རྩོམ་པ་བོ། སྒོ་ཡོན་ཏན་བཟང་བོ།
ཉི་འོད་མེད་ཅིང་ཟླ་བ་མི་གསལ་བའི།།
སྨག་རུམ་མཐུག་པའི་ཕ་གིའི་རི་སྒང་དེར།།
འཁར་བ་མེད་པའི་ན་གཞོན་ཁེར་རྐྱང་ཞིག
འཚོལ་སྙེག་ཁྲོད་ནས་མདུན་དུ་འགྲོ་བཞིན་ཡོད།།
ཁྱོད་ནི་ཡུལ་འདིའི་དྲང་སྲོང་མ་ཡིན་ལ།།
ཁྱོད་ནི་ས་འདིའི་དར་ཆ་མ་བྱས་མོད།།
རང་གི་མིག་ལ་རང་ཉིད་ཡིད་རྟོན་པའི།།
མི་བུ་ཁྱོད་ལ“ལྟ་ལོག་པ”ཞེས་འབོད།།
ལྟ་ལོག་པ་ལ་རྒྱུ་དང་དབང་ཤུགས་མེད།།
ལྟ་ལོག་པ་ལ་གཟུགས་དང་གཡོ་བསླུ་མེད།།
ལྟ་ལོག་པ་ཡི་བདེན་པའི་ལྕེ་རྩེ་ཡིས།།
འཇིག་རྟེན་བྱ་བ་དྲང་པོས་སྨྲ་བར་འདོད།།
གནས་ལུགས་རྡོག་པས་བརྫི་བའི་རི་གྲོང་ན།།
རྩིས་ཐང་མཆིལ་མས་འདེད་པའི་མི་ཚོགས་ཁྲོད།།
སྤོབས་པའི་མགོ་བོ་ས་ལ་མི་གཞག་པར།།
ལྟ་ལོག་པ་ཡིས་འོས་ལངས་རྩོམ་བཞིན་འདུག།
མཚན་ཉིད་རིག་པའི་དམག་འཁྲུགས་སློང་བ་དང༌།།
བསམ་བློ་གསར་བའི་རྣོ་ངར་བརྡར་བ་སོགས།།
སྣ་ཚོགས་འཁོར་བའི་གྲུ་ཁ་ཐམས་ཅད་ལ།།
ལྟ་ལོག་པ་ཡིས་མིག་མྱུལ་བྱེད་ཀྱིན་མཆིས།།
དགྲ་དང་གཉེན་གྱི་ཁྱད་པར་མ་ཡོད་ལ།།
ཕོ་དང་མོ་ཡི་དབྱེ་བ་མི་བཀར་བར།།
མི་དོན་བོར་ལ་ཞེན་ལོག་བལྟ་བ་དེ།།
ལྟ་ལོག་པ་ཡི་ཆོད་སེམས་ཐོག་མ་ཡིན།།
ཐོབ་ཀྱིས་སྟོང་བའི་རྒན་གཞོན་སུ་ཡང་རུང༌།།
ནོར་གྱིས་དབུལ་བའི་མཁས་བླུན་ཅི་ཡང་ཆོག །
ལེགས་པར་བཤད་ལ་ཞྭ་ལྟར་གཅེས་པ་དེ།།
ལྟ་ལོག་པ་ཡིས་ཁྱད་ཆོས་ཉིད་དུ་བརྩི།།
རང་གི་སྒལ་ཚིགས་གཞན་ལ་མི་སྟེར་ཞིང༌།།
གཞན་གྱི་རྒྱུ་འབྲས་རང་གིས་མི་བསྣོག་པའི།།
མི་ཡི་བློ་སྟོབས་གནམ་ལ་ཕྱར་བ་དེ།།
ལྟ་ལོག་པ་ཡིས་ཨུ་ཚུགས་བྱེད་ས་ཡིན།།
སྤྲེལ་ལད་ཅན་གྱིས་བཀུར་བསྟི་བྱེད་དང་གཅིག།
འབྱོར་ལྡན་ཆེན་པོས་མགྲོན་འབོད་གཏོང་དང་གཉིས།།
གཡོ་ཅན་བླུན་པོས་ཟུར་ཟ་སྒྲུབ་དང་གསུམ།།
ལྟ་ལོག་པ་འདིས་སྣ་དགོད་འཆོར་ས་ཡིན།།
སེམས་པ་སྐྱོ་བས་སྙིང་རླུང་འཚང་བ་དང༌།།
འཚོ་བས་ཕོངས་ཏེ་ལུས་པོ་མནར་བའི་དུས།།
རང་གི་སྐད་སྒྲས“རང་དབང”འབོད་པ་འདི།།
ལྟ་ལོག་པ་ཡི་གོམ་གཤིས་ཡིན་པར་ངེས།།
གདོང་གི་ཚུལ་འཆོས་གདོད་ནས་འཇགས་པ་དང༌།།
ནང་གི་བརྩེ་བ་རྩད་ནས་སློང་བ་སྟེ།།
ཤ་དར་ཁྲག་དར་ཅན་གྱི་ལྟ་ལོག་འདི།།
ལྟ་བ་དབུ་མར་བརྙེས་པའི་གླེན་པ་ཡིན།།
ནང་བསྟན་ཐེག་པའི་སྲོག་ཤིང་མ་དོར་ཞིང༌།།
མར་ལེ་རང་ལུགས་བྲན་དུ་མ་བཀོལ་བའི།།
སྐྱ་མིན་སེར་མིན་ལྟ་ལོག་ཁྱོད་འདྲའི་རིགས།།
ཡང་དང་ཡང་དུ་སྲིད་འདིར་འབྱུང་གྱུར་ཅིག །
2009.6.16ཉིན་ཁམས་གསེར་ཐང་དུ་བྲིས།
No comments:
Post a Comment
བསམ་འཆར་གནང་ཚུལ། གལ་ཏེ་ཁྱེད་ལ་གྷོ་གྷོལ་ཁ་བྱང་ཡོད་ན་དེ་གས་འཐུས་ལ། ཅི་སྟེ་མེད་ནའང་གཤམ་གྱི་ལྒེ་ཁུང་ནས་Anonymousཞེས་པ་དེ་འདེམས་ནས་དགོངས་འཆར་གསུངས་ཐུབ།