྲན་བྱང་memory chip ནང་གི་data ཞེས་པའི་ནང་གི་fonts ཞེས་པའི་སྒམ་ནང་བླུགས་དགོས། སྒམ་དེ་མེད་ན་གསར་དུ་བཟོས།
༥ ཡང་ལྷག་མ་ Wylie ཞེས་པ་དེ་དང་། sym ཞེས་པ་དེ་གཉིས་དྲན་བྱང་གི་མདུན་ངོས་དེ་གར་བླུགས།
༦ དེ་ནས་ཉིད་ཀྱི་ཁ་པར་ནང་དུ་གསར་དུ་སླེབས་པའི་མཉེན་ཆས་DU ཞེས་པ་དེ་ཁ་ཕྱེ་ནས་དེའི་ནང་གི་བཞི་པ་འདེམས། ཡང་དེའི་ནང་གི་གསུམ་པ་འདེམས། ཡང་དེའི་གཡོན་ཕྱོགས་ཀྱི་option ཁ་ཕྱེ་ནས། དེའི་ནང་གི་དྲུག་པ་འདེམས། དེའི་ནང་ནས་དྲན་བྱང་memory འདེམས་ནས་ད་གིན་གྱི་ Wylie ཞེས་པ་དེ་འདེམས་ནས་yesབསྣུན།
༧ དེ་ནས་ཁྱེད་ཀྱི་ཁ་པར་བསད་ནས་ཡར་གཅིག་ཡར་སྤར་དང་བོད་ཡིག་ཀློག་ཆོག་ཆོག་དང་བྲིས་ཆོག་ཆོག་ཆགས་ཡོད་སྲིད།
གསལ་བཤད། གོང་གསལ་ལམ་སྟོན་རྣམས་ཁོ་བོ་རང་ཉིད་ཀྱིས་ལག་ལྟར་བྱས་པ་དང་། གཞིས་བྱེས་ཀྱི་གྲོགས་པོ་འགའི་རོགས་རམ་ལས་ཤེས་པ་འདིར་ཕན་སེམས་ཀྱི་བཀོད་པ་ཙམ་ལས། ཉིད་ཀྱིས་ལག་ལྟར་བྱེད་ཕྱོགས་སོགས་སམ་གང་ཞིག་ལས་ཀྱང་རེ་ཞིག་ཁ་པར་གྱི་མཉེན་ཆས་ལ་སྐྱོན་བྱུང་ན་ཁོ་བོར་འགན་ལེན་མེད་པས་དེ་བརྩིས་དགོངས་འཇགས་ཡོད་པ་ཞུ།།༢༠༡༡། ༩། ༢༤ ཉིན་བསྐྱར་བསྒྲིགས་བྱས།
Thursday, April 21, 2011
མཐུན་པ་སྤུན་བཞི།
སྔོན་དྲང་སྲོང་ལྷུང་བ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་ན། རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་ཡོད། ལྗོངས་དེའི་ཤར་ལྷོའི་མཚམས་ན་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་བའི་ཚང་ཚིང་། མེ་ཏོག་སྣ་ཚོགས་སྡུག་གུར་བཞད་པའི་སུལ་ན། རྩྭའི་སྤྱིལ་བུ་ཟླུམ་པོ་གདུགས་ལྟ་བུ་ཞིག་ཡོད། དེ་ན་རྣམ་པ་ཀུན་ཏུ་ལེགས་ཉེས་ལ་རྟོག་པའི་དྲང་སྲོང་ཞིག་གནས། ལྗོངས་དེའི་དབུས་ན་ཤིང་ནྱ་ཀྲོངྷའི་ལྗོན་པ་ཚད་དུ་རྫོགས་པ་ཞིག་ཡོད། ལྗོན་ཤིང་དེའི་འདབ་མའི་གྲིབ་བསིལ་ལ་གནས་འཆའ་བའི་གླང་ཆེན་དང་། སྤྲེའུ། རི་བོང་། བྱ་སྲེག་པ་བཅས་སྲོག་ཆགས་བཞི་ཡོད་དོ། །
དེ་དག་ཕན་ཚུན་གཅིག་ལ་གཅིག་བྱམས་ཤིང་མཛའ་བརྩེ་ནི་ཟབ། གནོད་སེམས་ཀྱི་དྲི་མ་ནི་རིང་དུ་སྤངས། བདེ་སྐྱིད་ཀྱི་དཔལ་དང་ནི་ལྡན། སོས་དལ་བག་ཕེབས་སུ་གནས་པ་ལ། དུས་ནམ་ཞིག་ན། ཕན་ཚུན་གླེང་མོལ་བྱས་པ་འདི་ལྟ་སྟེ། འུ་ཅག་རྣམས་རིགས་ཐ་དད་ཅིང་སོ་སོ་ཡིན་པ་ལ། ཕན་ཚུན་མཛའ་བརྩེའི་ལྷག་སེམས་འོ་ཆུ་གཅིག་འདྲེས་ལྟ་བུར་ཡོད་ཀྱང་། འདི་ཙམ་གྱིས་ལེགས་པའི་ཆ་ཡོངས་སུ་རྫོགས་པ་མ་ཡིན་གྱི། གཅིག་གིས་གཅིག་ལ་བཀུར་གཟོ་བྱེད་རྒྱུའི་སྲོལ་ཀ་ཡང་ངེས་པར་གལ་ཆེ་བ་ཡིན་ནོ། །ཞེས་བགྲོས་ནས་སྐྱེ་ལོ་སྔ་ཕྱིའི་རྒན་རིམ་གྱི་ཚད་ལ་ཀུན་ཏུ་རྟོག་པར་བྱེད་དོ། །
དེ་ལ་སྔོན་སྐྱེས་རྗེས་སྐྱེས་ཀྱི་ཚད་འཇལ་བའི་ཐབས་ལ་ཤིང་ནྱ་ཀྲོངྷའི་ལྗོན་པ་ཆེན་པོ་ཞིག་ཡོད་པ་དེའི་ཚད་ལྟར་རྟོག་རྒྱུ་གྲོས་འཆམས་སོ། ། དེ་ནས་གླང་ཆེན་གྱིས་བཤད་རྒྱུར། ཤིང་འདིའི་འདབ་མ་གསར་བའི་དུས། ངས་མཐོང་ཚེ། ཤིང་འདི་ངའི་ལུས་ཚད་དང་མཉམ་མོ། ཞེས་ཟེར། སྤྲེའུས་བཤད་རྒྱུར། ངེད་ཀྱིས་ཐོག་མར་མཐོང་བའི་ཚེ་ན་ངའི་ལུས་དང་མཉམ་པ་ཙམ་དུ་འདུག་གོ་ཟེར། རི་བོང་གིས་བཤད་རྒྱུར། ངས་ཤེས་དུས་ཤིང་འདི་ཧ་ཅང་ཆུང་ཞིང་འདིའི་འབྲས་བུ་མངར་བོ་བདག་གིས་ཟོས་མྱོང་ཟེར། བྱ་སྲེག་པས་བཤད་རྒྱུར། ཤིང་འདིའི་རྩ་བ་ས་འོག་ན་ཡོད་དུས་ངས་ལྕི་བ་མང་པོ་བོར་བ་ལ་བརྟེན་ནས་སྐྱེས་སོ་ཟེར་བ་ལ། ཁོ་རྣམས་ཀྱིས་རྒན་གཞོན་རིམ་པ་ཁོང་དུ་ཆུད་པས། གཞོན་པས་རྒན་པ་ལ་སྲི་ཞུ་བྱེད་པ་དང་། རྒན་པས་གཞོན་པ་ལ་བྱམས་སྐྱོང་བྱེད་པར་ཐག་བཅད་དེ། གླང་པོ་ཆེས་སྤྲེའུ་ཁུར། སྤྲེའུས་རི་བོང་ཁུར། རི་བོང་གིས་བྱ་སྲེག་པ་ཁུར་ནས་ཕན་ཚུན་མཛའ་གཅུགས་གསེར་ཐག་དམ་པོས་སྦྲེལ་ནས་བྱ་སྲེག་པས་སྨྲས་པ། ངེད་ཅག་རྣམས་ལ་ཕན་ཚུན་བརྩི་བཀུར་གྱི་སྦྱོར་ལེགས་ཡོད་མོད་ཀྱང་། དེ་ཙམ་གྱིས་ཆོག་པ་མ་ཡིན། ད་དུང་ཞི་དུལ་བག་ཡོད་རྣམ་དག་གིས་བསླབ་ཁྲིམས་དགོས་ཞེས་བགྲོས་ནས་གདམས་པ་ལ། གཞན་གསུམ་གྱིས་འཐད་པོ་ཞུས་ཏེ་དེ་བཞིན་དུ་གནས་པར་གྱུར་ཏོ། དེ་ལ་བརྟེན་ནས་ལྗོན་པ་དེའི་བྱ་རི་དྭགས་ཐམས་ཅད་ཀྱང་ཕན་ཚུན་འཚེ་བའི་དུག་སྦྱོར་ཡེ་ནས་མི་བྱེད་པར། དུང་སེམས་འོ་ཆུ་འདྲེས་ཀྱི་ངང་ནས་དགའ་བདེའི་དཔལ་དམ་པ་ལ་རོལ་བས་དུས་འཁྱོལ་བར་མཛད་དོ། །
Sunday, April 3, 2011
རྒྱུ་སྐར་གཟའ་འཛིན།

Thursday, March 24, 2011
ཧོ་ལི་ཞེས་པའི་རྒྱ་གར་གྱི་ཧིན་དྷུའི་དུས་ཆེན།
ཁ་སང་དེ་རིང་ནི་རྒྱ་གར་བྱང་བརྒྱུད་གཙོ་བྱས་པའི་རྒྱ་གར་གྱི་གྲོང་པ་གྲོང་ཁྱེར་གང་སར་ཧོ་ལིའི་དུས་སྟོན་འཚོགས་ནས་ལམ་ཁར་བསྐྱོད་པའི་མི་ཚོར་ཚོན་བཀྲ་བསྐུས་པར་བྱེད་པ་མཐོང་བས། ཁོ་བོ་གཙོས་པའི་བོད་མི་མང་པོ་ཞིག་ལ་ཧོ་ལི་ཟེར་བ་དེ་ག་རེ་ཡིན་ནམ་སྙམ་པའི་དོགས་པ་སྐྱེས་ཡོད་པ་གོར་མ་ཆག དེས་ན་ཁོ་བོས་ཧོ་ལིའི་སྐོར་གྱི་ཡི་གེ་ཏོག་ཙམ་བལྟས་པ་ལས་དེའི་སྐོར་མདོ་ཙམ་འབྲི་བ་ལ། ཧོ་ལིའི་དུས་སྟོན་གྱི་རྣམ་པ་ནི་ཁོ་བའི་བླངས་པའི་འདྲ་དཔར་ནང་གསལ་ལྟར། ཚོན་ཁྲ་བླུགས་པའི་ཆུ་དང་རྒུ་ལླ་gulalཞེས་པའི་རང་བྱུང་གི་ཚོན་ཁྲའི་ཕྱེ་མ་དག་གིས་མི་ལ་གཏོར་བར་བྱེད་ཅིང་། དེའི་ཉིན་གྱི་སྔ་དགོང་དུ་ཆོས་ཕྱོགས་ཀྱི་ཆོ་ག་དེ་འདྲ་འདོན་པ་དང་མེ་བཏང་བ་ཡང་བྱེད་ཀྱི་འདུག དུས་སྟོན་དེ་ནི་ཕལ་ཆེར་ལོ་ལྟར་སྤྱི་ཟླ་གསུམ་པའི་འགོ་སྟོད་དུ་འཁེལ་གྱི་ཡོད་ལ་མི་མང་ཚོས་བཀྲག་མཧོ་ལི་དུས་སྟོན་དེར་ལོ་རྒྱུས་ཀྱི་བྱུང་བ་མང་དག་ཡོད་འདུག་ཀྱང་གྲགས་ཆེ་བ་ཧོ་ལི་དང་པོ་བྱུང་ཚུལ་གྱི་སྐོར་དེ་བརྗོད་ན། བཤད་རྒྱུན་ལ་གནའ་སྔ་མོ་ཞིག་ཧི་རན་ཡ་ཀ་སི་པུ་ཞེས་པའི་བདུད་རྒྱལ་ཞིག་ཡོད་པ་དེར་པྲ་ར་ལ་དྷ་ཞེས་པའི་རྒྱལ་སྲས་ཞིག་ཡོད། རྒྱལ་སྲས་དེ་ནི་རྟག་ཏུ་ལྷ་ལ་མཆོད་པར་བྱེད་པ་ལ་སོགས་པའི་དམ་པའི་སྤྱོད་ལ་དགའ་བར་སོང་། རྒྱལ་པོ་གདུག་པ་ཅན་དེ་ཡིད་མ་རངས་པར་རང་གི་གཅུང་མོ་ཧོ་ལི་ཀ་བྱ་བ་མེ་འཚིག་པར་མི་ནུས་པའི་བདུད་མོ་ཞིག་ཡོད་པ་དེར་རྒྱལ་སྲས་གསོད་པའི་བཀའ་བཏང་། བདུད་མོས་རྒྱལ་པོའི་བཀའ་བཞིན་རྒྱལ་སྲས་བཟུང་ནས་མེ་ཐབ་གྱི་ནང་དུ་འཛུལ་ནས་གསོད་པར་བརྩམས་ཀྱང་། རྒྱལ་སྲས་མ་ཚིག་པར་བདུད་མོ་མོ་རང་ཚིག་ནས་རང་ལུས་ཐལ་བར་གྱུར། འོན་ཀྱང་རྒྱལ་སྲས་ཀྱི་ཨ་ནི་བདུད་མོ་དེས་མ་ཤི་གོང་དུ་རྒྱལ་སྲས་ལ་དགོངས་སེལ་ཞུས་པ་དང་རྒྱལ་སྲས་ཀྱིས་ཀྱང་དགོངས་པ་དྭངས་པར་བཞེས་ནས་ལོ་ལྟར་མོའི་མིང་དེ་དྲན་རྒྱུའི་ཆེད་དུ་ཧོ་ལི་ཞེས་པའི་དུས་སྟོན་དེ་བཙུགས་པར་གྲགས། ཡང་ལོ་རྒྱུས་གཞན་ཞིག་ཏུ་དུས་སྟོན་དེ་ནི་ཧིན་དྷུའི་ལྷ་ནག་པོ་སྟེ་ཀ་རི་ཤི་ན་དང་ར་དྷ་གཉིས་ཀྱི་རྫོགས་མཐའ་མེད་པའི་བརྩེ་རྡུང་གི་སྐོར་ནས་འགྲེལ་བརྗོད་ཡང་བྱེད་ཀྱི་ཡོད་འདུག་པ་བཅས་སོ།།

Friday, September 3, 2010
བུད་མེད་ནད་པ་ཞིག་དང་འུ་ཉིས་བར་གྱི་ཁ་བརྡ།

བུད་མེད་དེས་བདག་ལ་བསྐུར་བའི་སྔོན་ཆད་ཀྱི་པར་རིས་ལྟར་ན་མོ་རང་མཛེས་སྡུག་ལྡན་ཞིང་། གདོང་ན་བྱམས་སེམས་ཀྱི་བྱིན་ཆགས་པ། བལྟས་པ་ཙམ་གྱིས་སྐྱེས་ཕོ་བརྒྱའི་མིག་དབང་འཕྲོག་པ་དང་། སྨན་མོ་བརྒྱས་ཡིད་སྨོན་འཆོར་བ་ཞིག་ཡིན་པ་ལྷང་རེད། ཡིན་ནའང་། ད་ལྟ་ནི་ཨ་ཙི་ནད་ངན་གྱིས་ཡོངས་སུ་འཇོམས་ཤིང་གཞོམ་བཞིན་པའི་ནད་པ་ལས་ངན་ཞིག་ཡིན་པས་སྔར་གྱི་མཛེས་སྡུག་གི་ཤུལ་ཙམ་ཡང་ལྷག་མེད་ཅེས་ཡང་དང་བསྐྱར་ཏུ་གླེང་བྱུང་ལ། འུ་ཉིས་ཀྱིས་skypeགླེང་མོལ་ལས་ཁ་བརྡ་བྱེད་སྐབས་མོས་བཞིན་རས་སྟོན་ཙམ་ཡང་བྱེད་པའི་སྤོབས་པ་མི་འདུག་ཅེས་བཤད་པས། ངས་ཀྱང་ཨུ་ཚུགས་མ་བྱས། གང་ལྟར་ངས་སྔོན་ཆད་ཀྱི་གྲོགས་པོ་ཞིག་བརྒྱུད་དེ་མོ་དང་གླེང་མོལ་ཅུང་ཙམ་ཞིག་བྱེད་པའི་གོ་སྐབས་བྱུང་ལ། གོ་སྐབས་འདི་བརྒྱུད་དེ་ངས་ཡང་བསྐྱར་ཨ་ཙིའི་ནད་པའི་སྡུག་བསྔལ་ལ་རྒྱུས་ལོན་ཙམ་བྱུང་སོང་བས་འདིར་གྲོགས་པོ་ཚོའི་སྤྱན་ལམ་དུ་ཕུལ་བ་ཡིན། སླད་མར་འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ། ཡིག་བསྒྱུར་གྱི་སྐབས་སུ་ཚིག་གི་བྲོ་བ་ཅུང་འགྱུར་འདུག་རུང་། དོན་གྱི་སྙིང་བོ་ལ་འགྱུར་བ་སོང་མེད་པ་མནའ་ཡིས་དཔང་ཆོག
བཅར་འདྲི་བ། ཆོས་དཔལ་བཟང་བོ། (གཤམ་ནས་ཀ་པ་ཡིས་མཚོན།)
བཅར་འདྲི་དང་ལེན་པ ཞའོ་མའེ། (བྱིས་དུས་ཀྱི་མིང་། གཤམ་ནས་ཁ་པ་ཡིས་མཚོན།)
བཅར་འདྲི་ཞུ་ཐབས། skype གླེང་མོལ།
བཅར་འདྲིའི་སྐད་ཡིག རྒྱའི་སྐད་ཡིག་གི་ལམ་ནས་གླེང་མོལ་བྱས།
བཅར་འདྲིའི་དུས་ཚོད། སྤྱི་ལོ་༢༠༠༩ལོའི་ཟླ་༡༢པའི་ཚེས་༡ཉིན།
ཀ་པ། ང་ནི་ཁྱེད་ཀྱི་གྲོགས་པོས་ངོ་སྤྲོད་བྱས་པའི་བོད་རིགས་གྲོགས་པོ་ཆོས་དཔལ་བཟང་བོ་ཡིན། དེ་རིང་འདི་ནས་ཁྱེད་དང་གླེང་མོལ་བྱ་བའི་གོ་སྐབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ཁ་པ། ཐུགས་རྗེ་ཞུ་ག་ལ་དགོས། ངས་ཀྱང་ཆེས་མཐའ་མཇུག་གི་ལོ་ཟླ་འདི་ཚོར་བོད་རིགས་གྲོགས་པོ་ཞིག་དང་གླེང་མོལ་བྱ་ཐུབ་པ་ནི་རང་གི་གཟི་བརྗིད་དུ་བརྩིས་ཡོད་ལ། ལྷག་པར་ཏུ་ཁྱེད་ནི་མི་སེར་དཀྱིས་མ་ཚོའི་བདེ་སྡུག་ལ་སེམས་བཞིན་པའི་མི་སེར་དཀྱིས་མ་ཞིག་ཡིན་ཚུལ་ཐོས་པས་དེ་ལས་ཀྱང་དགའ་པོ་བྱུང་ཡོད། སྤྱིར་དེང་སང་ང་དང་གླེང་མོལ་བྱ་འདོད་པའི་མི་མང་པོ་འདུག་ལ། རོགས་སྐྱོར་བྱ་འདོད་པའི་མི་ཡང་མང་པོ་ཞིག་ཡོད་རུང་། མཐའ་མཇུག་གི་ལོ་ཟླ་འདི་ཚོར་ངས་ང་ལ་རོགས་སྐྱོར་ཞིག་བྱ་འདོད་ན་ལྷིང་འཇགས་ངང་འཆི་རུ་ཆུག་དང་། དེ་ནི་ཆེས་བཟང་བའི་རོགས་སྐྱོར་ཡིན་ཞེས་བཤད་པ་ལས་མི་མང་པོ་ཞིག་ལ་ཁ་ཡ་མ་བྱས། དྲང་མོ་བཤད་ན། ད་ལྟ་ངའི་ལྕེ་རྩ་རྣག་གིས་ཟོས་ཟིན་པས་སྐད་ཆ་མང་པོ་ཞིག་བཤད་མི་ཐུབ་ལ། རྐུབ་འཕོངས་ཀྱང་རྨ་ཡིས་ཟོས་ཡོད་པས་དུས་ཡིན་རིང་པོ་ཞིག་ལ་གནས་གཅིག་ཏུ་འདུག་མི་ནུས་པས། ངས་རང་གི་གནས་ཚུལ་རྣམས་ཅི་ནུས་གང་ནུས་ཀྱིས་དབུགས་ཐེངས་གཅིག་གིས་བཤད་ཨེ་ཐུབ་བལྟས་ན་ཆོག་པར་རེ་ཡོད།
ཀ་པ། ལོས་ཆོག ངས་ཀྱང་གང་ནས་མགོ་རྩོམ་དགོས་པ་དང་ཅི་ལྟར་མགོ་རྩོམ་དགོས་པ་སོགས་གསལ་པོ་ཞིག་མི་ཤེས་པས། གལ་ཏེ་དམིགས་བསལ་གྱི་དྲི་བ་རེ་མེད་ན་ངས་ཅི་ཡང་འདྲི་རྒྱུ་མིན་པས་ཉིད་ཀྱིས་ཅི་བདེར་གསུངས་རོགས་ཞུ།
ཁ་པ། ཡ། ཡ། དེ་འདྲ་ཡིན་ན་ང་ལའང་སྟབས་བདེ་ས་མང་པོ་ཞིག་འདུག་པས་ཁྱེད་ཀྱིས་བསམ་ཤེས་གནང་བར་ཐུགས་རྗེ་ཆེ་ཞུ། སྤྱིར་ང་རང་ལ་ནད་ངན་དེ་ཅི་ལྟར་འགོས་པའི་སྐོར་ཁྱེད་ཀྱིས་ངའི་གྲོགས་པོའི་དྲུང་ནས་ཤེས་ཡོད་ཚོད་འདུག་རུང་། ཡང་བསྐྱར་མདོར་བསྡུས་ཙམ་བཤད་ན། ང་ནི་ཡུལ་སྐོར་སྣེ་ཤན་པ་ཞིག་ཡིན་པས། ནམ་ཡང་མི་འདྲ་མིན་སྣ་ཚོགས་དང་འབྲེལ་འདྲིས་ཡོད་གཤིས། རྒྱུ་འབྲས་དང་ལྡན་པའི་སྐད་ཆ་ཞིག་བཤད་ན་ངས་རང་གི་ནད་ངན་དེ་དེང་སང་མི་ཁ་ཤས་ཀྱིས་དྲྭ་ངོས་སོགས་སུ་ཤོད་ཀྱིན་པའི་ཕྱི་རྒྱལ་གྱི་མི་ཚོའི་ལུས་འབྲེལ་བརྒྱུད་དེ་ལོན་ཚུལ་ལ་སོམ་ཉི་བཟུང་ཡོད། རྒྱུ་མཚན་ནི་ང་དང་ལུས་འབྲེལ་བྱུང་བའི་ཕྱི་རྒྱལ་གྱི་མི་མང་པོ་མེད་ལ། ཡོད་པ་རེ་ཟུང་བོར་ཡང་རང་ལུས་བདག་སྲུང་གི་འདུ་ཤེས་ཤིན་ཏུ་ཟབ་ལ། བདེ་སྲུང་གི་ཆ་ལག་ཀྱང་བེད་སྤྱད་མ་བྱས་མཁན་གཅིག་ཀྱང་མེད། དེ་ལས་ལྡོག་སྟེ། རྒྱལ་ནང་གི་སྔར་གྱི་ཆུང་འདྲིས་ཤིག་ཡོད་པ་དེས་ངའི་མི་ཚེ་བརླགས་སོང་བསམ་པའི་ཀུན་སློང་ཞིག་ནམ་ཡང་ཡོད་རུང་། རང་ལའང་རྒྱུ་མཚན་དང་གནས་ལུགས་མང་པོ་ཞིག་ཤོད་རྒྱུ་མེད་ལ། མང་པོ་ཞིག་ལ་དེའི་སྐོར་ཤོད་འདོད་ཀྱང་མི་འདུག
ཀ་པ། ཡ ཡ། ཁྱེད་ཀྱིས་ཁ་ཁོག་མེད་པའི་སྐད་ཆ་འདི་དག་བཤད་པར་ཐུགས་རྗེ་ཆེ། དེ་ན། ང་ལ་མཚོན་ན་ཆེས་ཤེས་པར་འདོད་པ་ནི་ཁྱེད་ལ་ནད་ངན་དེ་འགོས་རྗེས་ཀྱི་སེམས་ཁམས་ཅི་འདྲ་ཡིན་པ་དང་། ད་ལྟའི་གནས་བབས་དང་། མ་འོངས་བའི་འཆར་གཞི་སོགས་ཅི་ལྟར་ཡིན་པ་དག་ཡིན་པས་སྟབས་མི་བདེ་བ་མེད་ན་ཅུང་ཙམ་གསུངས་བར་ཞུ།
ཁ་པ། ཆོག་གི སྔོན་ཆད་ཀྱི་ང་རང་ནི་སྣང་བ་ཨ་སྔོན་དགོང་ལས་མཐོ་བའི་བུད་མེད་ཅིག་ཡིན་ལ། རང་གི་ཁ་ལྕེ་དང་སྐྱེས་གཟུགས་ལའང་གདེང་ཚོད་མི་དམན་པ་ཞིག་ཡོད་པས། མི་མང་པོ་ཞིག་གི་མིག་ནང་ན་བུད་མེད་སྣང་མཐོན་མ་ངོ་མ་ཞིག་ཡིན། ཡིན་ནའང་། ནད་ངན་དེ་འགོས་རྗེས། ངས་གློ་བུར་ཏུ་འཇིག་རྟེན་འདིའི་མི་ཡོད་ཚད་ང་ལས་བཟང་བ་དང་ལེགས་པར་མཐོང་ལ། སྔོན་ཆད་ཚ་གདུག་གིས་བཞིན་རས་ནག་པོར་འགྱུར་དོགས་ཀྱིས་གཡོལ་གཡོལ་བྱས་པའི་ཉི་འོད་ལ་འཁྲེང་སེམས་ཤོར། འཇིག་རྟེན་འདིར་འདི་འདྲའི་རིན་མི་དགོས་པའི་ནོར་བུ་རྩ་ཆེན་ཞིག་ཡོད་ཨང་བསྙམས་ཤིང་དེར་བསྲོ་འདོད་ཡོད་པ་ཙམ་གྱིས་མི་ཚད། ངོ་དང་ལག་པ་སོགས་ཆེད་དུ་ཉི་མར་ཕྱོགས་ཏེ་ཡུད་ཙམ་རེར་འདུག་རྒྱུ་བྱུང་ན་དེའང་བདེ་སྐྱིད་ཅིག་ཡིན་པ་གཞི་ནས་ཚོར། སྔོན་ཆད་ཙག་བསེར་གྱིས་བཞིན་རས་ལ་སེལ་ཁ་འགས་བར་དོགས་ནས་ནམ་ཡང་མིག་ཤེལ་ཆེན་པོ་དང་ཁ་ཤུབས་མཐུག་པོ་སོགས་ཀྱིས་གཡོག་གཡོག་བྱས་པའི་ཙག་རླུང་ལ་ད་ལྟ་ཞེན་པ་སྐྱེས། འདིར་འདི་འདྲའི་རིན་མི་དགོས་པའི་ཐོན་ཁུངས་རྩ་ཆེན་ཞིག་ཡོད་ཨང་བསྙམས་ཤིང་དེར་མྱོངས་འདོད་ཡོད་པ་ཙམ་གྱིས་མ་ཚད། ཁ་གདང་སྟེ་མཁའ་དབུགས་གསར་བ་འབྱིན་རྔུབ་བྱ་རྒྱུ་བྱུང་ན་དེ་ནི་ངོམས་མེད་ཀྱི་བདུད་རྩི་ཞིག་ཡིན་པའི་སྣང་བ་བཅོས་མེད་དུ་སྐྱེས་བཞིན་ཡོད། སྔོན་ཆད་ལུས་ན་རྔུལ་ཆུ་དང་ཚི་དྲེག་གི་དྲི་མ་འཐུལ་བའི་ཞིང་པ་ཞོར་ལས་པ་ཚོ་དང་མཉམ་དུ་མེ་འཁོར་དང་རླངས་འཁོར་ས་ཚིགས་ནས་འགྲེང་སྒུག་གིས་འཁོར་འཛིན་ཉོ་དགོས་ན་སུན་སྣང་ཆེ་རུང་། དེང་སང་ནི་ཁོང་ཚོ་སུ་ཡིན་རུང་ང་ལས་གཙང་མ་དང་ཡག་པོ་ཤ་སྟག་ཡིན་སྣང་འཆར་ལ། ཁོང་ཚོ་དང་མཉམ་དུ་ལངས་ཐུབ་པ་ནི་ང་རང་ད་རུང་ལོག་མེད་པ་དང་། གོག་ནས་འགྲོ་མི་དགོས་པ། ཉལ་ས་རུ་ལུས་ཕུང་རྨ་ཡིས་ཁྱབ་ནས་ཉལ་མེད་པའི་རྟགས་མཚན་སོགས་ཡིན་པས། ཁོང་ཚོ་དང་མཉམ་དུ་འགྲེང་སྒུག་བྱེད་པ་དེ་གཟི་བརྗིད་ཅིག་དང་དགའ་བ་ཅིག་ཏུ་བརྩིས་ཡོད། (སྐད་ཆ་འདི་དག་བཤད་རྗེས་སྐར་མ་གཉིས་ཙམ་ལ་གྲགས་འགུལ་ཅི་ཡང་མེད་པར་གྱུར་སོང་། སྐར་མ་གཉིས་ཙམ་གྱི་རྗེས་ནས་ཡང་མུ་མཐུད་དུ་བཤད་རྒྱུར)
དགོངས་དག ང་རང་ངུ་བསྔངས་བྱས་ན་ཁོག་པའི་ནང་གཟེར་བརྒྱུགས་ཏེ་བཟོད་ཐབས་དཀའ་ལ། ནམ་རྒྱུན་ཁོག་པ་བཤལ་དུ་འགྲོ་དགོས་པས་ད་མང་པོ་ཞིག་བཤད་ཀྱང་མི་ཐུབ་ལ། མང་པོ་ཞིག་བཤད་རྒྱུ་ཡང་མི་འདུག གཙོ་བོ་ངས་དེ་རིང་ཁྱེད་ལ་ཤོད་འདོད་པ་ནི་ཁྱེད་ཚོ་སྟེ་ནད་མེད་བདེ་ཐང་དུ་ཡོད་པ་ཚོས་འཛམ་གླིང་འདི་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཡིན་པ་མ་བརྗེད། ཞིང་ཁམས་འདི་ནས་རང་བདེ་བའི་ཆེད་དུ་གཞན་ལ་གནོད་པ་མ་སྐྱེལ་དང་། ནམ་ཞིག་ཤི་དགོས་རུང་འགྱོད་པ་དང་འཁྲེང་སེམས་ཡོད་དགོས་དོན་མི་འདུག་བསྙམས། བདེ་ཐང་ཡིན་དུས་ནས་རང་ལུས་ལ་བདག་གཅེས་མཛོད་མ་གཏོགས། ནད་ངན་ཕོགས་ཚར་དུས་ཐ་ན་རང་སྲོག་གཅོད་འདོད་རུང་ནུས་པ་དང་སྤོབས་པ་མི་འདུག ཡ ད་བདེ་མོ་གྱིས། (མོས་མོ་རང་གི་མ་འོངས་པའི་འཆར་གཞི་སོགས་བཤད་མ་ཁོམ་པར་གློ་བུར་ཏུ་ཕྱིན་སོང་། ཕྱིན་སོང་བ་དེ་ང་ལ་མཚོན་ན་གྱོང་གུན་ཞིག་ཏུ་འདུག་རུང་། ཞིབ་མོར་འདང་བརྒྱབ་ན། ད་ནི་ཤི་སྒུག་བྱ་རྒྱུ་ལས་ཅི་ཡང་མེད་པ་ཡིན་ནམ་བསྙམས་ནས་ཁ་ཞེ་གཉིས་མེད་ཀྱིས་ཤ་ཚ་དང་སྙིང་རྗེ་ཞིག་སྐྱེས་པ་བརྒྱུད་གཤམ་གྱི་སྐད་ཆ་འདི་སྤེལ་ཁུལ་བགྱིས་པ་ཡིན།)
ཀ་པ། (མ་གཞི་ངས་སྐད་ཆ་འདི་སྤེལ་སྐབས། མོ་རང་གི་skypeགླེང་མོལ་གྱི་མདོག་སྐྱ་བོར་གྱུར་འདུག་པས། ངས་མོ་རང་སྐུད་ལམ་དུ་མེད་པ་ཤེས་རུང་། རྗེས་ཕྱོགས་ཨེ་མཐོང་དུ་རེ་ནས) ཡ གྲོགས་མོ་བཟང་པོ། ཁྱེད་ཀྱིས་ན་ཟུག་དང་དུས་ཚོད་སོགས་ལ་མ་འཛེམ་པར་ངའི་དྲི་བ་དག་ལ་ལན་བཏབ་པར་ཐུགས་རྗེ་ཆེ། ཁྱེད་ཀྱིས་ཉི་མ་དང་མཁའ་དབུགས། འཚོ་བ་སོགས་ལ་བཟུང་བའི་ལྟ་བ་ནི་ངོ་མ་ང་དང་ང་ལྟ་བུ་ཚོས་བསླབ་བྱ་ཉིད་དུ་འདུག་ལ། ངས་ཁྱེད་ཀྱིས་འཁོར་བ་བདེ་སྐྱིད་དུ་ཤེས་པར་དགའ་བ་བཅངས་ཡོད་ལ། བདེ་སྐྱིད་གཅེས་འཛིན་ཐུབ་པར་སྨོན་ལམ་ཡང་བཏབས་ཡོད། ངས་གོ་ཐོས་ཡིན་ན་ཨ་རི་རྒྱལ་ཁབ་ཀྱིས་ཉེ་ཆར་སྨན་རིགས་ཤིག་གསར་གཏོད་བྱ་བཞིན་ཡོད་ལ། མ་འོངས་བའི་ལོ་ངོ་ལྔ་ཙམ་གྱི་ནང་དུ་ཨ་རི་རྒྱལ་ཁབ་ནས་འགྲེམ་སྤེལ་ཐུབ་པའི་གསར་འགྱུར་ཞིག་འདུག དེས་ན་ཁྱེད་ཀྱིས་ཅིས་ཀྱང་རེ་བས་སྒུག་རོགས་དང་། ང་ཚོ་ནམ་ཡང་ཁྱེད་ཀྱི་སེམས་རྟེན་ཡིན།
༼རྩོམ་པ་པོ། ཆོས་དཔལ་བཟང་པོ། སེང་རྡོར་དྲ་བ་ལས་དྲངས།༽
Thursday, July 1, 2010
འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར།
༡༽གླེང་སློང་བ།
ཁ་སང་ཟླ་༦པའི་ཚེས་༡༡ཉིན་ནས་༢༠༡༠ལོའི་འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར་དེ་ཨ་ཧྥི་རི་ཀའི་གླིང་ཆེན་དུ་འགོ་ཚུགས་ཡོད། དེ་ཡང་ཡུལ་དེའི་དབུ་ཁྲིད་དམ་པ་ནེསནམནྜལ་གཙོས་པའི་གནད་ཡོད་མི་སྣ་དུ་མ་ཞིག་གིས་འགྲོན་འབོད་དང་རྩོད་ལེན་མང་པོ་ཞིག་བྱས་པའི་འབྲས་བུ་ཞིག་རེད། ཡུལ་དེའི་སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་འགྲོ་བཞིན་ཡོད་པའི་དཔང་རྟགས་ཤིག་དང་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་པའི་ངོས་འཛིན་ཡང་བྱེད་བཞིན་ཡོད་འདུག སྐབས་དེར་གླུ་པ་གྲགས་ཅན་(K'NAAN)ཀ་ནན་གྱིས་༼གཡོ་བའི་དར་ཆ་༽ཞེས་པའི་ཞི་བདེ་དང་རང་དབང་མཚོན་པའི་གླུ་དབྱངས་ཀྱིས་འཇིག་རྟེན་གྱིས་ཁྱོན་དགའ་འབོད་བྱས་ཡོད་པ་རེད། དེ་ནས་ད་བར་དུ་རྒྱལ་ཁབ་སོ་སོའི་ངར་ཤུགས་ཆེན་པོའི་འཇིག་རྟེན་གྱི་བུམ་པ་དེ་ཉིད་རྩོད་འགྲན་བྱས་ཤིང་འཛམ་གླིང་གི་མི་གྲངས་དུར་ཕྱུར་མང་པོ་སྐྱིད་སྡུག་གི་ཚོར་སྣང་མི་འདྲ་བ་རེ་སྦྱིན་བཞིན་པ་ཡིན་པས་སྒུལ་ཤུགས་འདིས་གླིང་ཆེན་འདི་ཡོམ་ཡོམ་དུ་གཡོ་ཞིང་འགུལ། ཐོབ་ཐང་དང་རེ་བ་གང་ཡང་མེད་པའི་གདོང་དམར་བའི་མྱི་རྟིང་ཞིག་གི་ངོས་ནས་འདིའི་སྐོར་ལ་བསམ་གཞིག་ཅིག་གིས་བོད་པ་ཚང་གི་རྩེད་མོ་འདིའི་ཐ་སྙད་འདོག་སྟངས་ལ་བགྲོ་གླེང་བྱེད་འདོད་བྱུང་།
༢༽ཐ་སྙད་འདོགས་སྟངས།
བོད་ཡུལ་སྟོད་སྨད་ཀྱི་བར་དང་། བོད་ཕྱི་ནང་གཉིས་ཀྱི་བར་སོགས་སུ་ཕོ་ལོང་འདི་ལ་མིང་གི་འབོད་ཚུལ་མི་འདྲ་བ་དུ་མ་ཡོད་པ་ཡིན། ཁམས་ཕྱོགས་ཀྱི་ཡུལ་གྲུ་ཕལ་མོར་ཆེར་(ball)ལ་གྲུ་གུ་ཞེས་འབོད་པ་ཡིན་ལ་དེ་ཡང་གྲུ་གུ་ཞེས་པའི་དོན་ནི་སྐུད་པའི་དོག་པ་ལ་ཟེར་བ་ཡིན། དཔེར་ན་རྒྱུ་བལ་ལས་བྱས་པའི་གྲུ་གུ་ལ་བལ་གྲུག་དང་། དེ་བཞིན་དུ་རྩིད་གྲུག་དང་ཁུལ་གྲུག་སོགས་སོ། མིང་ཚིག་འདི་ཉིད་དོན་ལ་ཆེས་འབྱོར་བ་ཞིག་ཡིན། དེང་རབས་ཀྱི་བཟོ་ལས་མ་དར་བའི་གོང་གི་ཕོ་ལོང་ཕལ་ཆེར་སྐུད་པ་ལས་བཟོས་པའི་གྲུ་གུ་ཡིན་པ་རེད། དཔེར་ན་གནའ་དུས་དུ་བོད་ཀྱི་བཙན་པོའི་སྐུ་བློན་དང་། ཐང་རྒྱལ་རབས་ཀྱི་བློན་ཆེན་གྱི་བར་དུ་རྩེས་མྱོང་བའི་གྲུ་གུ་དེ་ནི་བལ་སོགས་ཀྱིས་སྐུད་པའི་དོག་པ་ཞིག་ཡིན་ངེས་ལ་ཐེ་ཚོམས་མི་དགོས་སྙམ་མོ།
ཨ་མདོ་ཕྱོགས་ནས་ལྒང་ལི་ཞེས་འབོད་ཀྱིན་ཡོད། དེ་ཡང་གོ་དོན་ཅན་ཞིག་རེད། ལྒང་པ་ཞེས་པ་མི་ཕྱུགས་སོགས་སྲོག་ཆགས་ཀྱི་གཅིན་པ་གསོག་ས་དེ་ལ་ལྒང་པ་ཞེས་དང་མིང་བསྡུས་ན་གཅིན་ལྒང་ཞེས་འབྲི་ཆོག དེ་དང་མཚུངས་པའི་དབུགས་ཀྱིས་བཀང་ཆོག་པའི་(ball)རིགས་འདི་ལ་ལྒང་པ་ཞེས་བཏགས་པ་དོན་ལ་གནས། འདྲ་བར་རྒྱུ་མཚན་གྱིས་བཏགས། དབུས་གཙང་ཕྱོགས་ནས་སྤོ་ལེས་དང་། ཡང་ན་སྤོ་ལོ། པོ་ལོ་སོགས་ཅི་རིགས་སུ་འབྲི། འདི་ནི་པུ་ལུ་ཞེས་པའི་མིང་ཚིག་གི་ཟུར་ཆག་གི་སྐད་རེད། པུ་ལུ་ནི་དངོས་རྫས་རིལ་བུ་སྤུས་ལེགས་ཀྱི་རིགས་ལ་གོ་བ་ཡིན་ཏེ། དཔེར་ན་མར་དཀར་གྱི་རིལ་བུ་ལ་མར་དཀར་པུ་ལུ་དང་། ཨ་སྣུམ་པུ་ལུ་སོགས་སུ་འབོད་པ་བཞིན་ནོ།། ཡང་ན་ཕོ་ལོང་གི་ཟུར་ཉམས་པའི་སྒྲ་གདངས་ཤིག་ཡིན་སྲིད། གང་ལྟར་ཁ་སྐད་ཀྱི་འབོད་སྟངས་ཤིག་རེད། དེང་སང་བྱེས་ཀྱི་ཚགས་པར་སོགས་ཀྱི་ནང་རྐང་རྩེད་སྤོ་ལོ་ལྟ་བུ་རྒྱུགས་ཆེ་བ་དང་། གཞིས་ཀྱི་དྲ་རྒྱ་སོགས་སུ་རྐང་གྲུག་རྩེད་མོ་ལྟ་བུ་འབོད་པ་མང་། དེ་ལྟར་བོད་མདོ་དབུས་ཁམས་གསུམ་སུ་དངོས་པོ་གཅིག་ལ་འབོད་ཚུལ་ཁ་འཐོར་དགུ་འཐོར་ཡིན་ལ་བོད་གཞིས་བྱེས་གཉིས་སུའང་བརྗོད་སྟངས་ཕར་རྒྱབ་ཚུར་རྒྱབ་ཡིན།
༣༽གཅིག་གྱུར་གྱི་ཐ་སྙད་འཚོལ་བ།
ད་འོ་ན་ང་ཚོ་བོད་པ་ཚང་ལ་རྩེད་རིགས་འདི་ཉིད་གོ་ནུས་པའི་ཐ་སྙད་ཞིག་གཏན་ནས་མེད་ན་གསར་དུ་འདོགས་དགོས་ལ་གལ་ཏེ་ཡོད་ན་དེ་ཉིད་འབོད་དགོས། བཀའ་འགྱུར་དང་བསྟན་འགྱུར་སོགས་བོད་ཀྱི་སྤྱི་སྐད་དེ་དག་གི་ནང་དུ་ཐ་སྙད་དེ་ཡོད་མེད་བཙལ་དགོས། གུས་པས་བསམ་ན་བཀའ་བསྟན་གྱི་ཁྲོད་ན་བཞུགས་པའི་ཕོ་ལོང་ཞེས་པའི་ཐ་སྙད་འདི་ལོ་ངོ་སྟོང་ཕྲག་ལྷག་གི་གོང་ནས་བོད་རང་གི་སྐད་བརྡ་རྣལ་མ་ཞིག་རེད། རྒྱ་གཞུང་རྙིང་པ་རྣམས་སུ་དར་གྱི་ཕོ་ལོང་ཞེས་དང་། རྗེའི་ལམ་རིམ་ཆེན་མོ་ཆེན་མོ་སོགས་བོད་རྩོམ་གཡེར་པོ་ཆེ་དག་གི་ནང་དུའང་དེ་བཞིན་དུ་དར་གྱི་ཕོ་ལོང་ས་ལ་བརྡབས་པ་ཞེས་ལྷོད་ཀྱིས་འཕར་བའི་དཔེ་རུ་གསལ་ཡོད། ཕོ་ལོང་གི་གོ་དོན་ནི། སྐུད་པ་དང་དར་རམ་རས་སོགས་ལ་མདུད་པ་བོར་ཏེ་རྡོག་པོ་གཤིག་དཀའ་བ་ཞིག་བཟོ་ནས་ཐང་ལ་བརྡབ་ན་འཕར་བའི་རང་བཞིན་ཅན་ཞིག་ཡིན་པས་རྩེད་ཆས་སུ་རུང་བ་ཞིག་ཡིན། འདི་ཉིད་བཟོ་སྟངས་དམིགས་གསལ་བ་ཞིག་ཡོད་པ་འདྲ་སྟེ། ཕོ་ལོང་མདུད་དམ། ཡང་ན་གྲུ་གུ་མདུད་པ་ཞེས་དམིགས་བསལ་གྱི་མདུད་པ་ཇེ་དམ་དུ་འགྲོ་བ་ལས་ལྷོད་དུ་འགྲོ་རྒྱུ་མེད་པའི་མདུད་སྟངས་ཤིག་ད་ལྟ་མདོ་ཁམས་ཕྱོགས་སུ་མདུད་རྒྱུ་ཡོད། དེ་ལྟར་ང་ཚོས་ཐ་སྙད་ཚད་ལྡན་ཞིག་ཡོད་ཀྱང་ང་ཚོས་དེ་ཉིད་དོན་ལ་གཅིག་གྱུར་གྱིས་བཀོལ་ཐུབ་མེད། ད་ནས་ང་ཚོས་ཐ་སྙད་འདི་དོན་ལ་འབྱོར་ཚེ་ང་ཚོས་ཐ་སྙད་འདི་བཀོལ་སྤྱོད་རྣལ་མ་ཞིག་བྱེད་དགོས་ངེས་སུ་གྱུར། དེ་ཡང་མི་ཚང་མས་བཀོལ་སྤྱོད་བྱེད་དགོས། མི་ཁ་ཤས་ཞིག་གིས་བོས་ཀྱང་ཕན་ཐོགས་མེད། འབོད་སྟངས་དེའང་དྲ་རྒྱ་དང་གསར་འགྱུར་རླུང་འཕྲིན་སོགས་དེང་རབས་བརྡ་འཕྲིན་གྱི་ལམ་ནས་རྟག་པར་གཅིག་གྱུར་གྱིས་བོས་ན་མི་མང་བྱིངས་ཀྱང་ནམ་ཞིག་དེའི་རྗེས་སུ་འབྲངས་བ་གདོན་མི་ཟའོ། དེ་ནས་ང་ཚོ་ཐ་སྙད་དེ་གཏན་འབེབས་ཐུབ་པ་རེད་ལ་བཤད་ཚུལ་གཞན་ཞིག་བྱས་ན་ང་ཚོའི་བཀའ་བསྟན་གྱི་ཁྲོད་ན་བཞུགས་པའི་ཐ་སྙད་ཅིག་སྤྱི་ཚོགས་སུ་བེད་སྤྱོད་ཐུབ་པ་རེད་ལ་ཐ་སྙད་དེ་སྲུང་སྐྱོབ་ཐུབ་པ་རེད། དེ་ཡང་རྒྱུན་དུ་སྐད་ཡིག་གཅིག་གྱུར་དགོས་ཀྱི་འདུག་ཅེས་སྐད་ཅོར་འབྱིན་པ་ཙམ་གྱིས་གར་ཡང་མི་སླེབས་ཤིང་གནད་འགག་འདི་ལྟ་བུའི་དངོས་པོ་རིགས་གཅིག་ལ་གཅིག་གྱུར་གྱི་འབོད་སྟངས་ཀྱི་ལམ་ཁ་ཞིག་རྙེད་ན་དེའི་ཡན་ལག་དང་ཉིང་ལག་དེ་དང་འབྲེལ་བའི་ཐ་སྙད་བརྒྱ་ཕྲག་དུ་མ་གཅིག་གྱུར་བྱེད་ཐུབ་པ་ཡིན། དཔེར་ན་རྐདཔེར་ན་(foot ball)ལྟ་བུ་ལ་རྐང་རྩེད་ཕོ་ལོང་དང་། མིང་བསྡུས་ན་རྐང་ཕོལ་སོགས་ཀྱང་རུང་། དེས་རིགས་བསྒྲེས་ནས་རྐང་ཕོལ་ཐང་། རྐང་ཕོལ་གྱི་རུ་དཔོན། རྐང་ཕོལ་གྱི་སློབ་དཔོན་སོགས་ཀྱིས་མཚོན་ནོ།། གཞན་ཡང་ཕོ་ལོང་ཞེས་པའི་མིང་ཚིགས་འདི་ཉིད་བཀོལ་ན་ཕོ་ལོང་དང་འབྲེལ་བའི་རྩེད་རིགས་མང་པོ་ཞིག་གི་ཐ་སྙད་གཅིག་གྱུར་དུ་ཡོང་བར་ངེས་ཏེ་ཐ་སྙད་འདི་ཁྱབ་ཁོངས་ཧ་ཅང་ཡངས་པས་སོ། དེ་ཡང་དཔེར་ན། (golf ball )རྒྱང་གཡུག་ཕོ་ལོང་།(bowling ball )རྦབ་རྡོ་ཕོ་ལོང་། (base ball ) གྲྭར་རྩེད་ཕོ་ལོང་། (rugby ball)འཇོང་གཟུགས་ཕོ་ལོང་། (Cricket ball)དབྱུགས་རྩེད་ཕོ་ལོང་། (water ball) ཆུ་རྩེད་ཕོ་ལོང་། (tennis ball)བར་ཆོད་ཕོ་ལོང་། (basket ball)ལག་རྩེད་ཕོ་ལོང་། (foot ball) རྐང་རྩེད་ཕོ་ལོང་། (polo)རྟ་རྩེད་ཕོ་ལོང་། མདོར་ན་དབྱིན་ཡིག་ནང་གི་(polo)དང་། (ball) སོགས་ཆ་ཚང་བོད་ཡིག་ཕོ་ལོང་ཞེས་པ་འདིའི་ཁོངས་སུ་བསྡུ་ཐུབ་པ་ཡིན།འོན་ཀྱང་བྱེ་བྲག་ཏུ་ཕྱེས་ན་འདི་དག་ཐམས་ཅད་ལ་རང་རང་གི་ཁྱད་ཆོས་དང་བྱུང་རབས་རེ་ཡོད་པ་ཡིན་པས་མིང་གི་འགོར་དེ་ལྟ་བུའི་ཁྱད་ཆོས་རེ་བླ་ཐབས་སུ་བསྣན་ན་སོ་སོ་མ་འདྲེས་པ་གོ་དོན་ཡང་བདེ་བླག་ཏུ་སྟེར་ཐུབ་པ་ཡིན། ༼དབྱིན་བོད་ཤན་སྦྱར་གྱི་མིང་ཚིག་འདི་དག་ནི་དཔྱད་གཞི་ཙམ་ལས་ངེས་གཏན་ཅི་ཡང་མེད།༽
༤༽ མིང་ཚིག་གི་འབྱུང་ཁུངས།
འགའ་ཞིག་གིས་(polo)ཞེས་པའི་མིང་ཚིག་གི་འབྱུང་ཁུངས་དེ་བོད་སྐད་ཀྱི་པུ་ལུ་ཞེས་པ་ཡིན་ཚུལ་བྲིས་འདུག་ནའང་བདེན་ཁ་སྟེར་དཀའ་སྟེ་པུ་ལུ་ཞེས་པ་ནི་ལུང་ཚན་འགའ་ཞིག་ཏུ་དངོས་པོ་རིལ་རིལ་ཞིག་བསྟན་པ་ཙམ་ལས་ས་ལ་བརྡབས་ན་འཕར་ཡོང་བ་སོགས་ཕོ་ལོང་གི་གོ་དོན་བསྟན་སྟངས་མེད་ཅིང་། བོད་སྤྱི་ལ་ཁྱབ་པའི་ཐ་སྙད་ཅིག་ཀྱང་མ་རེད། གུས་པས་བསམ་ན་དབྱིན་ཡིག་གི་(polo)འདི་བོད་ཡིག་ཕོ་ལོང་གི་སྒྲ་གདངས་ལྟར་བྲིས་པ་ཞིག་རེད་བསམ། དེ་ཡང་བོད་ཡུལ་ནས་དར་བའི་རྟ་རྩེད་ཕོ་ལོང་འདི་རྒྱ་ནག་དང་། དེ་ནས་ཏ་ཟིག་གམ་ཡང་ན་(iran)ཨི་རེན་སོགས་རིམ་གྱིས་ཤར་ནས་ནུབ་ཏུ་དར་བའི་སྐབས་སུ་ཐ་སྙད་དེ་ཡང་གཟུགས་དང་གྲིབ་མ་བཞིན་དུ་ལྷན་ཅིག་ཏུ་འབྱོར། འོན་ཀྱང་དེ་དབྱིན་ཡིག་སོགས་མི་རིགས་གཞན་གྱི་སྐད་ཀྱི་ཐོག་ཏུ་བྲི་སྐབས་སུ་(polo)ཕོ་ལོ་ཞེས་རྗེས་མཇུག་གི་ང་སྒྲ་གསལ་པོ་མ་བྱུང་ཡང་མིང་གཞི་ལ་འགྱུར་བ་གང་ཡང་སོང་མེད་པར་སེམས། དེ་ནས་འཛམ་གླིང་གང་སར་རྩེད་རིགས་འདི་དར་སྲོལ་ཆེན་པོ་བྱུང་ནས་དེང་སང་རྒྱལ་སྤྱི་རང་བཞིན་ཅན་གྱི་རྩེད་རིགས་ཤིག་ཏུ་གྱུར་ཟིན་ནའང་ཐ་སྙད་དེ་བོད་ཀྱི་སྒྲ་གདངས་དེ་ག་རང་དུ་གནས་ཡོད་པ་ཡིན།
༼འདིའི་ནང་དུ་བོད་ཀྱི་བློན་ཆེན་ཞང་བཙན་ཏོ་ལགས་ཀྱི་འདྲ་རིས་འདུག་གམ།༽
༥༽རྟ་རྩེད་ཕོ་ལོང་གི་བྱུང་རབས།
རྩེད་མོ་འདི་ཉིད་ཆེས་ཐོག་མར་དར་བའི་ཡུལ་ནི་བོད་གངས་ཅན་གྱི་ལྗོངས་སུ་བྱུང་བ་ཡིན་ཏེ། རྩེད་རིགས་འདི་ཉིད་ཀྱི་ཐ་སྙད་འདི་ཉིད་བོད་མིང་ཡིན་པས་སོ། དཔེར་ན་བོད་ཡུལ་གྱི་བླ་མ་དང་། གཡག རྩམ་པ་སོགས་འཛམ་གླིང་མི་རིགས་གཞན་གྱིས་ཀྱང་མིང་དེ་ག་རང་དུ་འབོད་པ་འདིས་དངོས་པོ་དེ་ཐོག་མར་ཡུལ་དེ་ནས་བྱུང་བ་དང་། ཡང་ན་ཡུལ་ཕྱོགས་དེ་ན་མ་གཏོགས་གཞན་དུ་མེད་པའི་ངོས་འཛིན་བྱས་ན་མི་རུང་བ་མེད་པ་ལྟ་བུ་ཡིན། ཕྱི་ལོ་སྔོན་གྱི་དུས་རབས་ལྔ་པའི་ནང་ཙམ་དུ་ཨི་རན་གྱི་ལུང་པ་བྱུང་བ་བཤད་པ་བདེན་ན་དེའི་སྔོན་ཙམ་ཞིག་ཏུ་བོད་ཡུལ་དུ་དར་ཡོད་པར་ཡིན་སྟེ། རྩེད་རིགས་འདིའི་ཐོག་མའི་འབྱུང་ཁུངས་བོད་ཡིན་པས་སོ། རྩེད་མོ་འདི་འདྲ་བ་ཞིག་ཡོང་བའི་རྒྱུ་མཚན་ནི་རྟ་ཐོག་ནས་རལ་གྲི་དང་། མདུང་སོགས་ཀྱིས་ཕ་རོལ་པོ་ཆམ་ལ་ཕོབ་ཐུབ་པའི་དམག་སྦྱངས་ལྟ་བུ་ཞིག་གོང་རིམ་བཙན་པོ་ཡབ་ཡུམ་ལ་གཟིགས་འབུལ་ཕུལ་བ་དང་། དམའ་རིམ་གྱི་སྤྱི་ཚོགས་ནང་དུ་དཔའ་ངོམ་སོགས་བྱས་པས་རིམ་གྱིས་དམངས་ཁྲོད་དུ་སྲོལ་རྒྱུན་གྱི་རྩེད་མོའི་ཚུལ་དུ་ལུས་པ་ཡིན་སྲིད། དེ་ཡང་དང་ཐོག་དབྱུགས་པ་འདི་དག་གྲི་མདུང་དང་། རིལ་རིལ་དེ་དགྲ་བོ་གཡུལ་དུ་བསད་པའི་མགོ་བོ་སོགས་ཡིན་མི་སྲིད་པའི་ངེས་པ་ཅི་ཡོད། གནའ་དུས་སུ་ཕ་རོལ་པོ་གཡུལ་དུ་སོད་པའི་སྐབས་སུ་དཔའ་རྟགས་ལྟ་བུ་མགོ་བོ་བཅད་ནས་ཁུར་འགྲོ་བའི་ལུས་སྲོལ་ཡོད་པ་ཡིན་ལ་མགོ་ལག་གོང་ལེན་ཞེས་རྟ་ཐོག་ནས་མགོ་ལག་ལེན་པའི་སྐད་ཆ་ཞིག་གླིང་སྒྲུང་ཚུན་ཆད་དུ་ཡོད་པ་ཡིན།དེང་གི་དུས་ཀྱང་མདོ་ཁམས་ཕྱོགས་སུ་རྟ་ཐོག་ནས་མེ་མདའ་འཕེན་པ་དང་། གྲི་གཡུག་པ། མདུང་བཙུགས་པ་སོགས་ཀྱི་རྟ་ཐོག་རྩེད་མོ་མང་པོ་ཞིག་ཡོད་པ་འདི་དག་གནའ་དུས་སུ་བོད་བཙན་པོའི་དུས་ཀྱི་ཡར་གླིང་ནང་དྲག་འདུལ་བྱེད་མཁན་བྷོད་དམག་བཙན་རྒྱལ་རིང་ལུགས་ཀྱི་དམག་རྩལ་ཞིག་ཤུལ་དུ་ལུས་པ་སེམས་སོ། དེ་ནས་རིམ་གྱིས་བོད་དམག་གི་རྩལ་སྦྱོང་དེ་ཉིད་ཐང་གོང་མ་སོགས་རྒྱ་ནག་གི་ཡུལ་དུ་དར་བ་སེམས།
དེ་ཡང་ཕྱི་ལོ་༧༠༩ལོའི་ཟླ་བ་བཅུ་གཅིག་པའི་ནང་བོད་ཀྱི་བཙན་པོ་མེས་ཨག་ཚོམ་གྱི་དུས་བོད་ཀྱི་བློན་ཆེན་ཞང་བཙན་ཏོ་རྒྱ་ནག་གོང་མའི་སྲས་མོ་བོད་ཀྱི་བཙན་པོའི་གནའ་མ་བསུ་བར་སོང་སྐབས་རྒྱ་ནག་ཕྱོགས་ནས་གོང་མ་ཀྲུང་ཙུང་གི་སྐྱེད་ཚལ་དུ་རྟ་རྩེད་ཕོ་ལོང་གི་རྩེད་མོ་བཀོད་སྒྲིག་བྱས་ནས་གོང་མ་རང་ཉིད་ཀྱང་རྒྱ་བོད་ཀྱི་བློན་ཆེན་བར་གྱི་རྩེད་འགྲན་དེ་རུ་བལྟ་བ་སླེབས་པར་(ཐང་ཡིག་རྙིང་མའི་)ནང་གསལ་བ་ལྟར་ཡིན། དེ་ཡང་རྒྱ་ནག་གི་རྩེད་མོ་དེ་ལྟར་བཤམས་དགོན་དོན་ཡང་རྩེད་རིགས་དེ་ཉིད་ཐོག་མར་བོད་ནས་དར་བས་བོད་ཀྱི་བློན་ཆེན་རྣམས་རྩེད་མོ་དེ་ལ་བྱང་ཆ་ཡོད་པ་དང་། དགའ་མོས་ཡོད་པའི་རྒྱུ་མཚན་གྱིས་བཀོད་སྒྲིག་བྱས་པ་ཡིན། དེ་ནས་བོད་ཀྱི་འདབས་འབྲེལ་བའི་ཡུལ་གྲུ་ཁག་ནས་རིམ་གྱིས་དར་ནས་ཨ་རབ་ཀྱི་ཡུལ་དུ་མཆེད་ཀྱང་རྩེད་མོའི་ལམ་ལུགས་དང་རྩེད་སྟངས་ཀྱི་རྣམ་གྲངས་སོགས་ལ་འགྱུར་བ་སོང་ཡོད་ངེས་ནའང་ཐ་སྙད་དེ་མ་འགྱུར་བར་བོད་སྐད་ཀྱི་ཕོ་ལོང་ཞེས་པ་དེ་ག་རང་དུ་གནས་པ་རེད། དེང་སང་བོད་ཀྱི་རྟ་རྩེད་ཕོ་ལོང་ཐ་སྙད་དང་བཅས་པ་འཛམ་གླིང་ཡོངས་ལ་ཁྱབ་ཟིན་པ་ཡིན་ནོ།།
Wednesday, March 3, 2010
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
ཆོས་གྲོགས་དྲ་བ་ལས་བཤུས།
Friday, February 26, 2010
སྡོམ་འཐག་ལ་མིག་ག་ཚོད་ཡོད་དམ།
<<སྡོམ་
སྡོམ་
སྡོམ་
<<སྡོམ་
༡༽ སྡོམ་

སྤྱིར་
སྡོམ་
སྡོམ་
བླ་
༢༽ དམིགས་
དཔག་
གོང་
༡ མིག་
༢ དཔར་
དེ་
སྡོམ་
མིག་
༣༽ མཇུག་
སྡོམ་
Tuesday, January 5, 2010
བི་རི་ཞེས་པའི་ཐ་མག
Friday, January 1, 2010
ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་ནི་བོད་རིགས་ཀྱི་མེས་པོ་ཡིན་ཅེས་བཤད་སྲོལ་ཡོད།
ཆགས་ས་ནི་ཆུས་འཁྱིལ་ཡོད།
དེ་ནས་བོད་ཆགས་སའི་ས་ཆར་སྤྲེལ་ཞིག་ཕེབས་ནས་ཁོང་གིས་ས་ཆ་དེ་ཆུའི་ནང་ནས་ཡར་
འཐེན་ཏེ་རིམ་བཞིན་ཆུ་ཉུང་དུ་ཉུང་དུ་ཕྱིན་ནས་སེམས་ཅན་དང་མི་རྣམས་ གནས་སྡོད་
བྱེད་པ་བྱུང༌།སྤྲེལ་དེ་ད་ལྟའི་བོད་ཀྱི་ལྷོ་ཕྱོགས་སུ་གནས་པའི་ལྷོ་ཁ་ས་ཁུལ་རྩེད་ཐང་གོང་པོ་
རིར་མཚམས་སུ་བཞུགས་པའི་སྐབས་ཉིན་གཅིག་སྲིན་མོ་ཞིག་གིས་ཁོང་ལ་ཞེད་སྣང་སྐུལ་སྟེ་
གལ་ཏེ་ཁོང་གིས་ཁོ་མོ་དང་ཆང་ས་མ་བརྒྱབ་ཚེ་བདུད་ཞིག་དང་ཆང་ས་བརྒྱབ་ནས་བདུད་
ཕྲུག་མང་པོ་སྐྱེས་པ་མ་ཟད་ས་ཆ་དེ་ཆ་ཚང་མེད་པ་བཟོ་གི་ཡིན་ཞེས་བརྗོད་པ་རེད།
ཁོ་མོ་ནི་རྗེ་བརྩུན་སྒྲོལ་མའི་རྣམ་སྤྲུལ་ཡིན། བློ་རིག་བཀྲ་བའི་སྤྲེལ་རྒན་དེས་སྤྱན་རས་གཟིགས་
ཀྱིས་བཀའ་དང་བརྒྱབ་འགལ་མི་བྱེད་ཀ་མེད་ཐུག་ནས་སྲིན་མོ་དེ་དང་ཆང་ས་བརྒྱབ་པ་རེད།
སྨོན་ལམ་བཟང་པོས་ཟླ་བ་ཁ་ཤས་རྗེས་ལ་ཁོང་གཉིས་ལ་སྤྲ་ཕྲུག་དྲུག་འཁྲུངས་པ་རེད།
སྤྲེལ་རྒན་གྱིས་ཁོང་གི་སྤྲ་ཕྲུག་དྲུག་རྣམས་ནགས་ཚལ་གྱི་དཀྱིལ་དུ་འཚོ་སྡོད་བྱེད་དུ་བཅུག་ཅིང་
ལོ་གསུམ་གྱི་རྗེས་ལ་སྤྲ་ཕྲུག་ལྔ་བརྒྱར་གྱུར་པ་རེད། ནགས་ཚལ་ཁྲོད་ཀྱི་ཤིང་ཏོག་རྣམས་རྫོགས་
ལ་ཁད་དུ་གྱུར་ཡོད་ཅིང་སྤྲ་ཕྲུག་རྣམས་ཀྱིས་སྤྲེལ་རྒན་ལ་ཁོང་ཚོར་ལྟོ་ཆས་འཚོལ་དགོས་པའི་
རེ་བ་བཏོན་པ་རེད། སྤྲེལ་རྒན་ག་བྱེད་འདི་བྱེད་མེད་པར་སྤྱན་རས་གཟིགས་ཀྱི་སྐུ་མདུན་དུ་ཡང་
བསྐྱར་ཕེབས་ནས་ཁོང་ལ་ཕྱག་རོགས་གནང་རྒྱུའི་རེ་བ་བཏོན་པ་རེད།
དེ་ནས་སྤྱན་རས་གཟིགས་ཀྱིས་སུ་མེ་རུ་ཞེས་པའི་རི་བོ་དེའི་རྩེར་ཕེབས་ནས་འབྲུ་རིགས་སྣེ་ཁ་མ་
གཅིག་ལྔ་ས་ཆ་གང་སར་བགོ་བཤའ་བརྒྱབ་ཏེ་འབྱིན་པ་རེད། སུ་མེ་རུ་ནི་ད་ལྟའི་གངས་རིན་པོ་ཆེ་
ཞེས་པ་དེ་ཡིན་ཞིང་གངས་རིན་པོ་ཆེ་ནི་ནང་ཆོས་དང་ཧིན་རྡུའི་ཆོས་བོན་ཆོས་བཅས་ཀྱི་དད་མོས་བྱེད་
པའི་གནས་མཆོག་ཞིག་ཡིན། འབྲུ་རིགས་དེ་རྣམས་བཏབ་པའི་རྗེས་སྟོན་ཐོག་ཡག་པོ་
བསྡུ་ཐུབ་པ་བྱུང་སྟེ་སྤྲ་ཕྲུག་ཚང་མ་རང་གསོ་ཐུབ་པ་བྱུང་བ་རེད། དེ་ནས་སྤྲ་ཕྲུག་རྣམས་ཀྱི་མཇུག་
མ་དང་སྤུ་རྣམས་ག་ལེ་ག་ལེར་མེད་པ་ཆགས་པ་དང་ཁོང་ཚོས་རུས་ཁོག་དང་རྡོས་ལག་ཆ་བཟོ་
སྟངས་དང་དུག་ལོག་ཁང་པ་བརྒྱབ་སྟངས་བཅས་ཤེས་ཏེ་ག་ལེར་མིའི་བཟོ་དབྱིབས་སུ་འགྱུར་ཏེ་
བོད་ཀྱི་མེས་པོ་ཆགས་པ་རེད།
དྲེད་མོང་།
དྲེད་མོང་།
བྱང་ཨ་མི་རི་ཀའི་གླིང་ཆེན་དང་བོད་དུ་ཡོད་པའི་སྲོག་ཆགས་ཀྱི་རིགས་ཤིག བྱང་ཨ་མི་རི་ཀའི་དྲེད་མོང་ལ་གྷྲི་ཛེ་ལི་བྷིར་grizzly bearཟེར་བ་དང་ཟས་སུ་ཉ་དང་གླ་གླང་སོགས་སྤྱོད་ཅིང་གངས་འཁྱགས་ཉེ་འཁྲིས་ཀྱི་བྲག་དང་ནགས་གསེབ་གནས། བོད་དུ་ཡོད་པའི་དྲེད་མོང་ནི་གཡག་དང་བོང་བུ་སོགས་ཕྱུགས་ཀྱི་རིགས་ཟོས་ཤིང་མི་དྲེད་ཀྱིས་མི་ལའང་འཚེ་བ་བྱེད། གངས་རི་ཉེ་འཁྲིས་ཀྱི་བྲག་རི་དང་ཛ་རི་ནགས་ཁྲོད་དུ་འཚོ། ༼དབྱིན་སྐད་ཚིག་མཛོད་ཁ་ཤས་ནང་blue bearདོམ་སྔོན་པོ་ཡང་ཟེར་འདུག༽
བོད་ཀྱི་དམངས་གཏམ་ཁྲོད་དྲེད་མོང་གི་སྒྲུང་གཏམ་ཡང་མང་པོ་བཤད་སྲོལ་ཡོད།
ས་གླང་མགོ་༡༤།
ར་ས་ཕཽ་ཉའི་ཟིན་བྲིས་ལས་བཤུས།
Monday, December 21, 2009
སྐྱ་རེངས་འཆར་དུས་གཏན་ལ་ཕབ་པ།
ད་ལན་འདིར་དང་ཐོག་སྐྱ་རེངས་འཆར་དུས་བཤད་ནས་ཐོ་རེངས་སྐྱ་རེངས་མིན་པར་སྒྲུབ་པ་ལ། དང་པོ་སྐྱ་རེངས་འཆར་དུས་གཏན་ལ་ཕབ་ལ་གསུམ་ལས།
༡ ནམ་གྱི་ཆའི་སྒོ་ནས་སྐྱ་རེངས་འཆར་དུས་གཏན་ལ་ཕབ་པ་ནི། ནམ་ལ་སྲོས་དང་གུང་དང་ཐོ་རེངས་ཀྱི་ཆ་གསུམ་དུ་བགོས་པ་ལས་ཐོ་རེངས་ལའང་ཆ་གསུམ་དུ་ཕྱེ་བའི་ཆ་དང་པོའི་ཕྱེད་ཙམ་ན་སྐྱ་རེངས་འཆར་བར་དགེ་སློང་མའི་རྣམ་འབྱེད་ལས་གསུངས་ཤིང་། བྱེ་བྲག་བཤད་མཛོད་ལས་མཚན་མོའམ་ནམ་གི་ལྔ་ཆ་ལུས་པ་ན་སྐྱ་རེངས་ཤར་བར་གསུངས། དེ་ཡང་དགེ་སློང་མའི་རྣམ་འབྱེད་ལས་སུམ་ཆ་ཉེ་བ་ལུས་ན་འཆར་བར་གསུངས་པ་ནམ་ཐུང་ངུའི་དུས་དང་། བྱེ་བཤད་ལས་ལྔ་ཆ་ལུས་པ་ན་འཆར་བར་གསུངས་པ་ནམ་རིང་བའི་དུས་སུ་གསུངས་པ་ཡིན་པས་འགལ་བ་མེད་པར་ཀུན་མཁྱེན་མཚོ་སྣ་བས་གསུངས་སོ།།
༢ མཚན་མ་གསལ་བའི་སྒོ་ནས་སྐྱ་རེངས་འཆར་དུས་གཏན་ལ་ཕབ་པ་ནི། འོད་ལྡན་ལས་སྐར་མའི་བསྟན་བཅོས་ཁུངས་སུ་དྲངས་པ་མཚོ་ཊིཀ་ལས།
སྐྱ་རེངས་དང་པོ་ཤར་ན་ནི།།
ཤར་ཕྱོགས་སུ་ནི་སྔོར་སྣང་ཞིང་།།
སྐར་མའི་གདོང་གི་འོད་ཟེར་ཉམས།།
ནམ་མཁའ་སྔོ་སྐྱར་འགྱུར་བ་ཡིན།།
ཞེས་པར་ལྟར་ཡིན་ཞིང་། འགྲེལ་ཆུང་དུ་སྐྱ་རེངས་ཀྱི་དབྱེ་བ་ལ་སྔོ་རེངས་དང་དམར་རེངས་དང་སེར་རེངས་གསུམ་ཞེས་ཀྱང་གསུངས་ན། སྔ་དྲོ་ནམ་མཁའ་ལ་ཉི་མའི་མདངས་ཕོག་ནས་སྔོ་སྐྱར་འགྱུར་བ་ན་སྐྱ་རེངས་ཤར་བ་བཞེད་དོ།
༣ མཐར་ཆུ་ཚོད་དུ་བཅད་ནས་རིགས་པས་གཏན་ལ་ཕབ་པ་ནི། ནམ་རིང་བ་སྟེ་ནམ་ཧྲིལ་པོར་ཆུ་ཚོད་བཅུ་གཉིས་ཡོད་པའི་དབང་དུ་བཏང་ནས་བྱེ་བཤད་ལྟར་བྱ་ན། འདི་ལྟར་ཆུ་ཚོད་བདུན་པ་ནས་ཉི་མ་བཞུད་ན་སྔ་དྲོ་ཆུ་ཚོད་༤།༣༠ཐོག་ནམ་གྱི་ལྔ་ཆ་བཞི་ཟད་ནས་ལྔ་ཆ་ལུས་པ་ཡིན་པས་སྐྱ་རེངས་འཆར་བ་དང་།
ཡང་། ནམ་དུས་ཐུང་བ་སྟེ་ནམ་ཧྲིལ་པོར་ཆུ་ཚོད་བཅུ་དང་ཕྱེད་ཙམ་ཡོད་པའི་དབང་དུ་བཏང་ནས་མའི་རྣམ་འབྱེད་ལྟར་བྱེད་ན། ཆུ་ཚོད་༣ཡོལ་ཙམ་ལ་ནམ་གྱི་དགུ་ཆ་བདུན་ཟད་ལ་ཉེ་བའམ་སུམ་ཆ་ཉེ་བ་ལུས་པ་ཡིན་པས་དེའི་ཚེར་སྐྱ་རེངས་འཆར་བར་འདོད་པར་སོང་ངོ་།།
མདོར་ན་རིགས་པས་བརྟགས་པའི་འབྲས་བུར། ནམ་དུས་རིང་ཐུང་དང་ཉི་མ་ཆུ་ཚོད་གང་དུ་བཞུད་མིན་སོགས་ཀྱི་ཁྱད་པར་མེད་པར་ཉི་མ་མ་འཆར་གོང་གི་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུ་ཙམ་གྱི་ཚེ་སྐྱ་རེངས་འཆར་བར་འདོད་པ་དཔྱད་མཐར་སྒྲུབ་སྟེ། ནམ་རིང་ཐུང་གི་ཉི་མའི་འོད་ཟེར་རྒྱང་རིང་ཐུང་དུ་འགྱུར་བར་མི་རིགས་པས། ནམ་རིང་ཐུང་གཉིས་ཀར་སྐྱ་རེངས་ཤར་ནས་ནམ་མ་ལངས་བར་གྱི་དུས་ཡུན་མཉམ་པར་མཚོ་སྣ་བས་གསུངས་པ་བཞིན་ཡིན་པས་སོ། །དམིགས་བསལ་འཛམ་གླིང་གི་ལྷོ་བྱང་དུ་ཡོད་པའི་ལུང་པ་འགའ་ཤས་ཀྱིས་མ་ངེས་པ་ཡོད་པ་དེ་དག་ན་གོང་གི་ལུང་རིགས་དག་ལས་རིག་པ་ཤེས་པར་བྱ་དགོས་པའང་ཡོད་དོ།།
ཐོ་རེངས་སྐྱ་རེངས་སུ་འདོད་པ་འཁྲུལ་ཏེ། གོང་དུ་དྲངས་པའི་རྣམ་འབྱེད་ལས་ཐོ་རེངས་ཀྱི་ཆ་གསུམ་གྱི་དང་པོའི་ཕྱེད་ཙམ་ལ་སྐྱ་རེངས་འཆར་བར་གསུངས་པས་ལུང་གི་སྒྲུབ་བྱེད་དང་། བདག་ཅག་གི་སྟོན་པས་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་སྲོད་ལ་བདུད་བརྟུལ་གུང་ལ་མཉམ་པར་བཞག ཐོ་རེངས་སྦྱོར་དྲོད་ཡན་ཆད་ཀྱི་རྟོགས་པ་སྟན་ཐོག་གཅིག་ལ་སྐྱེས་པ་ཡིན་པས། ཐོ་རེངས་ཀྱི་ཚེ་སྐྱ་རེངས་ཤར་ཟིན་ན་དེའི་ཚེ་ཚེས་བཅུ་དྲུག་གམ་མར་ངོའི་ཚེས་ཤར་ཟིན་པ་ཡིན་པས། སྟོན་པ་སངས་རྒྱས་པའི་དུས་སྟོན་ཚེས་བཅུ་དྲུག་ཏུ་བྱ་དགོས་པར་ཐལ་བའི་རིགས་པའི་སྒྲུབ་བྱེད་ཡོད་པས་སོ། །དེས་ན་ཐོ་རེངས་ནི་སྐར་མའི་འོད་ཀྱིས་སྣང་བར་བྱེད་པ་དང་སྐྱ་རེངས་ནི་ཉི་མའི་མདངས་ཀྱིས་བྱེད་པ་ཡིན་སྙམོ།།
རྫོགས་སོ།།
Saturday, December 12, 2009
བོད་ཀྱི་དུས་ཆེན་ཕྱོགས་བསྒྲིགས།
དཔྱིད་རླུང་།
བོད་ཟླ་དང་པོའི་ཚེས་གཅིག
ཉིན་འདིར་དབུས་གཙང་དང་ཁམས་ཕྱོགས་ཀྱིས་བོད་ལུགས་ལོ་གསར་ལ་རོལ། གྲོ་སོ་ཕྱེ་མར་སོགས་མཆོད་པ་བཤམས། གླུ་ལེན་གར་རྩེ་བྱེད། མདོ་སྟོད་དང་མདོ་སྨད་གཉིས་རྒྱ་རྩིས་ཀྱི་ལུགས་དང་བསྟན་ནས་ལོ་གསར་ལ་རོལ། ཉིན་འདིར་རྒྱ་ལོ་ཚེས་གཅིག་ཟེར་ཞིང༌། ཟས་དཀར་གསུམ་མངར་གསུམ། ཤ་མར་ཐུད་གསུམ་སོགས་ཀྱིས་སྡེར་ཀ་བསྒྲིགས། མི་རྣམས་མགྲོན་དུ་འབོད། གླུ་ལེན་གར་རྩེ་བྱེད། ལྷ་རྩེད་ཀླུ་རྩེད་དང་མདའ་རྩལ་འགྲན་པ། འདི་ནས་ཚེས་བཅོ་ལྔའི་བར་ལོ་གསར་བྱེད། བག་མ་གཏོང་ལེན་ཡང་ཕལ་ཆེ་བས་འདིའི་རིང་ལ་བྱེད།
བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར།
དགེ་ལུགས་པའི་དགོན་པ་སོ་སོ་ན་སྨོན་ལམ་ཆེན་མོ་ཞེས་པའི་ཆོས་ཀྱི་མཛད་སྒོ་བསྡུ། དེ་ཡང་སྔོན་སྟོན་པ་ཤཱཀྱ་ཐུབ་པས་མུ་སྟེགས་སྟོན་པ་དྲུག་ཟླ་བ་འདིར་ཆོ་འཕྲུལ་བསྟན་ནས་བཏུལ་པས་རྗེས་སུ་རྗེས་འཇུག་རྣམས་ཀྱིས་ཟླ་འདི་ལ་ཆོ་འཕྲུལ་མཆོད་རྟེན་བཞེངས་པ་དང༌། རྗེ་རིན་པོ་ཆེས་སྦྱི་ལོ་༡༤༠༩ལ་སྨོན་ལམ་ཆེན་མོའི་སྲོལ་བཙུགས་པ་ནས་དར་བ་རེད། འདི་ལ་རྒྱ་ལོའི་སྨོན་ལམ་ཡང་ཟེར།
བོད་ཟླ་གསུམ་པའི་ཚེས་བཅོ་ལྔ།
དགེ་ལུགས་པའི་དགོན་པ་ཁག་ཅིག་གིས་གསུམ་པའི་སྒྲུབ་མཆོད་ཅེས་པའི་མཛད་སྒོ་བསྡུ། སྔོན་སྟོན་པས་ཆོས་རྒྱལ་ཟླ་བཟང་གིས་ཞུས་པ་ལྟར་《དུས་འཁོར་རྩ་རྒྱུད་》ཉིན་འདི་ལ་གསུངས་པས་དགོན་པ་སོ་སོའི་དུས་འཁོར་གྲྭ་ཚང་གིས་དུས་འཁོར་སྒྲུབ་མཆོད་བཙུགས་ཡོད། དཀྱིལ་འཁོར་བཞེངས་པ་དང་སྦྱིན་སྲེག་ལྡག་པའི་སྲོལ་ཡོད།
བོད་ཟླ་བཞི་པའི་ཚེས་བརྒྱད།
དམངས་ཁྲོད་དུ་བཞི་པའི་མ་ཎིའམ་བཞི་པའི་དམྱུང་གནས་ཞེས་པའི་མཛད་སྒོ་བསྡུ། འདི་ནི་ཚེས་བཅོ་ལྔ་ནས་བྱེད་པ་སོགས་མི་འདྲ། དགོན་པར་བཞི་པའི་ལྷ་མཇལ་ཞེས་པའི་ཆོ་ག་ཡོད། འདི་ནི་སྟོན་པ་སྐུ་འཁྲུངས་པའི་ཉིན་མོ་ཡིན་པས་དེ་ལ་རྗེས་དྲན་གྱི་ཕྱིར་དུ་དགོན་པ་སོ་སོ་ནས་དུས་རྒྱུན་སྒོ་མི་འབྱེད་པའི་ལྷ་ཁང་རྣམས་ཀྱང་ཉིན་འདིར་སྒོ་ཕྱེས་ཏེ་ལྷ་མཇལ་གཏོང་བའི་མཛད་སྒོ་བསྡུ། ཁམས་དར་མདོའི་གདན་ཐོག་གནས་སྐོར་བའི་ལོ་ཧྲིལ་པོའི་དུས་སྟོན་ཆེས་ཆེ་བ་དེ་ཡིན།
བོད་ཟླ་བཞི་པའི་ཚེས་བཅོ་ལྔ།
ཉིན་འདིར་བཟང་པོ་སུམ་འཛོམས་ཀྱི་ཉིན་མོ་ཟེར། དེ་ཡང་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང༌། སངས་རྒྱས་པ། ཡུལ་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་ག་བཞི་པའི་བཅོ་ལྔར་ཁེལ་བས་ཉིན་འདི་ལ་དགོན་པ་ནས་བཞི་པའི་སྨོན་ལམ་ཞེས་ཆོས་ལུགས་ཀྱི་ཆོ་ག་མཛད། ཡི་དམ་ཆོས་སྐྱོང་གི་འཆམ་རྒྱག གྲོང་པས་དམྱུང་གནས་སྲུང༌། བཞི་པའི་མ་ཎི་ཞེས་གྲོང་སྡེ་སོ་སོས་མ་ཎི་དུང་མང་བསྒྲུབས་ཏེ་ཡ་རབས་ཀྱི་མཛད་སྒོ་བསྡུ། གྲོང་པས་ཆོས་བསྐོར་ཀྱང་བྱེད།
བོད་ཟླ་ལྔ་པའི་ཚེས་ལྔ།
ཉིན་འདི་ལ་ཨ་མདོའི་ས་ཆ་ཁ་ཤས་སུ་བ་མ་བ་བཞི་ཞེས་པའི་དུས་ཆེན་རོལ། སྔོ་ཚལ་གྱི་ཚོད་མ་བཟའ། འཁྲུས་ལ་འཇུག སྒོ་ཁར་སྡོང་བོའི་ཡལ་གས་གཡོགས།
བོད་ཟླ་ལྔ་པའི་ཚེས་བཅོ་ལྔ།
ཉིན་འདིར་འཛམ་གླིང་སྤྱི་བསང་ཞེས་མཆོད་པ་ཆེན་པོ་བཞིའི་ཡ་གྱལ་དེ་ཐོན་པ་ཡིན། ཉིན་དེར་དབུས་གཙང་དུ་སྐུ་དྲག་དང་ཚོང་པ་ཆེ་ཁག་རྣམས་ཀྱིས་ཟླ་གཅིག་རིང་ལ་དུས་སྟོན་རྒྱ་ཆེར་ཤོམ་སྲོལ་ཡོད།
བོད་ཟླ་དྲུག་པའི་ཚེས་བཞི།
ཉིན་འདི་ནི་སྔོན་སྟོན་པར་ཚངས་པས་གསེར་གྱི་འཁོར་ལོ་དང༌། བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པས་ཡུལ་ཝ་ར་ཎ་སིར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བས། དེ་ལ་རྗེས་དྲན་གྱི་ཕྱིར་དགོན་པ་སོ་སོ་ནས་འདོན་པ་རྒྱས་པ་གསུང་པ་དང༌། གོས་སྐུ་བཤམས་པ་སོགས་ཀྱི་ཆོ་ག་ཕྱག་ལེན་བྱེད།
བོད་ཟླ་དྲུག་པའི་ཚེས་བཅུ།
ཉིན་འདི་ནི་སློབ་དཔོན་པདྨ་བོད་ནས་སྲིན་ཡུལ་དུ་བྱོན་པའི་དུས་སུ་གྲགས་པས་རྙིང་མ་དང་བཀའ་བརྒྱུད་སོགས་ཀྱིས་ཚེས་བཅུའི་འདོན་འཚོགས་དང་འཆམ་སོགས་རྒྱས་པ་བྱེད། ཚེས་བཅུ་བདུན་ནས་ཉེར་ལྔའི་བར་དམངས་ཁྲོད་དུ་ལྷ་རྩེད་དང་ཀླུ་རྩེད་བྱེད། མདའ་རྩལ་འགྲན་པ། རྟ་རྒྱུགས་འགྲན་པ། གོས་བཟང་པོ་གྱོན་པ། ཤིང་སློང༌། བསང་གཏོང༌།
བོད་ཟླ་དྲུག་པའི་ཚེས་བཅོ་ལྔ།
ཉིན་འདིར་མདོ་སྨད་རྔ་བ་ཁུལ་དུ་རྫ་ཁྲོམ་དུས་ཆེན་རོལ། དུས་ཆེན་འདིའི་ཐོག་མའི་ལམ་སྲོལ་ནི་རྔ་བ་རྨེ་ཚང་གི་དཔོན་པོ་སྐལ་བཟང་གིས་ཕྱེས་ཤིང༌། རིམ་གྱིས་ཟླ་ལྔ་པའི་ཚེས་གཅིག་དེ་༡༩༨༥ལོ་ནས་བོད་ཟླ་དྲུག་པའི་ཚེས་བཅོ་ལྔར་བསྒྱུར། དུས་ཆེན་དེར་ཞིང་ཆེན་ཕྱི་ནང་ནས་ཐོན་པའི་རྫ་ཆས་མང་པོ་ཁྲོམ་རར་བཤམས་པས་མིང་དེ་ལྟར་ཐོགས་ཤིང༌། ཚོང་འདུས་རྒྱ་ཆེ་ཞིང༌། མི་རྣམས་མ་བསྡུས་གཅིག་ཏུ་འདུས་ནས་དུས་སྟོན་རོལ། ཉིན་འདི་ཙམ་ནས་མདོ་སྨད་བླ་བྲང་སོགས་ཡུལ་ཁ་ཅིག་ཏུ་ཤིང་སློང་གི་དུས་སྟོན་ཟླ་གཅིག་ཙམ་ལ་རོལ།
བོད་ཟླ་དྲུག་པའི་ཚེས་བཅུ་བདུན།
ཉིན་འདི་ཙམ་ནས་མགོ་བརྩམས་ཏེ་མདོ་སྨད་ཀྱི་རེབ་གོང་དང་ཁྲི་ཀའི་ཡུལ་དུ་དྲུག་པའི་གླུ་རོལ་ཞེས་པའི་དུས་སྟོན་རྒྱ་ཆེན་པོ་ཤོམ་སྲོལ་ཡོད། མི་ཐམས་ཅད་ཀྱིས་རྒྱན་གོས་རིན་ཐང་བྲལ་བ་གྱོན་ཞིང་ཟས་རིགས་གྱ་ནོམ་པ་ལ་རོལ་བར་མ་ཟད། ལྷ་གསོལ་བསང་གཏོང༌། བདུན་ཕྲག་གཅིག་ལྷག་གི་རིང་བར་མ་ཆད་པར་རྩེད་མོ་རིགས་སྣ་ཚོགས་སྔར་སྲོལ་མ་ཉམས་པར་རྩེད་སྲོལ་ཡོད།
བོད་ཟླ་དྲུག་པའི་ཚེས་བཅོ་བརྒྱད།
ཉིན་འདིར་རྒྱལ་རོང་ས་ཁུལ་དུ་དབྱར་ཁར་ཇ་སྐོལ་ཞེས་པའི་དུས་ཐོན། ས་དེར་མཛེས་པའི་སྤང་ལྗོངས་སུ་རས་གུར་སྣ་ཚོགས་ཕུབ་སྟེ་ཟས་གོས་ལ་རོལ་ཞིང་སྦེ་ག་སོགས་འགྲན་པར་བྱེད།
བོད་ཟླ་བདུན་པའི་ཚེས་གཅིག
ཉིན་འདིར་ལྷ་སར་ཞོ་སྟོན་བྱེད། འབྲས་སྤུངས་སུ་ལྷ་མོ་བ་རྣམས་ཀྱིས་ལྷ་མོ་འཁྲབ་ནས་གཟིགས་མོ་འབུལ། སེ་རར་འཆམ་རྒྱག དེ་བཞིན་ཚེས་གཅིག་ནས་བཞི་བར་ནོར་བུ་གླིང་གར་ལྷ་མོའི་གཞུང་རྣམ་ཐར་མང་པོ་འཁྲབ། ཚེས་ལྔ་ནས་བདུན་བར་སྐུ་དྲག་ཆེ་ཁག་གི་སྐུ་སྒར་དུ་ལྷ་མོ་འཁྲབ། ཟླ་བ་བདུན་པར་ཞོ་ལེགས་པའི་དུས་ཡིན་པ་དང་ཞོ་འགྱེད་བྱེད་པས་ཞོ་སྟོན་ཟེར།
བོད་ཟླ་བརྒྱད་པ།
ཟླ་འདིས་ནང་དབུས་གཙང་དུ་འོང་སྐོར་རམ་ཆོས་སྐོར་རན་པ་ཡིན། དེ་ནི་ལོ་ལེགས་ལེན་ཁའི་སྐྱིད་ཅེས་ཡུལ་དེའི་འབྲོག་ཁུལ་དུའང་དུས་སྟོན་དེ་རོལ་སྲོལ་ཡོད།
བོད་ཟླ་དགུ་པའི་ཚེས་ཉེར་གཉིས།
ཉིན་འདིར་སྟོན་པ་སུམ་ཅུ་རྩ་གསུམ་པའི་གནས་སུ་བྱོན་ཏེ་ཡུམ་ལ་ཆོས་གསུངས་པ་དང་ཕྱིར་འཛམ་བུ་གླིང་དུ་བབས་པར་གྲགས་པས་ལྷ་བབས་དུས་ཆེན་ཟེར། འདི་ལ་དགེ་ལུགས་པའི་དགོན་པ་ན་དགུ་པའི་སྨོན་ལམ་ཞེས་པའི་མཛད་སྒོ་བསྡུ་བ་དང༌། རྟེན་མཇལ་བྱེད།
བོད་ཟླ་བཅུ་པའི་ཚེས་བཅོ་ལྔ།
ཉིན་འདིར་དབུས་གཙང་དུ་དཔལ་ལྷའི་རི་ཁྲོད་ཅེས་ལྷ་ལྡན་གཙུག་ལག་ཁང་གི་དཔལ་ལྷ་དང་གྲིབ་རྫོང་བཙན་གཉིས་ཞལ་འཛོམས་པ་ཡིན་ཟེར་བའི་དུས་སྟོན་ཐོན། ཉིན་དེ་བུད་མེད་ཚོས་རང་ཉིད་ཀྱི་དུས་སྟོན་ལྟ་བུར་བརྩི་སྲོལ་ཡོད།
བོད་ཟླ་བཅུ་པའི་ཚེས་ཉེར་ལྔ།
ཉིན་འདིར་དགེ་ལུགས་པའི་དགོན་པ་ན་བཅུ་པའི་ལྔ་མཆོད་ཆེན་མོ་ཞེས་པའི་ཆོས་ལུགས་ཀྱི་ཆོ་ག་མཛད་ཚུལ་ཡོད། དེ་ནི་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་སྐུ་གཤེགས་པའི་ཉིན་ཡིན་པས་རྗེས་འཇུག་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་གཉིས་ཀྱིས་དགའ་ལྡན་གདུང་མཆོད་ཆེན་མོ་ཞེས་ཀུན་ཏུ་གྲགས་པ་མཛད་པ་དང༌། མཆོད་པ་མཆོད་མེས་གླིང་བཀང་བས་གླིང་མེ་ཞེས་པ་བྱུང་ངོ།།
བོད་ཟླ་བཅུ་གཅིག་པའི་ཚེས་གཅིག
ཉིན་འདིར་བོད་ལྗོངས་སྤོ་བོའི་ཡུལ་དུ་བྱིས་པའི་ལོ་གསར་གཏོང་མགོ་བརྩམས་པ་ཡིན། ཉིན་གཉིས་ཀྱི་རིང་ལོ་བཅུ་བཞིའི་མན་གྱི་ལོ་ཆུང་རྣམས་ལ་གང་དགའི་ཟས་གོས་དང་རྩེད་མོར་རོལ་དུ་འཇུག་སྲོལ་མཆིས།
